ཡིད་ལྷུང་དཔོན་རྒྱུད་ཀྱི་བྱུང་རབས་པདྨ་དཀར་པོའི་ཕྲེང་བ།
ཡིད་ལྷུང་དཔོན་རྒྱུད་ཀྱི་བྱུང་རབས་པདྨ་དཀར་པོའི་ཕྲེང་བ།
རང་བྱུང་མཛེས་པའི་དཀྱིལ་འཁོར་མངོན་བཀྲ་བའི། །
ཡིད་ལྷུང་ལྷ་སྡེ་ཡོངས་ཀྱི་སྤྱིའི་རྗེ་བོ། །
རིམ་བྱོན་དམ་པ་རྣམས་ཀྱི་བཀའ་དྲིན་ལ། །
ཡང་ཡང་བསམས་ནས་དད་པས་ལྷ་ཕྱག་བརྩེགས། །
དེ་ཡང་ལྷ་རུ་མི་བདུན་སྐྱ་བདུན་ལས་བྱུང་བའི་རིགས་རྒྱུད་ལ་ལྷ་རུ་དཔོན་ཞེས་མཚན་ཆགས་པ་སྟེ། དེ་དག་གི་བྱུང་ཚུལ་ནི། གནས་འདིར་སླེབས་པའི་ལམ་བར་ནས། དཔལ་ལྡན་ཆོས་སྐྱོང་ཞུ་བ་ཞིག་གིས་ལུང་བསྟན་པ་བཞིན། ཆེས་མཛེས་སྡུག་གིས་མངོན་པ་བཀྲ་བའི་ས་གནས་ཡིད་ལྷུང་ལྷ་སྡེ་ཕྱུག་མོར་བདག་གིར་བཞེས་ཏེ། ཤར་རྨ་རྒྱལ་སྤོམ་རའི་འཕྲུལ་སྲས་ཡིད་ལྷུང་ལྷ་སྡེ་ཡོངས་ཀྱི་སྤྱི་རྗེ་རུ་དཔོན་ཨ་དར་མཆོག་བཞུགས། གཞན་ཡང་སྨུག་པོ་གདུང་གི་རིགས་རྒྱུད་དུ་གྲགས་པ་བཙན་ལ་སྟག་རོང་། ཕྱུག་བ་ཡན། རྒོད་གླིང་ཚང་། སྒར་ཨ་གྲོ ལྡོང་འབུམ་པ། གཙོ་རི་ཁེ་སོགས་དང་། རྒྱ་སོག་གཉིས། གསེར་འབོམ་གཉིས། རྐང་ཚ་དང་། ཡག་ཚ། བློན་ཚ། རྩྭ་ཤུལ། རག་ཤུལ། ཧ་ཤུལ། ར་ཤུལ། རི་ཤུལ། གནའ་རོང་སོགས་སྟོབས་ཕྱུག་མངའ་ཐང་ལྡན་པའི་ལྷ་སྡེ་ཞིག་གཞིས་ཆགས་སོ། །
དེ་ནས་དཔོན་རབས་གཉིས་པ་ལྷ་རུ་དཔོན་ལྷ་སྲས་ཚེ་བརྟན་ལགས། ཁོང་གིས་འབངས་སྡེ་ཡོངས་ལྷག་པར་ཐུགས་བརྩེས་བསྐྱངས་པས། ཀུན་གྱིས་དཔོན་རྒན་ཆོས་རྒྱལ་ཞེས་འབོད་དོ། །
དེ་ནས་དཔོན་རབས་གསུམ་པ་དཀར་ཚོགས་མཆོག་ནི་རབ་བྱུང་བཅུ་པའི་ནང་དུ་བྱོན། ཁོང་གི་སྐུ་དུས་སུ་ཀཿཐོག་སྤྲུལ་པའི་གཏེར་སྟོན་བདུད་འདུལ་རྡོ་རྗེ་སོགས་དམ་པ་དུ་མ་གདན་ཞུས་མཛད་ཅིང་། རིགས་གསུམ་གཅིག་བསྡུས་བླ་མ་ཨོ་རྒྱན་ཆེན་པོའི་སྐུ་རང་བྱོན་ལ་རབ་གནས་མཛད། ཁྲོ་ཟིལ་ཁྲོམ་རྡོ་རྗེ་རྩལ་གྱི་གནས་སུ་བྱོན་ཏེ་ངོ་མཚར་བའི་རྫུ་འཕྲུལ་སྣ་ཚོགས་བསྟན་ཅིང་། ཟབ་སྒྲུབ་དུ་མ་གཏེར་དུ་བཞེས། ལྷ་མཚོ་སོགས་གནས་ཆེན་དུ་མར་ཕེབས་ཏེ་ཁྲུས་གསོལ་སོགས་མཛད། གཞན་ཡང་རིག་འཛིན་ཉི་མ་གྲགས་པ་སོགས་ཀྱང་། གདན་དྲངས་ཤིང་ཐུགས་མཉེས་ཐབས་བྱས་ཤིང་། སྡེ་འབངས་ཡོངས་བདེ་སྐྱིད་ལ་བཀོད་དེ་བཀའ་དྲིན་བླ་ན་མེད་པས་བསྐྱངས་སོ། །
དེ་ནས་དཔོན་རབས་བཞི་པ་ལྷ་རུ་དཔོན་འབུམ་པ་སྐྱབས་མཆོག་ནི་རབ་བྱུང་བཅུ་གཅིག་གི་ནང་དུ་དཔོན་པོར་བཞུགས་ཏེ། ལྷ་འབངས་ཡོངས་བྱམས་བརྩེས་བསྐྱངས། ཁོང་གི་སྐུ་དུས་སུ་རིག་འཛིན་ཉི་གྲགས་སློབ་མ་བླ་མ་བསོད་ནམས་བཀྲ་ཤིས་རྒྱ་མཚོ་དང་མཆོད་ཡོན་དུ་གྱུར་ནས། སོག་ཨོ་གུར་དགོན་པའང་གསར་དུ་བཏབ་སྟེ་ཡུལ་གྲུ་འདིར་བསྟན་པའི་དབུ་བརྙེས་པར་མཛད། །
དེ་ནས་ལྷ་སྲས་ངག་དབང་མཆོག་གིས་རབ་བྱུང་བཅུ་གཉིས་པ་ཙམ་ལ་དཔོན་པོར་བཞུགས། དུས་དེར་སེ་རའི་བླ་མ་ཨོ་རྒྱན་རྒྱ་མཚོ་དང་མཆོད་ཡོན་དུ་གྱུར་ཅིང་། ཁོང་གིས་སྦྱིན་བདག་མཛད་ནས་གཡག་ཟེར་འོག་མིན་དགོན་ཐེག་མཆོག་འགྲོ་འདུལ་གླིང་གསར་དུ་བཏབ་ཅིང་ཐུབ་བསྟན་གྱི་རྒྱལ་མཚན་བཙུགས། སྐབས་དེ་ཙམ་ལ་སེང་འགྱིང་དགོན་པའང་ཕྱག་བཏབ་སྙམ། །
དེ་ནས་ལྷ་རུ་ཨ་དཀར་དཔོན་མཆོག་ནི་རབ་བྱུང་བཅུ་གཉིས་སུ་བྱོན། ལྷ་འབངས་ཡོངས་ལ་བྱམས་བརྩེ་དང་། ཐུགས་རྗེའི་གཟི་འོད་ལྷ་སྡེ་ཡོངས་ལ་ཁྱབ། ཁོང་གི་སྐུ་དུས་སུ་རྗེ་དབོན་པདྨ་ཀུན་གྲོལ་རྣམ་རྒྱལ་དང་མཆོད་ཡོན་དུ་གྱུར་ཅིང་། རྒྱལ་རོང་དགོན་རྟག་བརྟན་རྣམ་རྒྱལ་གླིང་གསར་དུ་ཕྱག་བཏབ་གནང་། །
