སྡེ་རོང་ཚེ་རིང་དོན་གྲུབ་ལགས་ལ་མི་ཉག་སྐོར་གྱི་བཅར་འདྲི།
བོད་རིག་པ་བ་སྡེ་རོང་ཚེ་རིང་དོན་གྲུབ་ལགས་ལ་མི་ཉག་སྐོར་གྱི་བཅར་འདྲི་ཞུས་པ།
ཨོ་རྒྱན་དོན་གྲུབ་ཀྱིས་བསྒྱུར།
གསར་འགོད་པ་གཡང་སྐྱིད། ཐང་ཡིག་གསར་མར་党项ཞེས་པ་དང་མི་ཉག་གཉིས་ཀྱི་བར་ལ་དོན་དངོས་སུ་ཅི་ཞིག་གི་འབྲེལ་བ་ཡོད་པ་ཡིན།
སྡེང་རོང་ཚེ་རིང་དོན་གྲུབ།
རྒྱ་ཡི་ཐང་གསར་མར་བྱུང་བའི་党项ཞེས་པ་དེ་ནི་སྒྲ་བསྒྱུར་ཞིག་རེད་འདུག བོད་ཀྱི་སེ་རྨུ་ལྡོང་སྟོང་ཞེས་རུས་ཆེན་བཞི་ལས་ལྡོང་གི་རུས་དེ་ཡིན་ལ།党项ལ་ལྡོང་རུས་ཞེས་པའི་སྒྲ་དེ་འགྱུར་ནས་བྱུང་བ་ཞིག་ཡིན།བོད་ཀྱི་ལྡོང་གི་རུས་ཆེན་ལས་ལྡོང་ཤུལ་ཆེན་བཅོ་བརྒྱད་ཅེས་གྲགས་པའི་ནང་ཚན་རུས་ཤིག་ཡིན། རྒྱ་ཡིག་གི汉书,后汉书,水书,唐书ཚང་མའི་ནང་དུ་党项ཞེས་པ་འདི་བྲིས་ཡོད་ནི་རེད།ལྡོང་རུས་ཞེས་པ་དེའི་སྒྲ་འགྱུར་ཏེ་བྱུང་བ་ཞིག་རེད།ཐང་ཡིག་རྙིང་མ་ལས་རྗེས་སོར་འགྲེལ་བཤད་ཅིག་བྲིས་ཡོད་དེ་党项ཞེས་པ་ནི་སྤེའུ་༼མི་ཉག་༽ཟེར་ལ།དོན་དངོས་ཐོག་འདི་སྒྲ་བསྒྱུར་བ་ཞིག་ཡིན་ལ།ཐ་སྙད་འདི་རིམ་བཞིན་རྒྱུན་ཆགས་སུ་བྱུང་ནས་ཐང་རྒྱལ་རབས་ཀྱི་宋书བར་དུ་བྲིས་རྒྱུན་བྱུང་སྟེ་གནའ་བོའི་མི་ཉག་ལ་党项ཞེས་འབོད།
གསར་འགོད་པ། 党项པ་དང་མི་ཉག་ཅེས་པ་གཉིས་དོན་གཅིག་ཡིན་ནམ།
སྡེ་རོང་ཚེ་རིང་དོན་གྲུབ། 党项དང་མི་ཉག་ཅེས་པ་གཉིས་དོན་གཅིག་རེད། རྒྱ་ཡིག་གི་ལོ་རྒྱུས་ལས་党项ཞེས་པར་འགྲེལ་བཤད་ཅིག་བསྐྱོན་ཡོད་པ་འདི་ལྟ་སྟེ།党项མི་རིགས་ནི་鲜赔托帕思ཞེས་བྲིས་ཡོད་རེད། 鲜赔ཞེས་པ་ནི་སྒྲ་བསྒྱུར་བ་ཞིག་ཡིན་ཏེ།དོན་ནི་ཤར་པ་ཞེས་པའི་དོན་རེད།托帕思ཞེས་པ་ནི་མཐོ་བ་ཞེས་པའི་སྒྲ་དེ་འགྱུར་བ་རེད། ཤར་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་མི་སྣ་ཞེས་པའི་དོན་ཡིན་ལ་སྒྲ་བསྒྱུར་དེ་ཙམ་དག་མོ་ཞིག་བྱུང་མེད་ནའང་།དོན་ནི་མཚོན་ཐུབ་པ་ཞིག་འདུག