མགུར་མོ།
ཁྱོད་གདོང་རིས་གདོང་ནས་ཡོང་ཁ་གྱིས།།ང་འཇུ་རིས་འཇུ་ནས་ཡོང་ཁ་བྱེད།།
ཕུ་ཡི་གྲོ་མ་བསྐོ་མདོག་བྱེད།།སྟོད་ལ་གཉིས་བར་ལ་དུས་ཞིག་བྱེད།།
ཁྱེད་མ་འགྱུར་ཤར་གྱི་སྤྲིན་མགོ་མཚོན།།ང་མི་འགྱུར་ནུབ་ཀྱི་སྤྲིན་མགོ་མཚོན།།
གནམ་ནས་སྤྲིན་གཉིས་ཐུག་པའི་དུས།།རོགས་ང་གཉིས་ཐུག་དང་ཁྱད་པར་མེད།
ཁྱེད་མ་འགྱུར་རི་ཆེན་རི་འདྲ་སྡོད།།ང་མི་འགྱུར་ཐང་ཆེན་ཐང་འདྲ་འདུག།
ཁྱེད་རི་ཆེན་འགྱུར་ཟོལ་མི་འདུག་ན།།གང་མཐའ་མེད་རེད་ན་འགྱུར་མེད་བཟོ།།
ཁྱོད་ནི་ཉི་མའི་དཀྱིལ་འཁོར།།ང་ནི་ཟླ་བའི་དཀྱིལ་འཁོར།།
ང་གཉིས་ཉི་ཟླ་སྤུན་གཉིས།།འཛམ་གླིང་གཡས་སྐོར་རྒྱག་འགྲོ །
ཁྱེད་རང་རྒྱ་གར་སོང་ན།།རྨ་བྱའི་སྒྲོ་ཤིག་ཁུར་ཤོག །
ང་རང་བཀྲ་ཤིས་བུམ་པས།།ཁ་ཞེ་མེད་པ་སྒུག་ཡོད།།
ཁྱོད་རང་མར་གཅིག་ཁུར་ཡོང་། །བསམ་པ་ཨེ་མཐུན་མི་མཐུན། །
དཀྲུག་པའི་ཇ་ལ་བལྟས་ཆོག
གྲིབ་ཆེན་གྲིབ་མ་གུག་ལ་བྱུང་།།ངས་དྲིན་ཆེན་ཨ་མ་ཡང་རེ་དྲན།།
མི་ལྕོགས་ཁུར་པོ་ཁུར་ཉིན་མོ།།ངས་མདོ་དགའ་རྟ་ཕོ་ཡང་རེ་དྲན།།
གོས་ཆེན་ཕོར་ཁུག་ནང་ན།།ཡུར་པོའི་རྩམ་པ་བླུགས་སོང་།
བླུག་མི་ཧམ་པ་ཆེ་སོང་།།བླུག་ས་བསམ་པ་སྡུག་བྱུང་།
རྒྱ་ཡུལ་རྒྱ་མོ་ཞིག་གིས།།རྒྱ་རག་ཨེ་འཐུང་དྲིས་བྱུང་།།
རྒྱ་སྐད་ཚིག་གཅིག་མི་ཤེས།།རྒྱ་རག་མི་འཐུང་ཟེར་ཡོད།།
རྒྱ་ནག་སྟོང་སྐུད་མདུད་པ། །སོ་དང་སེན་མོས་བཀྲོལ་ཆོག །
རང་སེམས་དར་གྱི་མདུད་པ། །བཀྲོལ་ཡང་གྲོལ་ས་མ་རེད། །
ངས་ཨ་ཟི་འབྲི་ཡི་མ་འོག་ནས།།ངས་ཉིན་རེ་ཐེངས་རེར་བརྗེད་མྱོང་མེད།།
ཁྱེད་ཁ་དཀར་རྐྱང་གི་སྒང་ཐོག་ནས།།ལ་ཕུག་གི་དྲན་བཞིན་ཨེ་ཡོད་དམ།།
ངས་རྟ་བརྒྱ་རྟ་སྟོང་མིག་གིས་འཚོ།།སྔོ་འཛི་གཡུ་ཡག་སེམས་ཀྱིས་འཚོ།།
ངས་རྟ་བརྒྱ་འཚོ་འདོག་མ་བྱས་ན།།སྔོ་འཛི་འཚོ་ཐབས་མི་བདེ་རོ།།
ང་སྨོན་ལམ་ལ་ནས་འགྲོ་རེ་ལ།།རྟ་འདོ་ལུ་སྨོན་ལམ་ལ་ཁ་འདུག།
ཆིབས་བསམ་ནས་སྨོན་ལམ་མ་བརྒྱབ་སྟེ།།རྒྱབ་གསེར་སྒ་སྨོན་ལམ་རང་འགྲུབ་རེད།།
ང་སྨོན་ལམ་ལ་ནས་འགྲོ་རེ་ལ།།མཛོ་ཁྱུང་དཀར་སྨོན་ལམ་ལ་ཁ་འདུག།།
བཀལ་བསམ་ནས་སྨོན་ལམ་མ་རྒྱབ་སྟེ།།རྒྱབ་དྲུག་ཇ་སྨོན་ལམ་རང་འགྲུབ་རེད།།
ང་སྨོན་ལམ་ལ་ནས་འགྲོ་རེ་ལ།།རོགས་ཆུང་འདྲིས་སྨོན་ལམ་ལ་ཁ་འདུག།།
འདྲིས་བསམ་ནས་སྨོན་ལམ་མ་བརྒྱབ་སྟེ།།གཏམ་ཚིག་གསུམ་སྨོན་ལམ་རང་འགྲུབ་རེད།
བཅོ་ལྔའི་ཟླ་བ་འདྲ་བའི།།གསལ་ཆ་ང་ལ་མེད་དེ། །
ཚེས་གསུམ་ཟླ་བ་འདྲ་བའི།།རང་ལུས་རང་གིས་གསལ་ཆོག །
ལྕང་གླིང་ཕྱོགས་ཀྱི་འཇོལ་མོས།།གསུང་སྙན་མི་རྒྱག་དགུ་རྒྱག །
གོ་བ་ཅན་གྱིས་མ་གཏོགས།།ཅི་གསུངས་བཤད་ཐབས་དཀའ་བ།།
ལྕང་མ་བྱིའུ་ཆུང་ངེད་གཉིས།།ཆུང་ནས་མཉམ་སྐྱེས་ཡིན་གྲགས།།
ལྕང་མ་ཁོག་རུལ་ཨེ་ཡིན།།ད་ལོ་མ་གཏོགས་མ་ཤེས།།
ལྕང་མ་ང་ཡིས་བཙུགས་ཡིན།།ལྕང་ཆུ་ང་ཡིས་བླུགས་ཡིན།།
ལྕང་མའི་འདབ་ལོ་རྒྱས་དུས།།བདག་པོ་ང་ཡིན་ཁོ་ཡིན།།
ལྕང་མ་བཙུགས་ནི་ཡོད་རེད། །རི་རྒྱལ་རྩེ་ལ་བཙུགས་ཡོད། །
ལས་འབྲས་ཡོད་པའི་ལྕང་མ། །རི་རྒྱལ་རྩེ་ལ་སྐྱེས་བྱུང་། །
ལྕང་མ་བཙུགས་ནི་བཙུགས་ནི་བཙུགས་ཡོད། །ཆུ་གཉིས་བར་ལ་བཙུགས་ཡོད། །
ལས་འབྲས་མེད་པའི་ལྕང་མ། །ཆུ་གཉིས་བར་ལ་སྐམ་སོང་། །
ཆུང་འདྲིས་བྱམས་པ་བཞུགས་ས།།བྲག་རི་དངུལ་དཀར་མེ་ལོང་།།
སེམས་པ་ཐར་ན་མ་གཏོགས།།ལུས་པོ་ཐར་ས་མ་རེད།།
ཆུང་འདྲིས་ཕར་རིའི་ཀླད་ན།།ལྕང་མ་ཡིན་ན་བསམ་བྱུང་།།