དེ་ནས་ལྷ་སྲས་རྟ་མགྲིན་དབང་རྒྱལ་མཆོག་ནི། རབ་བྱུང་བཅུ་གསུམ་ཙམ་དུ་ལུགས་གཉིས་ཀྱི་དཔོན་པོར་བཞུགས་ཏེ་ཐུགས་བརྩེའི་ཕྱག་གིས་མངའ་འབངས་དག་བསྐྱངས་པས་བཀའ་དྲིན་བརྗེད་ཐབས་བྲལ་བར་མཛད། ཁོང་གི་སྐུ་དུས་སུ་བླ་མ་རབ་དཀར་ལྷུན་གྲུབ་མཆོག་དང་མཆོད་ཡོན་དུ་གྱུར་ནས། ༼ མཆན་ཀླུ་ལྡིང་མཁན་མི་འགྱུར་རྒྱལ་གྱིས་ཕྱག་བཏབ་རེད་ཅེས་ཐོས་ཀྱང་ཚད་ལྡན་གྱི་ལོ་རྒྱུས་མ་མཇལ།༽ལྷ་རྒྱལ་དགོན་བདེ་ཆེན་མཁའ་སྤྱོད་གླིང་གསར་དུ་བཙུགས་ཤིང་བསྟན་པའི་འོད་སྣང་སྤྲོས། དགེ་རྩེ་མ་ཧཱ་པཎྜི་ཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་དང་མཆོད་ཡོན་གྱུར་ཏེ་དཔལ་རྒྱལ་བ་རྩྭ་ཤུལ་དགོན་བཀྲ་ཤིས་མདོ་སྔགས་དར་རྒྱས་གླིང་གི་བསྟན་པའི་རྒྱལ་མཚན་གསར་དུ་བཙུགས་ཤིང་། སྡེ་དགེ་དཔོན་མོ་སྒ་རྗེ་ཚེ་དབང་ལྷ་མོ་མཆོག་དང་། ཁོང་གཉིས་ཀྱི་བསྟན་པ་འདིའི་སྦྱིན་བདག་ཀྱང་མཛད། །
དེ་ནས་རབ་བྱུང་བཅུ་གསུམ་པའི་སྨད་ཙམ་ལ་ཕུན་ཚོགས་རང་གྲོལ་མཆོག་གིས་དཔོན་པོ་མཛད་ཅིང་། བྱམས་བརྩེའི་སྤྲིན་ཕུང་གི་ཀློང་ནས་ཕན་བདེའི་གཟི་འོད་མ་ཉམས་པའི་རང་གཤིས་ཕྱིར་མངོན་ནས། འབངས་དབུལ་དག་ལ་འཚོ་བའི་མཐུན་རྐྱེན་སོགས་རྒྱུན་པར་གནང་བས་བཀའ་དྲིན་བསམ་གྱིས་མི་ཁྱབ་པས་བསྐྱངས་པས། དཔོན་ཚང་རང་ཉིད་འཚོ་བའི་དཀའ་ངལ་ཡང་ཕྲད་པར་གྱུར། །
དེ་ནས་བྱམས་བརྩེས་ཐུགས་རྒྱུད་ཕྱུག་པའི་དཔོན་མོ་སངས་ལུ་ལགས་ནི། སྡེ་འབངས་ཡོངས་ཀྱིས་སྐྱབས་གནས་གཅིག་པུར་གྱུར་ནས། མཐར་ཁོང་མོ་ལ་མགོན་པོའི་བླ་བུ་དཔོན་ཕུན་ཚོགས་རྣམ་རྒྱལ་སྐུ་འཁྲུངས། དེ་ནས་རབ་བྱུང་བཅུ་བཞིའི་སྨད་ཙམ་ལ་ཕུན་ཚོགས་རྣམ་རྒྱལ་མཆོག་གིས་བཀྲ་ཤིས་དཔལ་མོ་ཁབ་ཏུ་བཞེས་ཏེ་འབངས་རྣམས་དགེ་བའི་ལམ་ལ་བཀོད། སྐུ་ཚེ་སྨད་ལོ་སུམ་ཅུའི་སྟོད་ཙམ་ལ་ངེས་འབྱུང་གིས་ཐུགས་རྒྱུད་བསྐུལ་ཏེ་རབ་ཏུ་བྱུང་། སྨར་ཁམས་ཉི་མ་ཐག་སྟོད་དང་། གྲུབ་བརྙེས་གཅོད་པ་སྔོ་འབྲུག མཁས་གྲུབ་སྐལ་བཟང་རྒྱ་མཚོ། རྩྭ་ཤུལ་ཚེ་དབང་སོགས་དམ་པ་དུ་མར་མཉེས་པ་གསུམ་གྱིས་བསྟེན་ཅིང་། དབེན་རི་རོང་ཆེན་ཇི་ར་དང་། ཁྱུང་ཟེར། དབེན་གནས་དུ་མར་ཕེབས་ནས་སྐུ་མཚམས་སུ་བཞུགས། མཐར་ཇི་རའི་མདུན་ཐང་དུ་ཟག་ཕུང་འོད་སྐུར་གཤེགས་སོ། །
