English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི།

འདོན་སྤེལ། 2013/01/29 7:42 AM རྩོམ་པ་པོ། སྤྱི་འཐུས།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི།

ཡོང་ཁུངས། བོད་མི་མང་སྤྱི་འཐུས་དྲ་བ།

དོན་ཚན་དང་པོ། སྒྲིག་གཞིའི་མིང༌།

སྒྲིག་གཞི་འདི་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི། བོད་རྒྱལ་ལོ་ ༢༡༡༩ ཕྱི་ལོ་ ༡༩༩༢ ཞེས་འབོད་རྒྱུ།

དོན་ཚན་གཉིས་པ། སྒྲིག་གཞིའི་ཆ་རྐྱེན།

སྒྲིག་གཞི་འདི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༠ འོག་བཀོད་སྒྲིག་བྱས་པ་ཡིན།

དོན་ཚན་གསུམ་པ། འགོ་འཛུགས།

སྒྲིག་གཞི་འདི་ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༢༧ ནས་འགོ་འཛུགས་བྱ་རྒྱུ།

དོན་ཚན་བཞི་པ། སྒྲིག་གཞིའི་ཁྱབ་ཚད།

སྒྲིག་གཞི་འདིས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་ཡོད་པའི་ལས་ཁུངས་ཡོངས་དང༌། རང་སྐྱོང་སྡེ་ཚན་རྣམས་ལ་ཁྱབ་པ་ཡིན།

དོན་ཚན་ལྔ་པ། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ལས་ཁུངས་ཁག

ཁྲིམས་ལུགས་ལྟར་བཀོད་སྒྲིག་བྱས་པའི་འཛིན་སྐྱོང་ལས་ཁུངས་ཁག་གི་རིམ་པ་གཤམ་གསལ།

༡ བཀའ་བློན་ལས་ཁུངས་ཁག

ཀ བཅའ་ཁྲིམས་དོན་ཚན་ ༢༩ པའི་ནང་གསེས་ ༢ ནང་གསལ་ལྟར་འགན་དབང་སྤྲད་པའི་བཀའ་བློན་ཞིག་གིས་ཐད་ཀའི་འཛིན་སྐྱོང་འོག་ལས་རིགས་ལྟར་བཀོད་སྒྲིག་བྱས་པའི་དབུས་ཀྱི་ལས་ཁུངས་རྣམས་བཀའ་བློན་ལས་ཁུངས་ཡིན། (ད་ཡོད་བཀའ་བློན་ལས་ཁུངས་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་དང་པོར་གསལ།)

ཁ བཀའ་བློན་ལས་ཁུངས་ཤིག་གསར་འཛུགས་དང་ཕྱིར་བསྡུ་བྱ་རྒྱུར་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་གྱིས་མོས་མཐུན་ལྟར་ཐག་གཅོད་བྱ་རྒྱུ།

ག བཀའ་བློན་ལས་ཁུངས་སོ་སོའི་དྲུང་ཆེའི་འོག་དགོས་ངེས་འགན་འཛིན་དང་ལས་བྱའི་སྡེ་ཚན་གྱི་ལས་བྱེད་ས་མིག་བཀོད་སྒྲིག་བྱེད་དགོས།

ང བཀའ་བློན་ལས་ཁུངས་གཅིག་ནང་ལས་རིགས་ཀྱི་དབྱེ་བས་གལ་ཆེའི་སྡེ་ཚན་ཁག་ཁ་ཤས་ཡོད་ཚེ་འགན་འཛིན་དྲུང་ཆེ་རེ་བསྐོ་གཞག་ཆོག་པ་དང༌། དེ་མིན་ལས་རིགས་སྡེ་ཚན་ཆེ་བ་ཁ་ཤས་ཡོད་ན་དེ་དག་གི་འགན་འཛིན་དྲུང་ཆེ་ལས་འཕར་རམ། ཟུང་འབྲེལ་དྲུང་ཆེ་ཞིག་གིས་བྱ་འཐུས། དྲུང་ཆེས་འབྲེལ་ཡོད་བཀའ་བློན་ལ་འགན་འཁུར་ལན་འདེབས་དགོས།

