ཆོས་ཉན་ནས་སེམས་ལ་བཟོ་བཅོས་རྒྱག་རྒྱུ་གལ་ཆེན་པོ་རེད།
ཡོང་ཁུངས། བོད་ཀྱི་བང་ཆེན།
༧གོང་ས་མཆོག་གིས་རྒྱ་གར་གྱི་རིག་གཞུང་རྙིང་པའི་གྲོང་ཁྱེར་གནས་མཆོག་ཝཱ་རཱ་ཎ་སིའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ། དད་ལྡན་ཆོས་ཞུ་བ་༥༠༠༠ ལྷག་ཙམ་ལ་ཉིན་བཞིའི་རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གསུང་ཆོས་གནང་བཞིན་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་༦ ཉིན་གནས་མཆོག་རྡོ་རྗེ་གདན་ནས་ཝཱ་རཱ་ཎ་སིར་ཆིབས་སྒྱུར་བསྐྱངས་པ་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཝར་ཎ་གཙུག་ལག་སློབ་གྲྭའི་ངེས་སྟོན་པ་དགེ་བཤེས་ངག་དབང་བསམ་གཏན། བྱང་རྩེ་ཆོས་རྗེ། མཁན་ཆེན་ཁྲ་འགུ་རིན་པོ་ཆེ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོཊ་ཆུང་གི་འགན་འཛིན་དགེ་བཤེས་ཕུར་བུ་བསམ་གྲུབ། དེ་བཞིན་ས་གནས་རྒྱ་གར་དཔོན་རིགས་དང་བོད་པ་དང་ཧི་མ་ཡ་ལའི་རི་རྒྱུད་ཀྱི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་མང་པོས་ཕེབས་བསུ་ཟབ་རྒྱས་དང་བཅས་ཏེ། ཕྱི་དྲོའི་ཆུ་ཚོད་༣།༣༠ཐོག་གཙུག་ལག་སློབ་གཉེར་ཁང་དུ་ཞབས་སོར་བདེ་འཁོད་ཡོད་པ་རེད།
གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་འདི་ལོའི་སྤྱོད་འཇུག་བཀའ་ཆོས་ཀྱི་སྐོར་ངོ་སྤྲོད་གནང་བ་ལྟར་ན། དེ་སྔོན་༧གོང་ས་མཆོག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་འཁྲིད་བསྩལ་རྒྱུར་ཐུགས་བརྩེ་བ་ཆེན་པོས་ཞལ་བཞེས་བཟང་པོ་ཐོབ་ཟིན་ཀྱང་། ཕྱིས་སུ་གང་ཟག་བློའི་རིམ་པ་སྣ་ཚོགས་པ་ཞིག་གསུང་གི་བདུད་རྩི་དོན་དུ་གཉེར་བར་འདུ་བའི་ཕྱིར། ཟབ་པ་དེ་ཁོ་ན་ཉིད་ཀྱི་གནས་ལུགས་དང་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་ཀྱི་ཐོས་བསམ་ཉམས་ལེན་ལ་ཕུལ་དུ་བྱུང་བར་བསྟན་པའི་གཞུང་མཆོག་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་བསྩལ་རྒྱུ་ཐུགས་གཏན་འཁེལ་བ་མ་ཟད། གསུང་ཆོས་འདིའི་གོ་སྒྲིག་དང་སྦྱིན་བདག་ཀྱང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཟུང་སྦྲེལ་ཐོག་གོ་སྒྲིག་གནང་བ་རེད་ཅེས་དང་། སྤྱོད་འཇུག་གི་གཞུང་སྐད་ཡིག་མི་འདྲ་བ་གསུམ་དུ་ཕབ་བསྒྱུར་ཞུ་སྒྲིག་དང་། བོད་ཡིག་དཔེ་དེབ་ངོ་གྲངས་༡༥༠༠༠ ཐམ་པ་འགྲེམས་སྤེལ་དང་། དབྱིན་ཧིན་གཉིས་སོ་སོར་དཔེ་དེབ་གྲངས་ཉིས་སྟོང་རེ་པར་སྐྲུན་ཞུས་ཡོད་འདུག
ཕྱི་ཚེས་༧ཉིན་སྔ་དྲོ་ཆུ་ཚོད་༩།༣༠ ནས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་བ་དང་། ཉིན་དང་པོའི་གསུང་ཆོས་དབུ་འཛུགས་སྐབས། ༧གོང་ས་མཆོག་གིས་དད་ལྡན་ཆོས་ཞུ་བ་ཚོར་བཀའ་སློབ་གནང་དོན། ང་ཚོས་འདིར་ཆོས་ཀྱི་དོན་དུ་འདུས་པར་བརྟེན། ཆོས་ཉན་ནས་སེམས་ལ་བཟོ་བཅོས་དང་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་པ་དང་། ཁོང་གིས་ཉེ་ཆར་ལྡི་ལིར་བཙན་གཡེམ་གྱི་གནས་ཚུལ་ཡ་ང་བ་བྱུང་བ་དེ་ལུང་པ་ལ་ཁྲིམས་མེད་པའི་ཐོག་ནས་བྱུང་བ་མ་ཡིན་པར། གཞན་ལ་བརྩི་བཀུར་མེད་པར་བརྟེན་ནས་བཙན་གཡེམ་གནས་ཚུལ་དེ་བྱུང་བ་ཞིག་ཡིན་སྐོར་དང་། དེར་བརྟེན་གཞན་ལ་ཆེ་མཐོང་དང་བརྩི་བཀུར་ཞུ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུང་སོང་།དེ་བཞིན་སྔོན་འགྲོའི་གསུང་ཆོས་སྐབས་ཡ་རབས་བཟང་སྤྱོད་དང་སྤྱི་ཚོགས་འཆམ་མཐུན་སྐོར་སོགས་ཀྱི་བླང་དོར་བཀའ་སློབ་ལས་འཕྲོས་ཏེ་བཀའ་འཁྲིད་དངོས་དབུ་བཙུགས་གནང་སོང་།