དེ་ནས་བར་བྱུང་བཅོ་ལྔ་པའི་ནང་ཙམ་དུ་གནས་ར་བུ་སྐལ་བཟང་ཕུན་ཚོགས་མཆོག་གིས་དཔོན་པོ་མཛད་ཅིང་། ཡིད་ལྷུང་དགོན་སྡེ་རྣམས་ཀྱི་དུས་མཆོད་ཀྱི་སྦྱིན་བདག་མཛད་ཅིང་། བརྟན་བཞག་དུ་མར་མཛད། མ་ཟད་འབངས་སྡེ་ཡོངས་ལའང་སྦྱིན་པ་བཏང་བས་མཛོད་ཁང་སྟོང་པར་བྱས་ཤིང་། ཡུལ་ལུང་འདིར་སྐྱིད་པའི་ཉི་མ་ཤར་བར་གྲགས་སོ། །
དེ་ནས་རབ་བྱུང་བཅོ་ལྔའི་སྨད་ཙམ་ལ་བྱ་རྒོད་སྟོབས་ལྡན་མཆོག་གིས་ལྷ་རུ་ཡ་མ་དགེ་མཚོ་ཁབ་ཏུ་བཞེས་ཏེ་དཔོན་པོ་མཛད། ཁོང་གི་སྐུ་དུས་སུ་ལྷག་པར་ལྷ་སྡེ་འདིའི་མངའ་ཐང་དང་སྟོབས་འབྱོར་གྲགས་པ་ཕྱོགས་སུ་རྒྱས། བར་མཚམས་སུ་ཁོང་ཉིད་ཀྱིས་སྡེ་དགེའི་རྒྱལ་རབས་ཉེར་བཞི་པའི་དཔོན་པོ་མཛད་ཅིང་། ཡུལ་ལུང་སོ་སོར་འོས་མིན་ཁྲལ་འཇལ་སོགས་ངན་སྲོལ་མང་པོ་བསྣུབས་ཤིང་། སྡེ་དགེའི་ཐུབ་པ་རྒྱབ་ལུང་མར་རིགས་ལྔ་གསོལ། མ་ཚད་ཡིད་ལྷུང་ལྷ་རུ་སྒར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རྡོ་ལ་བསྐོས། བཙན་པོ་གཉའ་གནོན་དང་། ཉམ་ཆུང་མལ་ནས་བསྐྱབས་ཏེ་ལུགས་གཉིས་ཀྱི་སྲོལ་བཟང་བཙུགས། གཞན་ཡང་ཡིད་ལྷུང་ལྷ་རུ་ཕོ་བྲང་དུ་གོང་ས་ལྷ་མིའི་རྣམ་འདྲེན་༧རྒྱལ་དབང་ཐམས་ཅད་མཁྱེན་པ་དང་། ས་སྐྱ་གོང་མ་རིན་པོ་ཆེ་ཕུན་ཚོགས་ཕོ་བྲང་། ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ། སྨིན་གླིང་གཅུང་རིན་པོ་ཆེ་ངག་དབང་ཆོས་གྲགས་རྒྱ་མཚོ། ཀཿཐོག་སི་ཏུ་རིན་པོ་ཆེ་སོགས་ཁ་བ་གངས་ཅན་པའི་རིས་སུ་མ་ཆད་པའི་བསྟན་འཛིན་དམ་པ་རྣམས་གདན་ཞུས་གནང་སྟེ། ལྷ་འབངས་ཡོངས་ལ་བཀའ་ལུང་དུ་མ་བསྩལ་དུ་བཅུགས། རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་ལ་གངས་ཅན་པའི་བསྟན་སྲིད་གྱི་དོན་ལ་ཐུགས་ཁུར་གནང་དགོས་པའི་ཞུ་བ་ནན་གྱིས་ཕུལ། ཡུལ་དགོན་རྣམས་སུ་རྟེན་བཞེངས་དུ་མ་མཛད་ཅིང་། ཡུལ་ལུང་དུ་མར་བཀའ་དྲིན་གྱིས་བསྐྱངས། དེ་ནས་གངས་ཅན་སྤྱི་མཐུན་གྱི་བསོད་ནམས་དམན་པའི་དབང་གིས་དུས་ཀྱི་འཁྲུགས་ལོང་ཆེན་མོ་བྱུང་སྐབས། འཕགས་ཡུལ་དུ་བྱོན་རྒྱུར་ཐག་བཅད་དང་། རྟ་གོན་ལེགས་པ་བྱས་མོད་། འོན་ཀྱང་གཡོག་ངན་ཆོས་མིང་ཅན་གྱིས་ཕྱི་མགོ་ནང་བཙོང་བྱས་པས་གཞན་ལག་ཏུ་སོང་སྟེ། ཡུན་རིང་མ་འགོར་བ་སྐུ་གཤེགས། དེ་ཡང་གཞན་དབང་དམིགས་ཡུལ་སྣ་ཚོགས་ཤིག་གིས་ཡིག་འཇོག་རྣམས་སུ་རང་ཉིད་བསྙུན་གཞི་ཐེབས་ཏེ། ༡༩༦༠ སྐུ་གཤེགས་ཚུལ་བརྗོད་མོད་དོན་ངོ་མ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། །
རབ་བྱུང་བཅུ་དྲུག་པ་སྤོམ་ཁ་རྣམ་རྒྱལ་རྡོ་རྗེ་མཆོག་གིས་དཔོན་པོ་མཛད། ཁོང་གིས་གཟི་བརྗིད་དང་ལྷག་བསམ་གྱི་འོད་སྣང་ཕྱོགས་ཀུན་ཏུ་སྤྲོས་ཤིང་། རྔོན་དང་། རྐུ་འཕྲོག་སོགས་ངན་སྤྱོད་དུ་མའི་རྒྱུན་བཅད། ཡ་རབས་ཀྱི་ལུགས་སྲོལ་མང་པོ་གསར་དུ་བཙུགས་དམ་པ་གོང་མ་རྣམས་ལ་གུས་དད་ཧ་ཅང་ཆེ་བ། སྡེ་འབངས་ཡོངས་ལ་བྱམས་སེམས་ཆེ་བ་སོགས་ཡོན་ཏན་གྱིས་ཕྱུག་པ་ཞིག་ཡིན། དུས་འཁྲུགས་ཀྱི་སྐབས་སུ་ཕྱི་ཕྱོགས་སུ་ཕེབས་སོང་། ཚུལ་དེ་ཅུང་ཟད་བརྗོད་ན། ཐོག་མ་འདི་ནས་དཔོན་འཁོར་དང་བཅས་ལྷ་སར་ཕེབས་ཏེ། སྡེ་དགེའི་དཔོན་པོ་བྱ་རྒོད་སྟོབས་ལྡན་བསྒུགས་ནས་ལྷ་སར་ཡུན་རིང་བཞུགས། དུས་དེར་ཆུ་བཞི་སྒང་དྲུག་གི་དཔོན་དམག་རྣམས་དང་མཉམ་འབྲེལ་གྱིས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཞུགས་ཁྲི། གསེར་ལས་གྲུབ་པ་ཞིིིིིག་ནོར་བུ་གླིང་ག་རུ་བཞེངས་པ་ད་ལྟ་ཚང་མས་ཚོང་ཁག་གི་གསེར་ཁྲི་ཞེས་འབོད་པ་དེའོ། །དེ་ནས་ཉིན་ཞིག་དཔོན་བྱ་རྒོད་སྟོབས་ལྡན་མཆོག་ཕེབས་མི་ཐུབ་པའི་གནས་ཚུལ། འཕྲིན་ཡིག་འབྱོར་སྐབས་སྤྱན་ཆབ་བསིལ་ཞིང་། རིམ་བཞིན་རྒྱ་གར་དུ་བྱོན་རྒྱུར་ཐག་བཅད་གནང་། དེ་ནས་ལྷག་བསམ་དང་དཔའ་ངར་མ་ཉམས་པའི་བོད་ཀྱི་དཔའ་རྒོད་དམ་པ་ཨ་འབྲུག་མགོན་པོ་བཀྲ་ཤིས་དང་། སྐྱེ་རྒུ་གྲའུ་དཔོན། ས་འདུལ་བློ་བཟང་སྙན་གྲགས། སྤོམ་ཁ་རྣམ་རྒྱལ་རྡོ་རྗེ་ཁོང་རྣམ་པ་དེའི་སྐབས་ཆུ་བཞི་སྒང་དྲུག་གི་དམག་དཔོན་ཆེ་བཞི་དང་། གཞན་ཡང་ཆུ་བཞི་སྒང་དྲུག་དཔོན་དམག་རྣམས་ཀྱིས། ཟུར་ཁོང་སྲས་དང་མཉམ་འབྲེལ་གྱིས་རིན་པོ་ཆེ་འཕགས་ཡུལ་དུ་གདན་དྲངས་རྒྱུར་ཐུགས་བཀོད་བྱས། སྐབས་ཤིག་དཔའ་མཛངས་ལྡན་པའི་ཕོ་རྒོད་ཟུར་ཁོང་སྲས་ཀྱིས་ཁ་ཆད་བཞིན་རིན་པོ་ཆེ་མཆོག་གཟིམ་ཁང་ནས་ཡར་ཆབ་གཙང་པོའི་འགྲམ་དུ་གདན་དྲངས་པ་ན། རྣམ་རྒྱལ་རྡོ་རྗེ་ཁོང་གིས་བློན་ཆེན་འདན་ཆུ་རྡོ་བུ་སྐྱ་མི་བརྒྱ་བསྐོར་ཞིག་དེར་བསུ་བར་མངགས། དེ་ནས་རིམ་བཞིན་ངལ་བ་བརྒྱ་ཕྲག་གིས་འཕྲང་ལས་བརྒལ་ཏེ། འཕགས་ཡུལ་དུ་རིན་པོ་ཆེ་མཆོག་གདན་དྲངས། དེ་ནས་འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ཁོངས་གཏོགས་བྷི་རི་ཞེས་པའི་ས་ཁུལ་དུ་སྡེ་དགེའི་གཞིས་ཆགས་གསར་དུ་བཙུགས། རྡ་རམ་ས་ལ་རུ་ཚོགས་འདུ་ཞིག་གི་ཐོག་ལུག་ལྤགས་གྱོན་པའི་སྤྱང་ཀི་འགའ་ཡིས་ངན་དུག་གི་རྫས་སྦྱོར་བཏབ་པས་གློ་བུར་དུ་སྐུ་གཤེགས་སོང་བ་དེ་ནི་ང་ཚོའི་ཡུལ་ལུང་ཙམ་མིན་པ་བོད་གངས་ཅན་པའི་གྱོང་གུད་གསབ་ཏུ་མེད་པ་ཞིག་ཡིན། །ད་ལྟ་འཚོ་ཞིང་བཞུགས་པ་བྱ་རྒོད་གཉེར་པ་འམ་བྱ་རྒོད་སྟོབས་ལྡན་དང་ལྷ་རུ་ཡ་མ་དགེ་མཚོ་གཉིས་ཀྱི་སྲས་མོ་དཔལ་དགའ་དང་། སྡེ་དགེ་ཆོས་རྒྱལ་ལྷ་སྲས་དོན་ཡོད་གཉིས་ཀྱི་སྲས་འཆི་མེད་ལྕགས་རྡོ་ལགས་ནི་སྤྱི་ལོ་༡༩༧༠ བོད་ཆུ་མོ་ཕག་གི་ལོར་མཚན་གྱི་པདྨོ་བཞད། ཁོང་ནི་གཤིས་རྒྱུད་འཇམ་ལ་མཐོ་དམན་སུ་ལའང་འདྲ་མཉམ་གྱི་བལྟ་མཚུངས་ཀྱིས་བསྐྱངས་ཏེ་འབངས་མི་ཀུན་གྱིས་རྒྱལ་སྲས་ལྕགས་རྡོ་ཞེས་བསྔགས་འོས་གནས་སུ་སྐུ་འཚོ་བཞིན་བཞུགས་བཞིན་པ་ལགས་སོ།།
དེ་འདྲའི་བཀའ་དྲིན་ཅན་གྱི་དཔོན་པོ་དེ་ཚོ་ལ་ནམ་ཡང་རྗེས་དྲན་ཞུ་འོས། །
དྲི་མེད་པདྨ་དཀར་པོའི་དཔོན་རབས་ཀྱི། །
བཀའ་དྲིན་སྙིང་གི་དབུས་ན་ལྕི་བ་དེས། །
ལོ་རྒྱུས་ཚིག་གི་ཕྲེང་བ་བསྟར་བ་ཡང་། །
མ་འོངས་ཉམས་པ་མེད་པའི་རྡོ་རིང་ཡིན། །
བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ལྷ་རུ་བློན་རབས་དང་པོ་བེ་རུ་དོན་ཡོད་རྒྱལ་མཚན་སྡེ་ཁྱིམ་བརྒྱ་ཙམ་ནས་རིམ་བཞིན། གེ་འཛོའི་བླ་བུ་ལྷ་མི་དར་རྒྱས། ཀླུ་བཙན་བུ་ཝ་ལྷ་རྟ་མགྲིན་འབུམ། འོ་ཟླ་བྲག་དཀའི་བུ་ནོར་བུ་བྲག་དཀར། བྲག་ནག་བུ་སྨར་ཁམས་དངོས་གྲུབ། སྟག་རོང་ཁྲོ་བོ་འབུམ། “སྒོག་པོའི”་ཡ་མ་འབུམ།
“སྒོག་པོའི་”སྐལ་བཟང་དབང་མདའ། གནའ་རོང་དབང་རྒྱལ། རྩྭ་ཤུལ་ཨོ་རྒྱན་ཚེ་འཕེལ། ཆུ་དམར་ཡ་མ་འབུམ་སོགས་དཔའ་མཛངས་ལྡན་པའི་བློན་ཆེན་གྲངས་མེད་བྱུང་ཞིང་། གྱེས་རུ་བརྒྱད་ནི་ཝ་ལྷའི་ཚེ་རི་ཆོས་དར་སོགས་དང་། གྱེས་ཚབ་བརྒྱད་ནི་དགེ་བཤེས་ཚེ་དབང་མགོན་པོ་སོགས་དང་། དམག་དཔོན་བརྒྱད་ནི་ལྭ་བུ་སྔོ་རྒོད་སོགས་དང་། བསམ་གནས་སུམ་ཅུ་ནི་ཕྲིན་ལས་ཆོས་བཟང་སོགས་དང་། ཕྱོགས་ཆེན་བརྒྱད་དང་ལྡན་པའི་བཙན་ཕྱུག་འཕེལ་གསུམ་འཛོམས་པའི་སྡེ་འབངས་ཡོངས་ཀྱི། མཛེས་སྡུག་བདེ་སྐྱིད་ཀྱིས་ཁེངས་པའི་ཡུལ་གྲུ་ཡིད་ལྷུང་ལྷ་སྡེ་ཕྱུག་མོའི་དཔལ་ཀུན་བདག་གིར་བཞེས་ཏེ། གོང་ན་དཔོན་གྱི་བཙན་ཕྱུག འོག་ན་འབངས་ཀྱི་མངའ་ཐང་ལྡན་པ་ནི་ལྷ་ཡུལ་དང་མཚུངས་པ་ཞིག་གོ །