༢ སྐུ་ཚབ་དོན་གཅོད་ལས་ཁུངས་ཁག

ཀ བཀའ་ཤག་གིས་བསྐོ་འཛུགས་གནང་ཞིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་བའི་དོན་གཅོད་དམ། དེ་དང་གནས་ཚད་མཉམ་པའི་སྐུ་ཚབ་ཁག་གི་འཛིན་སྐྱོང་འོག་བཀོད་སྒྲིག་བྱས་པའི་ལས་ཁུངས་ཁག་སྐུ་ཚབ་དོན་གཅོད་ལས་ཁུངས་ཡིན། (ད་ཡོད་དོན་གཅོད་ལས་ཁུངས་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་གཉིས་པར་གསལ།)

ཁ ལས་ཁུངས་དེ་དག་གི་འགན་འཛིན་དྲུང་ཆེའི་གནས་རིམ་ཅན་གྱི་སྐུ་ཚབ་རེ་དགོས་པ་དང༌། དེའི་འོག་ལས་དོན་ལ་གཞིགས་པའི་ལས་བྱེད་ཇི་དགོས་ཀྱི་ས་མིག་གཏན་འབེབས་དང་འབྲེལ་བཀོད་སྒྲིག་བྱ་རྒྱུ།

ག སྐུ་ཚབ་ཁག་གིས་ཕྱི་དྲིལ་བཀའ་བློན་བརྒྱུད་བཀའ་ཤག་ལ་འགན་འཁུར་ལན་འདེབས་ཞུ་དགོས།

ང ལས་ཁུངས་འདི་རིགས་གསར་འཛུགས་དང་ཕྱིར་བསྡུ་ཇི་དགོས་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་གྱིས་མོས་མཐུན་ལྟར་ཐག་གཅོད་བྱ་རྒྱུ།

༣ གཤམ་འོག་ལས་ཁུངས་ཁག

ཀ བཀའ་བློན་ལས་ཁུངས་གང་རུང་ངམ། དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་གང་རུང་འོག་དབུས་དང་ས་གནས་གང་དུའང་ཐད་ཀར་བཀོད་སྒྲིག་འཛིན་སྐྱོང་བྱེད་པའི་ལས་ཁུངས་ཁག་གཤམ་འོག་ལས་ཁུངས་ཡིན། (ད་ཡོད་གཤམ་འོག་ལས་ཁུངས་ཁག་གི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་གསུམ་པར་གསལ།)

ཁ ལས་ཁུངས་འདི་དག་གི་འགན་འཛིན་གནས་རིམ་ཇི་དགོས་སྐབས་མཚམས་སྒྲིག་གཞི་ལྟར་བཀོད་སྒྲིག་བྱ་རྒྱུ་དང༌། འགན་འཛིན་དེ་རྣམས་ཀྱིས་གོང་རིམ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཛིན་ལ་འགན་འཁུར་ལན་འདེབས་ཞུ་དགོས།

ག ལས་ཁུངས་འདི་རིགས་གསར་འཛུགས་དང་ཕྱིར་བསྡུ་ཁྱབ་ཁོངས་ལས་ཁུངས་སོ་སོའི་རྒྱབ་གཉེར་ཐོག་བཀའ་ཤག་གི་ཐག་གཅོད་ལྟར་བྱ་རྒྱུ།

༤ དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས།

ཀ སྐུ་སྒེར་ཡིག་ཚང་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་ཁུངས། ཚོགས་དྲུང་ལས་ཁུངས། བཀའ་དྲུང་ཡིག་ཚང༌། རང་དབང་ཅན་གྱི་སྡེ་ཚན་ཁག་གི་ལས་ཁུངས། གཞན་ཡང་དེ་དག་དང་ཕྱོགས་མཚུངས་ཀྱི་ལས་ཁུངས་རྣམས་དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་ཡིན། (ད་ཡོད་དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་ཀྱི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་བཞི་པར་གསལ།)

ཁ སྡེ་ཚན་དེ་དག་གི་ལས་ཁུངས་ཀྱི་འགན་འཛིན་དང༌། ལས་བྱའི་རིགས་འབྲེལ་ཡོད་སྒྲིག་གཞི་ཁག་ནང་གསལ་ལྟར་བཀོད་སྒྲིག་བྱ་རྒྱུ།

ག སྡེ་ཚན་དེ་དག་གི་འགན་འཛིན་དང༌། ལས་བྱའི་སྡེ་ཚན་སོ་སོའི་ལས་བྱེད་ཀྱིས་འབྲེལ་ཡོད་གོང་རིམ་ལ་འགན་འཁུར་ལན་འདེབས་དགོས།

དོན་ཚན་དྲུག་པ། ཁྱབ་ཁོངས་སྡེ་ཚན་ཁག

༡ འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཁག

ཀ བཀའ་བློན་ལས་ཁུངས་གང་རུང་ངམ། དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་གང་རུང་གིས་དགོས་དམིགས་ཁྱད་པར་བ་ཞིག་གི་སླད། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་འོག་དེབ་སྐྱེལ་བྱས་ཤིང༌། ལས་བྱེད་གང་འཚམས་རེ་གོ་གནས་རྗེས་འབྲེལ་གྱིས་འགན་འཛིན་ཚོགས་མིར་ཡོད་པ་དང༌། དགོས་དངུལ་གཞུང་གིས་གཏོང་དགོས་མིན་ལ་མ་ལྟོས་པར་འཆར་བྱུས་དང་འབྲེལ་བའི་ལས་དོན་ཁག་འཛིན་སྐྱོང་གི་ལམ་སྟོན་ལྟར་བྱེད་དགོས་པའི་རིགས་འཛིན་སྐྱོང་དབང་བྱུས་འོག་ཡོད་པའི་རང་སྐྱོང་སྡེ་ཚན་ཡིན། (ད་ཡོད་རང་སྐྱོང་སྡེ་ཚན་འདི་རིགས་ཀྱི་མཚན་གཞུང་སྒྲིག་གཞིའི་ཟུར་འཛར་ལྔ་པར་གསལ།)

ཁ སྡེ་ཚན་འདི་རིགས་ཀྱི་ཚོགས་པའི་དམིགས་ཡུལ་བརྗེད་བྱང་དང༌། སྒྲིག་གཞི་ཁག་གི་ནང་འབྲེལ་ཡོད་བཀའ་བློན་ལས་ཁུངས་ཀྱིས་འཛིན་སྐྱོང་དབང་བྱུས་ཐུབ་པའི་ཆ་རྐྱེན་ངེས་པར་དགོས།

ག འདི་རིགས་གསར་འཛུགས་བྱ་དགོས་བྱུང་མཚམས་དམིགས་ཡུལ་བརྗེད་བྱང་དང་སྒྲིག་གཞིའི་ཡིག་ཆ་ཁག་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ། ཕྱིར་བསྡུ་བྱ་དགོས་རིགས་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་ལ་གོ་བསྡུར་དང་འབྲེལ་ཚོགས་པ་དེའི་སྒྲིག་གཞི་ལྟར་བྱ་རྒྱུ།

༢ དངུལ་གྲོན་བསྩལ་དགོས་ཀྱི་རང་སྐྱོང་སྡེ་ཚན་ཁག

ཀ བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་བཙུགས་བྱས་པ་མིན་ཡང༌། དངུལ་གྲོན་ཆ་ཚང་ངམ་ཆ་ཤས་འཛིན་སྐྱོང་ནས་བསྩལ་དགོས་ཀྱི་སྡེ་ཚན། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་རྣམས་དངུལ་གྲོན་བསྩལ་དགོས་ཀྱི་རང་སྐྱོང་སྡེ་ཚན་ཡིན། (ད་ཡོད་རང་སྐྱོང་སྡེ་ཚན་འདི་རིགས་ཀྱི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་དྲུག་པར་གསལ།)

ཁ འདི་རིགས་ལ་གཞུང་གྲོན་བསྩལ་རྒྱུའི་བཀའ་འཁྲོལ་མ་གནང་གོང་སྡེ་ཚན་དེའི་དམིགས་ཡུལ་བརྗེད་བྱང་དང༌། སྒྲིག་གཞི་བཅས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མཐུན་མིན་ཞིབ་འཇུག་དང་འབྲེལ། སྒྲིག་འཛུགས་ཀྱི་འབྲེལ་ཡོད་སྒྲིག་གཞི་སྤྱི་དང༌། ལྷག་པར་རྩིས་ཞིབ་ཀྱི་སྒྲིག་གཞི་ཁག་བརྩི་སྲུང་དགོས་པའི་ཆ་རྐྱེན་བཀོད་དགོས་པ་མ་ཟད། འགན་འཛིན་ལྷན་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཆེད་བསྐོས་འཐུས་མི་ཚུད་པ་དགོས།