ཐེངས་འདིའི་༧གོང་ས་མཆོག་གི་གསུང་ཆོས་སྐབས་ཧི་མ་ལ་ཡ་ ༦༣༧ དང་གྲྭ་བཙུན་༡༤༠༠ མི་མང་༡༣༠༠ ཕྱི་རྒྱལ་བ་༦༥༠ གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་གཙོས་པའི་དགེ་ལས་ནང་མི་༩༠༠ དང་། བོད་ནས་གསར་དུ་ཕེབས་པའི་ཆོས་ཞུ་བ་༡༧༠ བཅས་ཆོས་ཞུ་བ་ཁྱོན་༥༠༠༠ ལྷག་ཙམ་ཕེབས་ཡོད་སྐོར་འདུག་ལ། དབྱིན་ཧིན་སོགས་སྐད་རིགས་༥ ནང་སྐད་བསྒྱུར་བྱེད་ཀྱི་ཡོད་པ་རེད།
ཐེངས་འདིའི་གསུང་ཆོས་སྐབས་ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་ནང་ཡོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ནས་སྤྱི་ཚོགས་ཞབས་ཞུའི་འགན་འཁུར་གནང་བཞིན་པ་དང་། ཝཱ་ཎ་བོད་ཀྱི་གཞོན་ནུའི་ནང་ཆོས་མཐུན་ཚོགས་ནས་གསལ་བསྒྲགས་ཁང་ཆེད་བཙུགས་ཀྱིས་ཉིན་ལྟར་གསལ་བསྒྲགས་གནང་བཞིན་འདུག བོད་ཁྱིམ་སློབ་ཟུར་སྐྱིད་སྡུག་ཚོགས་ཆུང་དང་དྭང་བླངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་གཉིས་ནས་ནད་པ་ཛ་དྲག་མྱུར་སྐྱོབ་དང་ཕུང་པོ་དུར་ཁྲོད་ལ་སྐྱེལ་བ། ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་སྐོར་མི་མང་ལ་གོ་རྟོགས་ལས་འགུལ་སྤེལ་བཞིན་པ་དང་། ཕྱི་ལོག་ནས་ཕེབས་པའི་བོད་གཞུང་སྨན་རྩིས་ཁང་གིས་སྨན་བཅོས་སོགས་ཀྱི་སྤྱི་ཚོགས་ཞབས་ཞུ་གནང་བཞིན་འདུག
དེ་བཞིན་གསུང་ཆོས་སྐབས་༧གོང་ས་མཆོག་གི་དམིགས་བསལ་མཛད་རིམ་ནི་ཕྱི་ཚེས་༡༢ ཉིན་གྱི་སྔ་དྲོ་གཙུག་ལག་སློབ་གཉེར་ཁང་གི་གོ་སྒྲིག་ཞུས་པ་བཞིན་ཡེ་ཤུའི་རྗེས་འབྲངས་པ་དང་ནང་པའི་མཁས་དབང་དབར་གྱི་བགྲོ་གླེང་ཚོགས་འདུར་ཆིབས་སྒྱུར་བསྐྱང་འཆར་དང་། ཉིན་རྒྱབ་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་ཆུང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། བར་ལམ་སཱ་རཱ་ནཱ་ཐར་ཆགས་པའི་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་གྱི་དོ་བདག་དངོས་སུ་ཡིན་མིན་གྱི་ཐད་ལ་དཀའ་རྙོག་ཡོད་པ་དེ། ལྷ་ལྡན་ཆོལ་འཕྲུལ་སྨོན་ལམ་གོ་སྒྲིག་ཚོགས་ཆུང་ལ་བདག་པ་རྒྱ་གར་གཞུང་གི་ཁྲིམས་ཐོག་ནས་གཙང་སེལ་ཆགས་པར་བརྟེན། དེ་ཡིས་རྟེན་འབྲེལ་མཛད་སྒོར་ཆིབས་སྒྱུར་བསྐྱངས་རྒྱུ་ཡིན་འདུག ཕྱི་ཚེས་༡༣ ཉིན་གྱི་སྔ་དྲོ་གཙུག་ལག་སློབ་གཉེར་ཁང་གི་ནང་པ་དང་སྤྱི་ཚོགས་ཞེས་པའི་རྒྱལ་སྤྱིའི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་ཆིབས་བསྒྱུར་གྱིས་བཀའ་སློབ་གནང་རྒྱུ་དང་ཉིན་རྒྱབ་གཙུག་ལག་སློབ་ཁང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆིབས་བསྒྱུར་གནང་རྒྱུ་ཡིན་པ་རེད།།
ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།