ཤར་ཕྱོགས་ཀྱི་བོད་ཀྱི་རུས་ཆེན་ཚོ་བ་ཞིག་གི་རུས་རྒྱུད་ཡིན་པ་མཐོང་ཐུབ།༼དེང་སྐབས་ཀྱི་ཉའོ་ནིང་ཞིང་ཆེན་དང་།ནང་སོག་གི་འབྲེལ་མཚམས་སུ་ཆགས་ཡོད་ནི་རེད།༽
གསར་འགོད་པ། མི་ཉག་དང་西夏བར་དེང་སྐབས་ཀྱི་ཆེད་མཁས་ཚོས་བཤད་པ་ལྟར་ན་མི་ཉག་ནི་西夏མི་ཡི་རྗེས་རབས་པ་ཡིན་ཟེར་བ་དེ་ལ་རྒྱུ་མཚན་ཆེར་ཨེ་འདུག
སྡེ་རོང་ཚེ་རིང་དོན་གྲུབ། 西夏དང་党项གཉིས་ཀ་དོན་དངོས་ཐོག་རྒྱ་ཡིག་གི་ལོ་རྒྱུས་ནང་རྒྱལ་ཕྲན་གཅིག་ལ་རྒྱལ་རབས་མི་འདྲ་བ་གཉིས་ཀྱིས་མིང་མི་འདྲ་བ་གཉིས་བཏགས་བཞག་པ་ཞིག་རེད།ཐོག་མའི་རྒྱ་ཡིག་གི་ལོ་རྒྱུས་ཚང་མའི་ནང་དུ་西夏ཞེས་བྲིས་ཡོད་མ་རེད།党项ཞེས་བྲིས་ཡོད་ནི་རེད།西夏ཞེས་པ་འདི་བོད་ཆེན་པོ་སིལ་བུ་འཐོར་རྗེས་མི་ཉག་བས་རང་སྡེ་ནས་སླར་ཡང་རྒྱལ་རབས་བཙུགས་པ་དེའི་མིང་ལ西夏国མི་ཉག་རྒྱལ་ཁབ་ཞེས་བཏགས་པ་རེད།དུས་སྐབས་དེར་ཐང་རྒྱལ་རབས་མཇུག་རྫོགས་ཤིང་སུང་རྒྱལ་རབས་དབུ་བརྙེས་པའི་དུས་ཡིན་ནི་རེད།
གསར་འགོད་པ། 西夏དང་党项ལྡོང་རུས་གཉིས་ཀ་རྩ་བ་ཡན་ལག་དང་བཅས་པ་གཅིག་པ་རེད་འདུག་པ་ཡིན་ནམ།
སྡེ་རོང་ཚེ་རིང་དོན་གྲུབ གཅིག་པ་རེད།西夏དང་党项ཞེས་པ་གཉིས་ཀ་དོན་གཅིག་རེད།རྩ་བ་གཅིག་ལ་ཡལ་ག་གཅིག་པ་རེད།གོང་དུ་བཤད་པ་བཞིན་རྒྱ་ཡི་ལོ་རྒྱུས་ལ་མིང་གི་འབོད་ཚུལ་མི་གཅིག་པ་ཙམ་ལས་དོན་དངོས་ཐོག་མི་ཉག་རྒྱལ་ཁབ་ལ་ཟེར་ཀི་ཡོད་པ་རེད།
གསར་འགོད་པ། ཆེད་མཁས་པ་ལ་ལས་ཁམས་ཀྱི་མི་ཉག་ནི་西夏国མི་ཉག་རྒྱལ་ཁབ་མཇུག་གི་མི་རྒྱུད་ཅིག་ཡིན་ཚུལ་བཤད་འདུག་པས་དེ་ལ་དགེན་ཉིད་ཀྱིས་དགོངས་་ཚུལ་ཞིག་གསུངས་རོགས།