ག འདི་རིགས་ལ་དགོས་དངུལ་བཀག་སྡོམ་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ལེན་ཕྱིར་འཐེན་གནང་དགོས་རིགས་དང༌། གསར་དུ་ངོས་ལེན་དང་དགོས་དངུལ་གནང་དགོས་རིགས་བཅས་འབྲེལ་ཡོད་བཀའ་བློན་ལས་ཁུངས་ཀྱི་རྒྱབ་གཉེར་ཐོག་བཀའ་ཤག་གི་ཐག་གཅོད་ལྟར་བྱ་རྒྱུ།

༣ མཉམ་འབྲེལ་ཅན་གྱི་རང་སྐྱོང་སྡེ་ཚན་ཁག

ཀ བོད་མི་དང་འབྲེལ་ཡོད་ཀྱི་རང་སྐྱོང་སྡེ་ཚན་རྒྱལ་ཁབ་གཞན་ནམ། གང་ཟག་གཞན་གྱིས་བཙུགས་པའི་སྒྲིག་འཛུགས་ྋགོང་ས་མཆོག་གམ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་མིར་ཡོད་པའི་རིགས་མཉམ་འབྲེལ་ཅན་གྱི་རང་སྐྱོང་སྡེ་ཚན་ཡིན། (ད་ཡོད་རང་སྐྱོང་སྡེ་ཚན་འདི་རིགས་ཀྱི་མཚན་ཐོ་སྒྲིག་གཞིའི་ཟུར་འཛར་བདུན་པར་གསལ།)

ཁ སྡེ་ཚན་འདི་རིགས་ལ་སྐུ་ཚབ་ཚོགས་མི་གོ་འཕེར་བཏང་སྟེ་ལས་དོན་རྣམས་བོད་མིའི་ཁེ་ཕན་ལ་སྨིན་ངེས་ཡོང་ཐབས་ཀྱི་འབྲེལ་བ་བྱེད་དགོས།

ག ཚོགས་པའི་དམིགས་ཡུལ་དང་མི་མཐུན་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་འགལ་ཚབས་ཆེ་བའི་ལས་དོན་བྱས་པ་བཀག་འགོག་མ་ཐུབ་ཚེ་བཀའ་ཤག་གིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འཁྲོལ་ཞུས་ཏེ་སྐུ་ཚབ་ཚོགས་མི་ཕྱིར་འཐེན་བྱ་འཐུས། གོང་གསལ་སྡེ་ཚན་གང་དུའང་མ་ཚུད་པའི་ཚོགས་པ་བོད་མིའི་སྒྲིག་འཛུགས་ཀྱི་དབང་བྱུས་དགོས་པ་ཞིག་བྱུང་ཚེ་ཚོགས་པ་དེ་གོང་གསལ་སྡེ་ཚན་གང་རུང་གི་ཁོངས་སུ་ཚུད་ཐབས་ཀྱི་ཆ་རྐྱེན་བཟོ་དགོས་ཤིང༌། འཛིན་སྐྱོང་དབང་བྱུས་བྱེད་སྟངས་གསལ་ཁ་མེད་པའི་ཚོགས་པ་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་འཆར་ཅན་དགོས་དངུལ་ལམ་མཐུན་རྐྱེན་སྤྲོད་མི་ཆོག

དོན་ཚན་བདུན་པ། ལས་བྱེད་ལས་འགན་བཀོད་སྒྲིག་དང༌། ས་མིག་གཏན་འབེབས།

བཅའ་ཁྲིམས་དང༌། ཁྲིམས་ཡིག སྒྲིག་གཞི་ཁག་གཞིར་བཟུང་བཀའ་བློན་ཁྲི་པས་ཐད་ཀར་རམ། ཐབས་ལམ་གཞན་བརྒྱུད་བཀོད་སྒྲིག་གནང་དགོས་རིགས་དང༌། གོ་མིང་རྗེས་འབྲེལ་གྱི་བཀོད་སྒྲིག་བྱེད་དགོས་རིགས་ཕུད། དེ་བྱིངས་འགན་འཛིན་དང༌། ལས་བྱའི་སྡེ་ཚན་གཉིས་ཀའི་ལས་བྱེད་རྣམས་ལས་དོན་བཀོད་སྒྲིག་བྱེད་ཕྱོགས་སྒྲིག་གཞི་ཟུར་ཡོད་ལྟར་བྱ་རྒྱུ།

དོན་ཚན་བརྒྱད་པ། བཀའ་ཤག་གི་འགན་དབང༌།

༡ བཀའ་ཤག་ནི། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་འགན་འཁུར་རྐང་ལེན་བྱེད་པོའི་འགན་འཛིན་སྲི་ཞུའི་སྒྲིག་འཛུགས་མཐོ་ཤོས་དེ་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་འོག་ཡོད་པའི་ལས་ཁུངས་སྡེར་གཏོགས་དང་བཅས་པར་སྤྱི་ཁྱབ་ཀྱི་ལམ་སྟོན་དང་རྟོག་ཞིབ། བཀོད་བྱུས་སྟངས་འཛིན། ཐག་གཅོད་བཅས་བྱེད་པའི་འགན་དབང་ཡོད།

༢ བཀའ་ཤག་གི་འགན་འཁུར་ནི། བཀའ་བློན་ཚང་མ་མཉམ་འདུས་ཀྱི་འགན་འཁུར་ཡིན་པས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་རྣམས་བཀའ་བློན་སྤྱི་མོས་སམ་མང་མོས་ཀྱི་གྲོས་དོན་ཐག་གཅོད་བྱེད་དགོས་པ་ལས་བཀའ་བློན་བྱེ་བྲག་པ་ཞིག་གིས་ཐག་གཅོད་མི་ཆོག

༣ བཀའ་ཤག་གིས་གཏན་འབེབས་ཟིན་པའི་དོན་གནད་གང་ལའང་བཀའ་བློན་བྱེ་བྲག་པར་མོས་མཐུན་མེད་ཚེ་རང་ཉིད་བཀའ་བློན་གྱི་ལས་འཁུར་ནས་དགོངས་ཞུ་བྱེད་དགོས་པ་ལས་མོས་མཐུན་མེད་ཚུལ་དང༌། ཕྱོགས་འགལ་གྱིས་མང་ཚོགས་སུ་གསུང་བཤད་དང༌། གསར་འགོད་དྲིལ་བསྒྲགས་རིགས་མི་ཆོག

༤ བཀའ་བློན་ཚང་མ་མཉམ་འདུས་ཀྱིས་སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་བཅས་ལ་འགན་འཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང་དྲི་བར་ལན་འདེབས་བྱེད་དགོས།

དོན་ཚན་དགུ་པ། བཀའ་བློན་བྱེ་བྲག་པའི་འགན་དབང༌།

༡ བཀའ་བློན་བྱེ་བྲག་པ་རེ་རེ་བཞིན་བཀའ་ཤག་གི་མཉམ་འདུས་ཀྱི་འགན་འཁུར་དང་ཆབས་ཅིག་སོ་སོའི་ཁྱབ་ཁོངས་བཀའ་བློན་ལས་ཁུངས་ཀྱི་སྤྱི་ཁྱབ་ལམ་སྟོན་དང༌། བཀོད་བྱུས་སྟངས་འཛིན། ཐག་གཅོད། ལས་ཁུངས་དེའི་ལས་དོན་ཆེ་ཕྲ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མཐུན་པ་ཡོང་མིན་ཞིབ་འཇུག་བྱ་རྒྱུ་བཅས་ཀྱི་འགན་དབང་ཡོད།

༢ སོ་སོའི་ཁྱབ་ཁོངས་བཀའ་བློན་ལས་ཁུངས་ཀྱི་ལས་དོན་ཡིན་རུང་སྲིད་བྱུས་གཏན་འབེབས་དང༌། གཏན་ལ་ཕབ་པའི་སྲིད་བྱུས་ལ་འགྱུར་བ་དང༌། ཕྱི་འབྲེལ་ཆོད་དོན་འཇོག་དགོས་རིགས་བཅས་བཀའ་ཤག་དང་ཞིབ་ཕྲའི་མོལ་བསྡུར་དགོས་པ་ལས། བཀའ་བློན་བྱེ་བྲག་པ་ཞིག་གིས་རང་འཚམས་ཐག་གཅོད་མི་ཆོག