རྒྱལ་བ་རྩྭ་ཤུལ་དགོན་པའི་མཆོག་སྤྲུལ་བསྟན་པའི་ཉི་མས་མཛད་པའི་ཡིད་ལྷུང་ལྷ་རུ་དཔོན་རབས་ཀྱི་ལོ་རྒྱུས་ཤིག་ཡོད་པ་གཞིར་བྱས་ནས་མདོར་མཚོན་པ་ཙམ་འབྲི་ཁུལ་བྱས་པ་ཡིན་བརྗོད་བྱ་དང་རྗོད་བྱེད་དག་ཆ་སོགས་ཕྱོགས་གང་ཐད་ནས་ཕུན་སུམ་ཚོགས་པ་ཞིག་མ་འཛོམས་མོད། ཚིག་དོན་གྱི་ཆ་ལ་ནོར་འཁྲུལ་མཆིས་ན་གཟུར་གནས་མཁྱེན་སྤྱན་མངའ་བའི་ཀློག་པ་པོ་རྣམས་ལ་སྙིང་ནས་ཆགས་སོ། །
ལོ་རྒྱུས་འདི་ལ་རྣམ་དཀར་གྱི་ཡོན་ཏན་ཕྲན་བུ་ཞིག་མཆིས་སྲིད་ན་དེའི་མཐུས་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་དེ་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་མི་འགྱུར་རྡོ་རྗེའི་གཤིས་སུ་བརྟན་ཅིང་མཛད་ཕྲིན་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པ་དང་མ་ཚད་སྐྱེ་དགུ་མཐའ་དག་གནས་སྐབས་ཚེ་རིང་ནད་མེད་བར་ཆད་ཞི་བ་དང་། མཐར་ཐུག་ཚེ་འདི་འཕོས་མ་ཐག་ཏུ་བདེ་ལྡན་དག་པའི་ཞིང་དུ་ཆོས་རྗེ་བླ་མ་མཆོག་གི་འཁོར་དུ་སྐྱེ་བའི་རྒྱུ་རུ་འགྱུར་བར་སྨོན། །
སྐྱེས་སྦྱོང་རིག་པའི་ན་ཚོད་ཆེས་ཕྲ་བས། །
མ་རྟོགས་ལོག་པར་རྟོག་པའི་དྲི་མ་ཀུན། །
མི་འཆབ་མཁྱེན་ལྡན་རྣམས་ལ་བཤགས་བྱས་ན། །དག་ཅིང་ཚངས་པའི་དབུགས་དབྱུང་མཛད་དུ་གསོལ། །
དེ་ལྟར་བདག་གི་ལྷག་བསམ་དག་པ་དང་། །
སྲས་བཅས་རྒྱལ་བའི་བདེན་པའི་མཐུ་ཉིད་ལས་། །
མཐའ་ཡས་འགྲོ་ཀུན་བདེ་ཞིང་སྐྱིད་པ་དང་། །
མཐར་ཐུག་དོན་གཉིས་འགྲུབ་པའི་རྒྱུ་རུ་སྨོན། །
ཅེས་པ་འདི་ནི་སྡེ་དགེ་ཡིད་ལྷུང་པ་རྩྭ་ཤུལ་འགྱུར་མེད་བསྟན་འཛིན་གྱིས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག ། བོད་ཆུ་སྦྲུལ་ལོའི་ཟླ་༩ཚེས་༡ཉིན། ། ། །