སྡེ་རོང་ཚེ་རིང་དོན་གྲུབ། ཁམས་ཀྱི་མི་ཉག་ནི་མི་ཉག་རྒྱལ་རབས་ཀྱི་རྗེས་ཀྱི་མི་རྒྱུད་ཅིག་ཡིན་ཚུལ་བཤད་པ་དེ་ནི་གཙོ་བོ་ཤར་ཕྱོགས་ཀྱི་མི་ཉག་ལ་ཞིབ་འཇུག་ཏུ་རློམ་པ་འགའ་རེ་དང་རྒྱལ་ནང་གི་རྒྱ་རིགས་ཆེད་མཁས་དུ་རློམ་པ་འགས་ཁམས་ལ་མི་ཉག་ཟེར་བ་ཡོད་ཚུལ་མ་ཤེས་ཏེ་མི་ཉག་གི་ཆེས་སྔ་བའི་རྒྱལ་ས་ནི་ནུབ་ཕྱོགས་སུ་ཡོད་པ་ལས་ཁམས་ཕྱོགས་སུ་མེད་པས་ཁམས་ཀྱི་མི་ཉག་ཟེར་བ་ཞིག་ཡོད་ན་དེ་སྤྱི་ལོ༡༢༢༧ལོའི་ཧོར་ཇིང་གིར་རྒྱལ་པོས་མི་ཉག་རྒྱལ་རབས་བརླགས་སྐབས་ཁམས་ཕྱོགས་སུ་བྲོས་ཡོང་བའི་མི་ཉག་རྒྱལ་ཁབ་ཀྱི་མི་རྒྱུད་ཚོ་བ་ཞིག་ཡིན་པར་འདོད་པ་དེ་རེད། འདོད་ཚུལ་དེ་ནི་བོད་ཀྱི་ལོ་རྒྱུས་དང་ལོ་རྒྱུས་རིག་པའི་ངོས་ནས་བལྟས་ན་ཡང་དག་པ་ཞིག་གཏན་ནས་མ་ཡིན་པ་རེད།མི་ཉག་ཅེས་པ་ནི་གཞི་རྒྱ་ཧ་ཅང་ཆེ་བའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཡིན་ལ།དེ་ལ་དབྱེ་ན་སྔོན་གྱི་མི་ཉག་དང་རྗེས་ཀྱི་མི་ཉག་གཉིས་འདུག སྔོན་གྱི་མི་ཉག་གི་རྒྱལ་ཁབ་དབུ་བརྙེས་པའི་དུས་ཚོད་ནི་སྤྱི་ལོ་སྔོན་གྱི་༤༩༤༧སྔ་ཕྱི་ཞིག་ལ་ཆགས་འདུག རྗེས་སོར་རྒྱ་ཡིག་གི་ཡིག་ཚང་དུ་བཀོད་པའི་西夏国མི་ཉག་རྒྱལ་ཁབ་ཟེར་བ་ཞེས་པ་དེ་ནི་དུས་ཕྱིས་ཤིག་རེད།རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང་ནང་དུ་སྤྱི་ལོ༡༡༠༠ལོའི་སྔ་ཕྱི་ཞེས་བྲིས་ཡོད་རུང་།མི་ཉག་རང་གི་ལོ་རྒྱུས་ཡིག་ཚང་ནང་ན་སྤྱི་ལོ༨༨༥ལོར་གཡས་གཡོན་ཞིག་མི་ཉག་རྒྱལ་ཁབ་དབུ་བརྙེས་པ་རེད་།སྔོན་གྱི་མི་ཉག་ནི་གནའ་བོ་གནའ་བོའི་རྒྱལ་ཁབ་ཅིག་རེད།རྗེས་སོར་སྤུར་རྒྱལ་བཙན་པོས་བོད་ཆེན་པོ་གཅིག་གྱུར་བྱས་ཚེ་བོད་ཆེན་པོའི་མངའ་ཞབས་ཀྱི་རྒྱལ་ཕྲན་ཞིག་ཏུ་གྱུར།དེ་རྗེས་བོད་ཆེན་པོ་སིལ་བུ་འཐོར་བས་མི་ཉག་བས་སླར