དོན་ཚན་བཅུ་པ། དཔལ་འབྱོར་དབང་ཚད།

༡ ལོ་འཁོར་སྔོན་རྩིས་ཀྱི་གཏོང་ལེན་ཁྲིམས་ཡིག་བཀའ་འཁྲོལ་ཟིན་པ་དང༌། དེ་བཞིན་སྔོན་རྩིས་བསྐྱར་བཅོས་འོག་བཀའ་འཁྲོལ་ཟིན་པའི་སྔོན་རྩིས་ནང་གསལ་དངུལ་འབབ་ཡོངས་རྫོགས་ཀྱི་གཏོང་ལེན་དབང་ཚད་ཆ་ཚང་བཀའ་ཤག་ལ་ཡོད།

༢ བཀའ་ཤག་གིས་བཀའ་བློན་སོ་སོ་དང་གཤམ་འོག་འགན་འཛིན་སོ་སོར་སྒྲིག་གཞི་ལྟར་སྐབས་བསྟུན་གྱི་དབང་ཚད་སྤྲད་དེ་གཏོང་ལེན་དང་རྩིས་ཉར་བྱ་རྒྱུ།

༣ ངེས་མེད་དགོས་དངུལ་ནས་འགྲོ་གྲོན་གཏོང་དགོས་ཇི་བྱུང་བཀའ་ཤག་གིས་ཐག་གཅོད་བྱ་རྒྱུ་ལས་བཀའ་བློན་བྱེ་བྲག་པས་ཐག་གཅོད་མི་ཆོག

དོན་ཚན་བཅུ་གཅིག་པ། རྗེ་བློན་ལྷན་ཚོགས། ཕྱིར་བསྡུ།

དོན་ཚན་བཅུ་གཉིས་པ། བཀའ་ཤག་ལྷན་ཚོགས་དང༌། ཐག་གཅོད་གནང་ཕྱོགས།

༡ ཛ་དྲག་དམིགས་བསལ་ལྷན་ཚོགས་རིགས་ཕུད། འཆར་ཅན་རེས་གཟའ་མིག་དམར་དང༌། པ་སངས་གཉིས་ལ་བཀའ་ཤག་ལྷན་རྒྱས་གནང་རྒྱུ་དང༌། གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་ངོ་བཞུགས་མེད་ན་ལས། དེ་མིན་བཀའ་བློན་ཚང་མ་ངེས་པར་ལྷན་བཅར་གནང་དགོས། གཞུང་འབྲེལ་ལས་དོན་དབང་གིས་ལྷན་བཅར་མ་ཐུབ་སྐབས་བཀའ་དྲུང་ལ་དེ་དོན་བརྡ་ལན་གནང་དགོས་ཤིང༌། ཛ་དྲག་དམིགས་བསལ་ལྷན་ཚོགས་གནང་དགོས་གྱུར་ཚེ་བཀའ་དྲུང་ནས་ཚོགས་བརྡ་འབུལ་དགོས།

༢ བཀའ་ཤག་ལྷན་རྒྱས་སྐབས་བཀའ་བློན་ཁྲི་པས་འགོ་འདོམས་བྱ་རྒྱུ་དང༌། ཁྲི་པ་མེད་སྐབས་ངོ་ཡོད་བཀའ་བློན་རྣམས་ནས་གཞུང་འབྲེལ་གཏན་འབེབས་གཞིར་བཟུང་ལས་ཁུངས་གྲལ་རིམ་བཀའ་བློན་དེས་འགོ་འདོམས་བྱ་རྒྱུ།