ང་ནི་དེ་ཡི་ལོགས་སུ།།བྱེའུ་ཆུང་ཡིན་ན་བསམ་བྱུང་།།
ཆུང་འདྲིས་ཨ་གསར་ཆེ་བ།།ཤོག་བུའི་གོས་ཞིག་དྲུབ་སོང་།།
ཆར་པ་གཅིག་རྒྱབ་གཉིས་རྒྱབ།།བལྟ་ཉན་རྟོག་ཉན་མ་བྱུང་།།
ཆུང་འདྲིས་རང་གཉིས་སྐད་ཆ།།རུམ་ནང་སྲུང་འཁོར་གཡོག་ཡོད།།
སྟོང་གསུམ་སྡེ་བའི་སྔ་སོར་།།མ་ཡིན་མདོག་རེ་གྱིས་ཤོག།
ཆུང་འདྲིས་རྒྱབ་ལ་བུད་ཐལ།།རྨ་བྱའི་སྒྲོ་ཞིག་ཁུར་བྱུང་།།
ང་རང་དངུལ་དཀར་བུམ་པ།།ཡོ་འཁྱོག་མེད་པར་བསྡད་ཡོད།།
ཆུང་འདྲིས་བྱམས་པ་ཟེར་བ།།སྤྱང་ཀིའི་རིགས་ཤིག་ལོས་ཡིན།།
ཤ་དང་སྤགས་པ་འདྲེས་དུས།།རི་ལ་ཤོར་དོགས་འདུག་གོ།
ཆང་གཅིག་འཐུང་བའི་མི་ལ།།ཡོན་ཏན་མི་འདུག་མ་གསུངས།།
གཞས་དང་གླུ་ངག་ཚིག་གསུམ།།ཡོན་ཏན་མིན་ན་གང་ཡིན།།
ཆུ་མོ་རྒྱུགས་སོང་མ་བསམ།།ཟམ་པ་ལུས་ཐལ་མ་བསམ།།
ཆུ་མོ་གཡས་འཁོར་གཡོན་འཁོར།།ཟམ་ཆུང་ཁྱོད་རྩར་འཁོར་ཡོང་།།
ཆུ་ཡིས་མར་འགྲོ་ཟེར་གྲགས།།ཉ་ཡིས་ཡར་འགྲོ་ཟེར་གྲགས།།
ཆུ་མོ་ཉ་ཆུང་གཉིས་ཀ།།བསམ་པ་མཐུན་རོགས་ཨེ་ཆོག །
ཆུ་མོས་མར་འགྲོ་ཟེར་ན།།ཉ་ཆུང་ཡར་འགྲོ་མི་ཟེར།།
ཆུ་མོ་གར་འགྲོ་ས་ལ།།ཉ་ཆུང་དེ་ལ་སླེབས་ཡོང་།།
ཆུ་འགོ་ཉ་ཡིས་བསྙོགས་བྱུང་།།ཆུ་རྔ་སྲམ་གྱིས་བསྙོགས་བྱུང་།།
དྭངས་ན་དྭངས་ཐག་ཆོད་རོགས།།བསྙོགས་ན་བསྙོགས་ཐག་ཆོད་རོགས།།
ཆུ་གཅིག་ཆེ་ན་ཆེ་ཆོག །ཟམ་ཆུང་འཁུར་ན་འཁུར་ཆོག །
རྟ་ཕོ་རག་ཕྲུག་ངེད་གཉིས།།ཆུ་འགོ་བསྐོར་ནས་འགྲོ་ཆོག །
ཆུ་མོ་མ་བསྙོགས་གོང་ནས།།ཆུ་མོ་བསྙོགས་མིང་ཕོག་སོང་།།
གལ་སྲིད་བསྙོགས་དགོས་བྱུང་ན།།དྭངས་རྒྱུ་མེད་པ་བསྙོགས་ཆོག །
ཆུ་མོ་མར་འགྲོ་སྐབས་ལ།།ཟམ་པས་བྱམས་སྐྱོང་མཛད་རོགས།།