་ཡང་ནུབ་ཕྱོགས་སུ་རྒྱལ་ཁབ་བཙུགས་ཏེ་དེའི་མིང་ལ་西夏国མི་ཉག་རྒྱལ་ཁབ་ཅེས་བརྗོད།ཁམས་མི་ཉག་ནི་གནའ་བོའི་མི་ཉག་གི་མངའ་ཁོངས་སུ་གཏོགས་པའི་མངའ་སྡེ་ཞིག་ཡིན་ལ།དེའི་ས་ཁྱོན་ནི་ད་ལྟའི་དབང་དུ་བྱས་ན་དར་མདོ་རྫོང་དང་།ཉག་ཆུ་རྪོང་།མགར་ཐར།དཀར་མཛེས་རྫོང་།བྲག་འགོ་རྫོང་།བརྒྱད་ཟིལ་རྫོང་།རྒྱལ་རོང་རྒྱལ་མོ་རྔུལ་ཆུ་ཕྱོགས་ཀྱི་ཧྲི་མན་དང་།ཧན་ཡ།མུ་ལི་སོགས་ཀྱི་ས་ཁྱོན་ཁམས་མི་ཉག་རྒྱལ་ཕྲན་གྱི་མངའ་ཞབས་སུ་གཏོགས་ཤིང་ད་ལྟའི་མི་ཉག་སེའུ་རོང་ཞེས་དར་མདོ་རྫོང་ཀླུ་པ་ཤང་གི་ཁོངས་སུ་ཡོད་པའི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་མི་ཉག་སེའུ་རྒྱལ་པོའི་རྒྱལ་ས་དང་ཕོ་བྲང་གི་ཤུལ་སོགས་དངོས་སུ་མཇལ་དུ་ཡོད་པས།ཁམས་མི་ཉག་གི་མི་རྣམས་ཀྱིས་ཁོ་ཚོའི་མེས་པོ་ནི་ཤར་ལྷོའི་ས་ཆ་གཞན་ཞིག་ནས་འདིར་གནས་སྤོར་བར་སྙམ་པའི་དོགས་བློ་ཞིག་ཤར་མྱོང་མེད་ལ་ཤར་དགོས་ཀྱང་མི་འདུག་གོ།ཁོ་ཚོའི་མེས་པོ་ནི་ལོ་ངོ་སྟོང་ཕྲག་མང་པོའི་གོང་རོལ་ནས་ས་འདི་ནས་ལག་ཆགས་ཤིང་ས་འདི་ན་འཚོ་བ་རོལ་མཁན་ཡིན་པའི་ངེས་ཤེས་རྙེད་ཡོད། ཇིང་གིར་རྒྱལ་པོས་西夏国མི་ཉག་རྒྱལ་རབས་བརླགས་སྐབས་མི་ཉག་རྒྱལ་ཁབ་ཀྱི་སྡེ་བའམ་ཚོ་ཁག་ཅིག་ཁམས་ཀྱི་མི་ཉག་ཏུ་བྲོས་ཡོང་སྟེ་སྐྱབས་བཅོལ་གྱིས་གནས་ཆགས་པ་ཡིན་ན་ནི་སྲིད་ཀྱི།སྐབས་དེའི་མི་ཉག་རྒྱལ་ཁབ་ཀྱི་ཚོ་ཁག་མང་པོ་ས་སྟོད་སྨད་དུ་བྲོས་ཏེ་འབྲས་ལྗོངས་དང་བལ་ཡུལ།ལྷ་ས་དང་འཇོ་མདའ་སོགས་ནས་གཞིས་ཏེ་ཡོད་པ་ནི་ད་ལྟའི་མི་ཉག་གི་ལོ་རྒྱུས་སུ་གསལ་ལོ།།
གསར་འགོད་པ།ཁམས་མི་ཉག་གི་མཁར་རྫོང་སོགས་འཛུགས་སྐྲུན་ལག་ཤེས་དེ་བོད་ཀྱི་ལོ་རྒྱུས་ཐོག་གི་གོ་གནས་ག་འདྲ་ཞིག་ཟིན་ཡོད་རེད།