དོན་ཚན་བཅུ་གསུམ་པ། ལས་དོན་ཐག་གཅོད།

༡ བཀའ་བློན་སུ་རུང་ནས་གྲོས་འཆར་བཏོན་པའམ། བཀའ་དྲུང་ཡིག་ཚང་ནས་སྙན་སེང་ཞུས་རིགས་བཅས་ཆབ་སྲིད་དང༌། འཛིན་སྐྱོང་གང་ཅིའི་སྐོར་བཀའ་བསྡུར་གནང་སྐབས་ཚང་མ་དགོངས་མཉམ་སྤྱི་མོས་བྱུང་ན་དང༌། དེ་མིན་བཀའ་བློན་ངོ་ཡོད་མང་མོས་ཀྱིས་ཐག་གཅོད་གནང་རྒྱུ། དེ་ཡང་འབྲེལ་ཡོད་བཀའ་བློན་ངེས་པར་ཡོད་དགོས་པ་མ་ཟད། གོ་བསྡུར་ཐག་གཅོད་བྱུང་རིགས་རྩ་འཛིན་ལག་ལེན་དགོས་པ་ལས། རང་ཉིད་མོས་མཐུན་མེད་པའི་རྣམ་འགྱུར་རིགས་མི་ཐོན་པ་དགོས།

༢ བཀའ་ཤག་གི་སྤྱི་བྱེའི་འཆར་འཕར་ལས་དོན་ཚང་མ་བཀའ་བློན་ལྷན་རྒྱས་མཉམ་གྲོས་གོ་བསྡུར་གྱི་ལམ་ནས་གནང་དགོས་པ་དང༌། ལྷག་པར་ལས་དོན་དམིགས་བསལ་དང༌། དངུལ་གྲོན་འཕར་མ་གཏོང་ཕྱོགས་ཀྱིས་མཚོན་ལས་དོན་གང་ཅི་གོ་བསྡུར་མེད་པར་བཀའ་བློན་སུ་ཐད་ནས་ཐག་གཅོད་གནང་མི་ཆོག

༣ བཀའ་བློན་རྣམས་གཞུང་འབྲེལ་ལས་དོན་ཆེད་ཕྱོགས་ཕེབས་ཀྱིས་མ་མཐར་ངོ་བཞུགས་གཅིག་ལས་མེད་པ་བྱུང་ཚེ། འཆར་ཅན་འཛིན་སྐྱོང་ལས་དོན་སྐོར་ཐག་གཅོད་གནང་ཆོག་ཅིང༌། འོན་ཀྱང་ལས་དོན་གལ་ཆེ་དང༌། གསར་གཏོད་བཅས་འཆར་ཅན་མ་ཡིན་པའི་རིགས་ཐག་གཅོད་མི་ཆོག་པ་དང༌། ཛ་དྲག་གི་ལས་དོན་རིགས་བྱུང་ཚེ་ཕྱོགས་ཕེབས་བཀའ་བློན་རྣམས་ལྷན་འཛོམས་དགོས་པའི་བརྡ་ཐོ་འབུལ་དགོས།

དོན་ཚན་བཅུ་བཞི་པ། ལས་དོན་སྙན་ཞུ།

༡ བཀའ་བློན་གང་ཞིག་གཞུང་འབྲེལ་ལས་དོན་ཆེད་ཕྱོགས་ཕེབས་གནང་དགོས་གྱུར་ཚེ་བཀའ་ཤག་ཏུ་བཀའ་འཁྲོལ་ཞུ་ཐོན་དགོས་པ་ཡིན། དེ་མཚུངས་ཕྱིར་འཁོར་རྗེས་སྒྲིག་མཐུན་ལམ་གྲོན་དང༌། འགྲོ་གྲོན་གཞན་དག་བཅས་ཀྱི་རྩིས་ཁྲ་དང་ལས་བསྡོམས་འཕྲལ་འབུལ་གནང་དགོས།

༢ བཀའ་ཤག་གིས་ཆབ་སྲིད་དང་གལ་ཆེའི་ལས་དོན་ཞིག་བཀའ་བློན་སུ་རུང་ལ་དམིགས་བཀར་འགན་འཁྲི་གནང་ཚེ་དེའི་ལས་དོན་འགྲོ་གྲོན་སྔོན་འཆར་དང༌། དེའི་རྗེས་སྐབས་མཚམས་སོ་སོར་དུས་འགྱངས་མེད་པར་མང་མཐའ་ཟླ་བ་གཉིས་ནང་ཚུན་རྩིས་ཞུ་འགད་གཙང་དགོས་པ་མ་ཟད། ལས་བསྡོམས་ཡིག་ཐོག་བཀའ་ཤག་ལྷན་ཚོགས་སུ་འབུལ་དགོས།