ཆུ་མོ་ཡར་འཁོར་བྱུང་ན།།སྐུ་དྲིན་རིམ་གྱིས་གསབ་ཆོག །
ཆུང་འདྲིས་ང་གཉིས་ཐུག་ས།།ཨོ་རོག་རྫོང་གི་ཡར་ནང་།།
བྱིའུ་ཆུང་འཇོལ་མོ་མ་གཏོགས།།སུ་གཅིག་གང་གིས་མི་གོ །
ཆུང་འདྲིས་རྒྱ་གར་འགྲོ་ན།།རྨ་བྱའི་སྒྲོ་གཅིག་ཁུར་ཤོག །
ང་རང་རྣམ་རྒྱལ་བུམ་པ།།ཁ་རྒྱན་མེད་པར་བཞག་ཡོད།།
ཆུང་འདྲིས་འགྲོ་དགོས་ཟེར་དུས།།མ་འགྲོ་ཟེར་རྒྱུ་མི་འདུག །
ཆུ་དང་ཟམ་པའི་ཐོག་ལ།།སྐྱབས་འགྲོ་སྒྲོལ་མ་འདོན་རོགས།།
ཆུང་འདྲིས་ཡོད་ན་ལོས་དགའ།།སྙིང་གཏམ་བཤད་ས་ཡོད་གྲགས།།
ཆུང་འདྲིས་མེད་ན་ཅི་སྡུག །ཕྲག་དོག་མེད་ན་སྐྱིད་ཡིན།།
ཆུ་ཆེན་བྱེ་མའི་ཁུགས་སོ་ལ།།ཉ་གསེར་ཉ་ཡོད་བསམ་དགའ་བསྡད་ཡོད།།
ངང་པ་སེམས་པོའི་ཁ་རྩ་ན།།དགའ་དགའ་ལ་ནས་ཡོད་ཤིས་མེད།།
ཆུ་དམར་ཆུ་གཙང་ཆུ་མདའ་འབྲེལ་རེད།།འབོག་ཕོད་ལེ་ཨེ་རེད་ཁ་དཀར་རྟ།།
ཁྱེད་ཀྱི་འབོག་འགྲོ་ཟེར་བ་ན།།ཆུ་དམར་ཆུས་ཁུར་ན་འགྱོད་པ་མེད།།
ཆུང་འདྲིས་ཆུང་འདྲིས་མ་ཟེར།།ཆུང་དུས་འདྲིས་རྒྱུ་མ་བྱུང་།
བྱམས་པ་བྱམས་པ་མ་ཟེར།།ལུས་ལ་བྱམས་རྒྱུ་མ་བྱུང་།
ཆུང་འདྲིས་ཁྱེད་ལ་ཅི་དགོས།།འདི་དགོས་ང་ལ་གསུང་དང་།།
གནམ་གྱི་སྐར་མ་ཡིན་ཡང་།།སྤྲིན་འཇའ་བཙུགས་ནས་ལེན་ཡོང་།
ཆུང་འདྲིས་ཆུང་མ་ཟེར། །ཆུང་ནས་འདྲེས་རྒྱུ་མ་བྱུང་། །
བྱམས་པ་བྱམས་པ་མ་ཟེར། །ལུས་ལ་བྱམས་རྒྱུ་མ་བྱུང་། །
ཆུ་འགོ་རྫོང་མཁན་ང་མེད།།ཆུ་རྐ་ཤད་མཁན་ང་མེད།།
ནམ་མཁའི་བླ་མ་དཀོན་མཆོག།འཐུང་ཆུ་སྒོ་མཚམས་ཁྲིད་རོགས།།
སྟར་སྒ་གཅིག་ཟ་གཉིས་ཟ།།ཕ་མས་ཨེ་ཟ་མི་གོ།
སྟར་ཆུ་ལུས་པ་འཇུར་དུས།།ཕ་མ་དགོངས་པ་མ་ཚོམ།།
ནམ་མཁར་སྐར་མས་གང་བྱུང་། །སྨིན་དྲུག་འདྲ་ལེ་མི་འདུག །