སྡེ་རོང་ཚེ་རིང་དོན་གྲུབ། མི་ཉག་གི་མཁར་རྫོང་ནི་བོད་ཀྱི་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ལག་རྩལ་མཐོ་ཤོས་ཤིག་ཡིན་ལ།དེ་འཛམ་གླིང་སྟེང་གི་ཁྱད་ཆོས་འབུར་ཐོན་གྱི་འཛུགས་སྐྲུན་ཞིག་ཡིན།རྒྱ་ཡི་ལོ་རྒྱུས་ཡིག་ཚང་ན་ཡང་བོད་ཀྱི་མཁར་རྫོང་གི་ལོ་རྒྱུས་ཡོད་ལ།宋书ནང་དུ་བོད་ལ་སྤྱི་ལོ་སྔོན་ཞིག་ནས་མཁར་རྫོང་ཡོད་རབས་བཤད་འདུག དམའ་བར་རྩེག་རིམ་པ་བདུན་བརྒྱད་དང་།མཐོ་བར་རྩེག་རིམ་བཅུ་ཁ་ཡོད་རབས་བཤད་འདུག མཁར་རྫོང་གིས་ནི་གཞིས་ཆགས་དང་དམག་འཁྲུག་གཉིས་ཀྱི་ཕྱོགས་སུ་གོ་ཆོད་ཅན་ཞིག་ཏུ་འདུག་ལ།དམག་འཁྲུག་མེད་དུས་དེ་རུ་གཞིས་སྡོད་བྱས་ཆོག་ལ། དམག་འཁྲུག་བྱུང་དུས།གྲོང་སྡེ་སོ་སོ་མཁར་རྫོང་དུ་འཛུལ་ཆོག་པས།སྐབས་དེའི་དམག་འཁྲུག་གི་ལག་ཆ་རྗེས་ལུས་ཡིན་པས་མཁར་རྫོང་གི་སྐར་ཁུང་གི་ནང་གི་དབྱིབས་ཆེ་ཞིང་ཕྱི་ཡི་དབྱིབས་རྒྱ་ཆུང་ཆུང་ཡིན་པས་དེ་ནི་ཕྱི་དགྲ་འགོད་པར་ཧ་ཅང་སྟབས་བདེ་ཡིན། མཁར་རྫོང་གི་ལག་ཤེས་ནི་བོད་ཀྱི་འཛུགས་ལོ་རྒྱུས་ཐོག་གི་ལག་རྩལ་སྔོན་ཐོན་ཞིག་ཡིན་ལ།དེ་འཛུགས་སྐྲུན་གྱི་ས་ཕྱོགས་ནི་ཕལ་ཆེར་རྒྱལ་མོ་རྔུལ་ཆུ་དང་།འབྲི་ཆུ།དབུས་གཙང་གི་ཡར་ཀླུང་གཙང་པོའི་ལྷོ་ཕྱོགས་སོགས་སུ་འཛུག་སྐྲུན་བྱས་པ་ཡིན།ལོ་ཉིས་བརྒྱ་སུམ་བརྒྱ་ཙམ་གྱི་སྔོན་ན་དེང་སྐབས་ཀྱི་ཧྲི་མན་དང་།ཧ་ཡང་།མུ་ལི་སོགས་སུ་མཁར་རྫོང་འདི་རིགས་ཧ་ཅང་མང་ནི་རེད།དེ་དག་ནི་ས་རྒོད་སློག་པའི་སྐབས་སུ་ཚང་མ་བཤིགས་ནས་ཞིང་སར་བསྒྱུར་སོང་བ་དེ་དག་རེད།མཁར་རྫོང་འཛུགས་སྐྲུན་གྱི་ལག་རྩལ་ནི་བོད་ཀྱི་འཛུགས་སྐྲུན་ལག་རྩལ་གྱི་ཆེས་ཕུལ་བྱུང་གི་ལག་རྩལ་དུ་གྱུར་ཡོད་པས།མི་ཉག་པའི་འཛུགས་སྐྲུན་སྐོར་གྱི་བྱས་རྗེས་གལ་ཆེན་དེ་རེད། སྤྱིར་མི་ཉག་