དོན་ཚན་བཅོ་ལྔ་པ། དྲིལ་བསྒྲགས་གསང་རྒྱ།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་མཛད་ཕྱོགས་གཞུང་འབྲེལ་གསལ་བསྒྲགས་གནང་རྒྱུ་དང༌། ལས་དོན་གལ་ཆེ་གསང་དགོས་རིགས་ཕྱི་བསྒྲགས་གནང་རྒྱུའི་ཐག་གཅོད་མ་བྱུང་བར་གསང་རྒྱ་དང༌། རྩ་འཛིན་གཅིག་གྱུར་གནང་དགོས།

དོན་ཚན་བཅུ་དྲུག་པ། བཀའ་དྲུང་ཡིག་ཚང༌།

༡ བཀའ་དྲུང་ཡིག་ཚང་གི་ལས་འགན་ནི། བཀའ་ཤག་ནས་ཐག་གཅོད་བཀོད་ཁྱབ་གནང་བ་གཞིར་བཟུང་ལས་དོན་ཡོངས་རྫོགས་ཀྱི་འགན་འཁུར་ལག་བསྟར་དང༌། བརྒྱུད་བསྒྲགས་བཅས་བྱ་རྒྱུ།

༢ ཕྱི་ནང་ལས་ཁུངས་མ་ལག་ཁག་དང༌། མང་ཚོགས་བཅས་ཀྱི་གནད་དོན་ཡིག་ངག་གཉིས་ཐོག་ནས་ཞུས་འབྱོར་རིགས་བཀའ་ཤག་ལྷན་རྒྱས་ལ་སྙན་སེང་དང་འབྲེལ་ཁུངས་སོ་སོར་ཐག་གཅོད་བཀའ་གསལ་ཇི་གནང་ལྟར་བཀོད་མངགས་བྱ་རྒྱུ།

༣ གཞན་ཡང་བཀའ་དྲུང་ཡིག་ཚང་གི་ལས་དོན་གཞི་རྒྱ་དང་འབྲེལ་བབས་ལ་གཞིགས་པའི་གང་ཅིའི་ལས་དོན་མི་འདྲ་བ་སོ་སོར་འཛིན་སྐྱོང་འགན་འཁུར་བྱེད་ཕྱོགས་ཀྱི་ལས་བགོས་སྒྲིག་གཞི་བཀའ་དྲུང་ནས་བཟོ་འགོད་ཀྱིས་བཀའ་ཤག་ལ་སྙན་སེང་དང་འབྲེལ་གཏན་འབེབས་ལག་བསྟར་བྱ་རྒྱུ།

དོན་ཚན་བཅུ་བདུན་པ། སྒྲིག་གཞི་བསྐྱར་བཅོས།

སྒྲིག་གཞི་འདི་ལ་བསྐྱར་བཅོས་དགོས་གལ་ནམ་བྱུང་སྐབས་བཀའ་ཤག་དང༌། སྤྱི་འཐུས་རྒྱུན་ལས་སམ་སྤྱི་འཐུས་གང་རུང་ནས་འཆར་འབུལ་གྱིས་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བསྐྱར་བཅོས་ལ་བཀའ་བློན་ཁྲི་པས་ཆོག་མཆན་མིང་རྟགས་འགོད་དགོས།། །།

 

(གོང་གསལ་སྒྲིག་གཞི་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པར་བགྲོ་གླེང་ཞིབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ ཉིན་བསྐྱར་བཅོས་གཏན་ལ་ཕབ་པའི་ཡིག་ཆ་ཨང་ ༡༡༠ འཁོད་པ་ལས་ཕྱོགས་བསྒྲིགས་བགྱིས་པར་ཚད་འཛིན་ཞུས། །)

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། རྩ་ཁྲིམས་སྐོར་གྱི་ཤེས་བྱ་ཁག་ཅིག

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ཁང་སའམ་གཞིས་སའི་ཐད་ནས་རྩོད་གླེང་བྱུང་ན།
  • ཀྲུང་གོའི་གཉེན་སྒྲིག་སྐོར་གྱི་བཅའ་ཁྲིམས།
  • ཀྲུང་གོའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྐོར་གྱི་བཅའ་ཁྲིམས།
  • བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས་ཁྲིམས་བཟོའི་དབང་འཛིན།
  • བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལས་འོས་བསྡུ་ལས་དོན།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།