རྒྱ་གྲོང་མི་ཡིས་གང་བྱུང་། །བྱམས་པ་འདྲ་ལེ་མི་འདུག །
ཕར་རིའི་སྤང་དཀར་སྟེང་ལ།།ར་མ་ལུག་གིས་གང་སོང་།།
དབྱར་རྩྭ་ཟ་ལང་མེད་པར།།སྤང་དཀར་རྙང་པས་བརྫད་སོང་།།
ཕར་རིའི་ལྕང་མ་ཚུར་འགུགས།།ཚུར་རིའི་ལྕང་མ་ཕར་འགུགས།།
འགུགས་ན་ཕར་འགུགས་ཚུར་འགུགས།།མ་འགུགས་ཁ་ཁ་སོ་སོ།།
ཕ་རིའི་སྤང་གི་སྟེང་ལ། །ར་མ་ལུག་གིས་གང་བྱུང་། །
སྤྱང་གི་གཅིག་རྒྱུག་གཉིས་རྒྱུག །བལྟ་ཉན་རྟོག་ཉན་མ་བྱུང་།།
འབྲུ་ཡི་མར་ཁུ་སྤར་ཏེ།།འོད་བཟང་ལྷ་ལ་འབུལ་ཡོད།།
མཁའ་གསལ་འོད་ཀྱི་བདག་པོ།།སུ་ཡི་མར་མེ་ཡིན་ན།།
དབྱར་ཆུ་ཆེ་ན་ཆེ་འགྲོ།དགུན་ཆུ་ཆུང་ན་ཆུང་འགྲོ།
རྟ་ཕོ་རག་ཕྲུག་ངེད་གཉིས།།ཆུ་འགོ་སྦུགས་ནས་སྐོར་འགྲོ།
མི་འཇིག་ཁ་བའི་གངས་ལྗོངས།།ཤེལ་དཀར་ཕྲེང་བས་བརྒྱན་ཡོད།།
ལས་དང་སྨོན་ལམ་འཛོམས་དུས།།སེམས་ཀྱི་རང་མགུར་མ་བརྗེད།།
མི་ཚེ་གཅིག་གི་འབད་བརྩོན།།རྨི་ལམ་གཅིག་གི་ནམ་ཟླ།།
ཅི་བསམ་འདི་ཟེར་མེད་པའི།།ཡོད་ཚད་སྟོང་བའི་ལྷ་སྒྲུང་།།
མ་རྩ་འགུ་བ་དངུལ་རེད། །ཕྲ་ཁང་རིན་ཆེན་གསེར་རེད། །
རྡུང་མི་མགར་བ་གཅིག་རེད། །གོན་རེས་བྱས་ན་ལོས་ཆོག །
དམར་རྒྱལ་སྤམ་བྲག་སྐུ་ཚེ་རིང་།།ངས་དམར་ཆུ་འཐུང་བསམ་ཞེ་ལ་མེད།།
རི་རྒྱལ་ལྷུན་པོ་སྐུ་ཚེ་རིང་།།ངས་བསྐོར་ར་རྒྱག་བསམ་ཞེ་ལ་མེད།།
ཚོང་དཔོན་ལྷ་ས་འགྲོ་ན། །ཁ་བཏགས་འདོམ་གང་ཁྱེར་རོགས། །
ཡིད་བཞིན་ནོར་བུའི་མདུན་དུ། །གསོལ་འདེབས་སྨོན་ལ་རྒྱག་རོགས། །
ཡར་གི་ཉི་ཟླ་གཉིས་པོ། །ཨ་སྔོན་གནམ་གྱི་རྒྱན་རེད། །
ང་ཡི་ཆུང་འདྲིས་བྱམས་པ། །ན་ཆུང་ཀུན་གྱི་རྒྱན་རེད། །
ཡར་གི་བྲག་རིའི་རྩེ་ལ། །གསེར་གྱི་མཆོད་རྟེན་བཞེངས་ཡོད། །