གི་འཛུགས་སྐྲུན་ལག་རྩལ་དེ་ལོ་རྒྱུས་སྟེང་གི་ཧ་ཅང་གྲགས་ཆེན་རེད།དཔེར་ན།སྤྱི་ལོ་དྲུག་བརྒྱ་ལྔ་བཅུ་ཁ་གྲངས་ནང་ན་བོད་ཀྱི་ལྷ་སའི་ཇོ་ཁང་གསར་བཞེངས་མཛད་སྐབས་མི་ཉག་པའི་ལག་རྩལ་པ་མང་པོ་ཡོད་ལ།བསམ་ཡས་དགོན་པ་གསར་བཞེངས་མཛད་སྐབས་སུ་ཡང་མི་ཉག་པས་ལག་རྩལ་གྱིས་བྱས་རྗེས་གལ་ཆེན་བཞག་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་སུ་གསལ་བོར་བྲིས་ཡོད་ནི་རེད། རིག་གནས་གསར་བརྗེའི་མཇུག་ཏུ་བསམ་ཡས་དགོན་པ་བསྐྱར་བཞེངས་ཀྱི་ཞིག་གསོ་མཛད་སྐབས་སླར་ཡང་མི་ཉག་ཆོས་ཀྱིས་རྒྱལ་མཚན་གྱི་ཕྱི་ནང་གི་བཟོ་བཀོད་ཚང་མའི་འགན་བཞེས་པ་རེད།སྔོན་རྗེས་གཉིས་ཀྱི་བསམ་ཡས་དགོན་ཆེན་དེ་མི་ཉག་པས་མི་ཉག་གི་ལག་རྩལ་གཙོ་བོས་བཞེངས་བསྐྲུན་བྱས་པ་ནི་འདི་ནི་ངོ་མཚར་སྟོང་དང་ལྡན་པ་ཞིག་རེད།
གསར་འགོད་པ། མི་ཉག་ལོ་རྒྱུས་ཐོག་ཏུ་འཛུགས་སྐྲུན་གྱི་བཟོ་བཀོད་དང་ལག་རྩལ་པ་ཕུད་པའི་མི་ཉག་གི་ཡུལ་ན་ད་རུང་སྔོན་ཐོན་གྱི་མི་སྣ་འདྲ་བྱུང་མྱོང་བ་ཡིན་ནམ།
སྡེ་རོང་ཚེ་རིང་དོན་གྲུབ། མཁས་མཛངས་གཉིས་ལྡན་གྱི་མི་སྣ་མང་པོ་བྱུང་མྱོང་ནི་རེད། བོད་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོ་མི་ཉག་རུ་ཡོང་བཟའ་དང་།བོད་རྒྱལ་མུ་ནེ་བཙན་པོའི་བཙུན་མོ་མི་ཉག་བཟའ་ཚང་མ་ཁམས་མི་ཉག་ནས་རེད།ད་དུང་བོད་ཀྱི་ལོ་རྒྱུས་ཐོག་ཏུ་མི་ཉག་ལ་མཁས་པ་མང་པོ་འཁྲུངས་ཚུལ་ཡོད་པ་རེད།སྔོན་གྱི་མི་ཉག་མཁས་པ་མི་ལྔའམ་དྲུག་དང་།རྗེས་ཀྱི་མི་ཉག་མཁས་པ་མི་ལྔའམ་དྲུག་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མ་འཁྲུངས་མྱོང་བ་མ་ཟད།དགའ་ལྡན་གསེར་ཁྲིར་མངའ་གསོལ་བའི་ཁམས་མི་ཉག་པའི་སྐྱེས་བུ་དམ་པ་གསུམ་འཁྲུངས་མྱོང་ཡོད་འདུག