བྱ་རྒོད་སྲས་དོན་ཡོད་ལགས།
ཁམས་སྡེ་དགེའི་བྱ་རྒོད་སྲས་དོན་ཡོད་ལགས་ཟླ་བ་འདིའི་ཕྱི་ཚེས་༡༩ ཉིན་གཞུང་ཞབས་ལས་བྱེད་གནང་མུས་ཐོག་འདས་གྲོངས་ཕྱིན་པའི་ཡིད་སྐྱོ་གནས་ཚུལ་ཐོན་པ་ལ། ངེད་བལ་ཡུལ་གནས་འཁོད་སྡེ་དགེ་བདེ་དོན་ཚོགས་པའི་ངོས་ནས་བྱས་པ་རླབས་ཆེ་བའི་དམ་པ་གང་ལ་མྱ་ངན་གུས་འདུད་དང་། ཤུལ་ལུས་ནང་མི་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་སེམས་གསོ་དང་འབྲེལ་འདིར་ཞག་གསུམ་ཉིན་མོ་དང་བསྟུན་ནས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མདུན་མར་མེ་སྟོང་མཆོད་ཀྱིས་མཚོན་མཆོད་འབུལ་ཞུས་པ་དང་། དམ་པ་གང་གི་རྨད་བྱུང་མི་ཚེའི་ལོ་རྒྱུས་ཉུང་བསྡུས་ཤིག་འགོད་ཀྱིན་ཡོད།
དེའང་བྱ་རྒོད་སྲས་དོན་ཡོད་ལགས་ནི། ཕྱི་ལོ་ ༡༩༣༧ ཟླ་ ༣ ཚེས་ ༡༠ ཉིན་ཁམས་སྡེ་དགེའི་རྒྱལ་ས་རུ་སྐུ་བལྟམས། དེ་ནས་བཙན་རྒྱ་དམར་པོ་ཁམས་ཕྱོགས་སུ་བཙན་འཛུལ་བྱས་ཏེ་ཛ་དྲག་གི་གནས་ཚུལ་ཐོན་སྐབས། བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང་ལྷན་ཡུལ་དབུས་སུ་ཕེབས་ནས་གཞུང་ས་དགའ་ལྡན་ཕོ་བྲང་ལ་སྙན་སེང་ཞུས་པ་དང་། ལྷ་སའི་ཇོ་ཤག་རྣམ་གཉིས་དང་གདན་ས་ཁག་ཏུ་མཆོད་འབུལ་རྒྱ་ཆེར་གནང་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གསེར་ཁྲི་འཛམ་གླིང་རྒྱན་གཅིག་བཞེངས་པར་མི་རྒྱུ་གཉིས་ཀྱིས་ནུས་ཤུགས་ཆེན་པོར་བཏོན། ༡༩༥༨ ལོར་ལྕགས་ཚ་གྲི་གུ་ཐང་གི་བསྟན་སྲུང་དང་བླངས་དམག་ཁོངས་ཞུགས་ནས་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་གཏོང་འགོ་བརྩམས།
༡༩༥༩ ལོར་ཆུ་སྒང་དབུས་དམག་སྤྱི་ཁང་གི་ཕྱི་འབྲེལ་ལས་དོན་ཆེད་རྒྱ་གར་དུ་འབྱོར་ཞིང་། སྐབས་དེར་༸གོང་ས་མཆོག་གིས་གཙོས་དམག་སྤྱི་ཨ་འབྲུག་མགོན་པོ་སོགས་བོད་མི་གང་འཚམ་ཞིག་རྒྱ་བལ་སོགས་སུ་འབྱོར་ཟིན་མོད། རང་ཡུལ་དགྲ་ལག་ཏུ་ཤོར་བ་དང་། བོད་མི་མང་ཆེ་བས་རྒྱ་མིའི་མནར་གཅོད་མྱོང་གིན་པ་མ་བཟོད་ནས། རང་མོས་ཐོག་དྲག་པོའི་དམག་སྦྱོང་ཆེད་ཨ་རིར་ཕེབས། ལོ་དེའི་ལོ་མཇུག་ཏུ་མི་༡༧ ལྷན་གནམ་གྲུ་ནས་ལྕགས་ར་དཔལ་འབར་དུ་མཆོང་བབ་བྱས། ཤོ་སྟར་ལྷོ་གསུམ་དུ་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་སྤྱི་ཁང་བཙུགས་པ་དང་། དེར་འདུས་དམག་བརྒྱད་སྟོང་ཙམ་ཡོད་པ་རྣམས་ལ། ཨ་རིའི་ཕྱོགས་ནས་གནམ་གྲུ་༩ ཙམ་གྱི་གོ་ལག་གི་རོགས་རམ་རག་ཐབས་བྱས། དེ་བཞིན་འཇབ་དམག་དང་། མདའ་རྫས་བེད་སྤྱོད་བྱེད་སྟངས་ཐད་སློབ་སྦྱོང་སྤྲད་དེ་དམག་འཐབ་ཀྱི་རྒྱལ་ཁ་དུ་མ་བླངས། མཐར་ས་གནས་དེར་རྒྱ་མིའི་ཞིང་ཆེན་གསུམ་གྱི་དམག་ཁྲི་ཚོ་བཞི་ཕབ་པར་བརྟེན། མང་སྣེ་ཉུང་གིས་མ་ལོན་པ་ཟླ་བ་གཉིས་རིང་དམག་འཐབ་བྱེད་ཞོར་རྒྱ་གར་དུ་ཡང་སྐྱར་ཕེབས་དགོས་བྱུང་། ༡༩༦༤ ནས་ ༡༩༦༧ བར་མ་སུ་རི་རེ་ཀྲིང་སློབ་གྲྭར་སྐད་ཡིག་སློབ་སྦྱོང་གནང་། ༡༩༦༨ ལོར་ཨ་རིར་མཐོ་སློབ་དུ་སློབ་སྦྱོང་ཆེད་ཕེབས་ཏེ་ཚོང་དོན་རིག་པ་དང་། དཔལ་འབྱོར་རིག་པའི་གཞུང་ལུགས་ཐོག་སློབ་གཉེར་གནང་། ༡༩༧༧ ལོར་རྒྱ་གར་དུ་ཕྱིར་འཁོར་བ་ནས་བཟུང་སྦིར་སྡེ་དགེ་གཞིས་ཆགས་ཀྱི་གཙོ་འཛིན་གནང་། ༡༩༧༧ ནས་༡༩༩༤ བར་ཆུ་སྒང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིར་གནང་། ༡༩༨༢ ཟླ་ ༩ ཚེས་ ༢ ནས་ ༡༩༨༧ ཟླ་ ༩ ཚེས་ ༡ བར་སྐབས་ ༨ པའི་སྤྱི་འཐུས་དང་། ༡༩༨༧ ཟླ་ ༩ ཚེས་ ༢ ནས་ ༡༩༨༨ ཟླ་ ༩ པའི་ཚེས་ ༡ བར་སྐབས་ ༩ པའི་སྤྱི་འཐུས་གནང་། ༡༩༨༨ ཟླ་ ༩ ཚེས་ ༢ ནས་ ༡༩༨༨ ཟླ་ ༡༡ ཚེས་ ༢༦ བར་སྐབས་ ༡༠ པའི་སྤྱི་འཐུས་དང་ཚོགས་གཞོན་གྱི་ལས་འཁུར་བཞེས་ཡོད། དེ་རྗེས་སྤྱི་འཐུས་སྐབས་མང་པོ་ཞིག་གི་སྔོན་འགྲོའི་འོས་འདེམ་བྱུང་ཡང་དགོས་དབང་གིས་དགོངས་ཞུ་གནང་། ༡༩༩༤ ལོར་དབུས་ཆུ་སྒང་སྒྲིག་འཛུགས་ཀྱི་ཚོགས་གཞོན་དུ་བདམས་ཐོན་བྱུང་བ་བཞིན་༢༠༠༡་བར་ཕྱག་ལས་གནང་།
༡༩༩༩ ཡན་མན་ནས་༸སྐྱབས་རྗེ་༸གྲུབ་དབང་པད་ནོར་རིན་པོ་ཆེ་དང་། ༸སྐྱབས་རྗེ་༸བྱ་བྲལ་རིན་པོ་ཆེ་རྣམ་གཉིས་རྩ་བའི་བླ་མར་བསྟེན་ཏེ་བལ་ཡུལ་ཡོལ་མོ་གངས་ཀྱི་ར་བ་རུ་ལོ་གཅིག་ལྷག་སྐུ་མཚམས་བཞུགས། ༢༠༠༤ ལོར་སྦིར་ཅོན་ཏ་ར་བུ་ཁྱིམ་སློབ་གྲྭ་བཙུགས་པ་ནས་ད་བར་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་འགན་ཁུར་བཞེས་བཞིན་པའི་སྐབས་དང་། ༢༠༠༣ ནས་༢༠༠༦ བར། ༢༠༠༦ ནས་༢༠༠༩ བར། ༢༠༡༠ ནས་ད་ལྟའི་བར་བཅས་སོ་སོར་༸གོང་ས་མཆོག་གིས་གསོལ་རས་གནང་བའི་མང་གཙོའི་འོས་འདེམས་ལམ་ནས་ས་གནས་འགོ་འཛིན་དུ་གདམས་ཐོན་བྱུང་བ་ལྟར་ཕྱག་ལས་གནང་མུས་ཐོག འདི་ཟླའི་ཚེས་༡༩ ཉིན་སློབ་གྲྭ་ཞིག་ཏུ་གཞུང་འབྲེལ་སྐུ་མགྲོན་ཕེབས་སྐབས་ཁྲག་ཤེད་ཀྱིས་རྐྱེན་པས་གློ་བུར་སྙུང་སྟེ་སྨན་ཁང་དུ་ཁྱེར་རྗེས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་རེད། དེ་ལྟར་སྐུ་གཤེགས་རྗེས་ཀྱི་ཉིན་གཉིས་རིང་ཐུགས་དམ་དུ་བཞུགས་ཡོད་པའི་གནས་ཚུལ་བཅས་སོ།།
ཀུན་གྱིས་མཁྱེན་གསལ་ལྟར་དམ་པ་ཁོང་ནི་གཞུང་དྲང་ལྷག་བསམ་ཅན་ཞིག་ཡིན་པ་དང་། མི་ཚེའི་བརྒྱུད་རིམ་ནང་རང་ཉིད་བློས་གཏོང་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་མཛད་པ་རླབས་ཆེ་ཞིང་། ལོ་རྒྱུས་ལས་གཟི་འོད་འབར་བའི་རྒྱལ་གཅེས་དཔའ་བོ་ཞིག་ཡིན་ལ། ༸གོང་ས་མཆོག་གི་གསང་གསུམ་གྱི་མཛད་པ་ལ་ལུས་སྲོག་ལོངས་སྤྱོད་དང་བཅས་པས་སྲི་ཞུ་སྒྲུབ་ནུས་པའི་འཕགས་པ་ཐུགས་རྗེ་ཆེན་པོའི་འཁོར་འབངས་རྣམ་དག་ཅིག་ཀྱང་ཡིན། དེ་བཞིན་དམ་པ་ཁོང་ནི་ཆོས་སྲིད་གཉིས་ཐད་ཀྱི་གྲུབ་འབྲས་བཟང་པོར་ལྡན་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།
བལ་ཡུལ་སྡེ་དགེ་བདེ་དོན་ཚོགས་པ་ནས་བསྐུལ་བ་བཞིན་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་ཕྱོགས་བསྒྲིགས་ཞུ ༢༠༡༡་༡༢་༢༢ ཉིན་གུས་ཕུལ།།