བསྐོར་ར་ཡོང་འདོད་ཡོད་ན། །སྐོར་ལམ་བདེ་མོ་བྱས་ཆོག །
ཡུལ་ཆུ་སྔོན་མོ་བབས་རྗེས་ལ།།བྲག་ཐོ་སྐྱ་མོ་ཡིད་རེ་སྐྱོ།།
ཆུང་འདྲིས་རོགས་དགའ་སོང་རྗེས་ལ།།སྨན་ཆུང་བུ་མོ་ཡིད་རེ་སྐྱོ།།
རི་ཕར་རི་མཐོ་སྟེ་ཚུར་རི་དམའ།།འཇའ་གསེར་ཟམ་བཙུགས་ཟེར་དཀའ་མོ་རེད།།
རོགས་ཁྱེད་ཚོ་མཐོ་སྟེ་ང་ཚོ་དམའ།།གཞིས་འཁོར་བ་བཟུང་ཟེར་དཀའ་མོ་རེད།།
རི་ཆེན་རི་ཆུང་བར་ལམ་ནས།།ངས་རི་རྒྱལ་ལྷུན་པོ་མི་མཇལ་དུ།།
ངས་མ་མཇལ་ཨེ་མཇལ་ཡོད་ལེ་མིན།།རི་ཆེན་པོས་ཆེན་པོ་གཡོལ་ལེ་རེད།།
རོགས་དགའ་ཨ་གསར་ཆེ་བྱུང་།།ཤོག་བུས་དོ་མ་དྲུབས་སོང་།།
གོམ་གསུམ་སྤོ་ལོང་མེད་པ།།ཡར་དོ་ཕྱིར་དོར་རལ་སོང་།
རི་དཀར་དཀར་རི་རྩེ་ཕྲ་མོ་མ།།བྱ་ཁུ་བྱུག་ངེད་གཉིས་འབབ་ཆགས་བྱས།།
འབབ་མ་ཐུབ་རི་མགོ་སྨུག་པས་བཏུམ།།བྱ་ཁུ་བྱུག་སེམས་ལ་ལོས་ཡོད་རེད།
ལྷ་བྱ་ཁུ་བྱུག་ཁྱེད་ལ། །བསམ་ནས་འཇོལ་མོ་ང་རང་། །
དགུན་ཟླ་གསུམ་གྱི་རིང་ལ། །མིག་རྩ་མཆི་མས་བསྐོར་སོང་།
ལྷ་སའི་བར་སྐོར་ནང་ནས།།མདོང་དགོང་གཡུ་ཅིག་རྙེད་པ།།
ད་ནང་བལྟ་ཡག་བྱས་པས།།ཕུག་རོན་རིལ་མ་རེད་འདུག
ཤར་ཕྱོགས་ཤར་ནས་འོང་པའི།།སྐར་མ་བརྒྱད་བརྒྱད་པ་ཊ།།
ཤར་ཟེར་ཤར་གོ་མི་ཆོད།།ཟླ་བའི་འགྲོ་ལམ་མ་བཀག།
ས་དམར་རི་དམར་མཐོང་ནས་བྱུང་།།རོགས་སྙིང་དམར་ཅན་དེ་དྲན་ནས་བྱུང་།།
རྩྭ་འཇམ་ཤིང་འཇམ་རིག་ནས་བྱུང་།།རོགས་ལུས་འཇམ་ཅན་དེ་དྲན་ནས་བྱུང་།།
སེར་པོ་གསེར་གྱིས་རྡུང་བའི། །ཨ་ལོང་ཁྲ་རྒྱན་མེ་ཏོག །
མཛེས་མཛེས་ལྷ་ལ་ཕུལ་ཡོད། །ང་ལ་དངོས་གྲུབ་གནང་རོགས། །
ཨེ་སྐྱེ་བསམ་པའི་ལྕང་མ།།ཆུ་གཉིས་བར་ནས་སྐམ་སོང་།།
མི་སྐྱེ་བསམ་པའི་ལྕང་མ།།རི་རྒྱལ་མགོ་ན་སྐྱེས་སོང་།།