སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་མཛད་རྗེས།
སྡེ་དགེའི་ལོ་རྒྱུས་སྤྱི་དོན་ཟླ་ཤེལ་གསར་པའི་མེ་ལོང་ལས་ཚན་བཤུས་བྱས། རྩོམ་པ་པོ། སྡེ་དགེ་བ་ཐུབ་བསྟན་ཕུན་ཚོགས།
སི་ཏུ་ཆོས་ཀྱི་འབྱུང་གནས་ནི།རབ་བྱུང་བཅུ་གཉིས་པའི་ས་ཡོས་ལོ་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་ཉིན་སྡེ་དགེའི་ཨ་ལོ་གྲོང་དུ་སྐུ་འཁྲུངས།འོན་ཀྱང་ཀརྨ་པ་ཡེ་ཤེས་རྡོ་རྗེའི་ལུང་སི་ཏུ་ལྕགས་འབྲུག་ལོ་པ་ཨ་ལོར་འཁྲུངས་ཞེས་པའི་ལུང་ལ་བརྟེན་ནས་རྗེས་སུ་ཡོངས་གྲགས་སུ་དགུང་སྙིང་ལྕགས་འབྲུག་(1700)ལོ་པ་བརྩི་སྲོལ་ཆགས་འདུགརྗེ་འདིའི་རྣམ་ཐར་ལོ་རྒྱུས་ཉུང་བསྡུས་ནི།མེ་ཉག་མགོན་པོས་མཛད་པའི་གསུང་འབུམ་དཀར་ཆག་པོད་གསུམ་པ་ལས། “དགུང་ལོ་བདུན་པར་ཨ་ལོ་དཔལ་འབྱོར་དགོན་དུ་རྒྱུན་མཆོད་ཀྱི་ཆོ་ག་ཕྱག་ལེན་སོགས་ལེགས་པར་སྦྱངས། མཁས་པའི་དབང་པོ་དཔལ་གྲུབ་མདུན་སྐར་རྩིས་དང༌། སྒྲ་རིག་པ། སྙན་ངག་སྐོར་དང༌། ཁུ་བོ་བླ་མ་ཀུན་མཁྱེན་མདུན་དབུ་ཕར་འདུལ་མཛོད་སོགས་ནང་དོན་རིག་པ་ལེགས་པར་གསན་པས་ཡོན་ཏན་གྱི་གཞི་ལེགས་པར་བཏིང༌། ཁྱད་པར་དེའུ་དམར་དགེ་བཤེས་ལ་དབྱངས་འཆར་གྱི་རི་མོ་མཐར་ཕྱིན་པར་གསན། མངོན་རྟོགས་རྒྱན་རྩ་འགྲེལ། འདུལ་བ་མདོ་རྩ། འདུལ་ཊཱིཀ་ལུང་རིགས་གཏེར་མཛོད། རྒྱུད་བླ་མའི་རྩ་བ་དང༌། ཐོག་འགྲེལ་བཅས་ཐུགས་འཛིན་གནང༌། བཅའ་འབུད་བརྡུང་གསུམ། གར་ཐིག་དབྱངས་གསུམ་སོགས་རིས་མེད་ཀྱི་དམ་པ་དུ་མའི་ཞབས་པད་ཚུལ་བཞིན་དུ་བསྟེན་ནས་ཁོང་དུ་ཆུད་པར་མཛད། ལྷ་རིས་ཀྱང་རྒྱ་བལ་བོད་སོགས་ཀྱི་ལེགས་ཆ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ནས་སྒར་རིས་ལ་ཁྱད་ཐོན་མཛད། ཡིག་རིགས་སྣ་ཚོགས་དང༌། ཁྱད་པར་སློབ་དཔོན་སྒེག་པའི་རྡོ་རྗེའི་ཕྱག་བྲིས་ལཉྫའི་མཚན་བརྗོད་དང༌། པརྡྷ་ལིའི་བྲིས་མ་བརྟག་གཉིས་སོགས་ལ་ནན་གྱིས་སྦྱངས། གཏེར་ཆེན་དབོན་པོ་ཨོ་རྒྱན་ལྷུན་གྲུབ་མདུན་ཟུར་མང་སྙན་རྒྱུད་བདེ་མཆོག་ལས་ཀྱི་གར་སྣ་སུམ་བརྒྱ་དྲུག་ཅུ་གསང་གར་དང་བཅས་པ་ཕུལ་གྱིས་སྦྱངས། དགུང་གྲངས་དགུ་པར་གསོལ་ངན་གསོལ་བས་བསྙུན་ཚབ་ཆེ་བར་བྱུང༌། དེའི་རིང་དུ་དཔལ་འབྱོར་དགོན་དུ་ཡོད་པའི་ཕྱག་དཔེ་རྣམས་ལེགས་པར་གཟིགས་པས་གསུང་རབ་སྤྱིའི་གོ་བ་རགས་ཙམ་འཁྲུངས། དགུང་གྲངས་བཅུ་བཞི་པར་ཆུ་ཕོ་འབྲུག་ལོ་(1712) ཟླ་བ་ལྔ་པར་དབུས་སུ་ཐེངས་དང་པོར་བྱོན། ལོ་དེའི་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔར་ཞྭ་དམར་ཐམས་ཅད་མཁྱེན་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་མདུན་དུ་རབ་བྱུང་གི་སྡོམ་པ་བཞེས། མཚན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་གསོལ། ཞྭ་དམར་གྱི་ཅོད་པན་བཞེས་ཤིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར། གསེར་ཐམ་དང་སྐུ་ཆས་སོགས་ཆེ་འདོན་གྱི་གནང་སྐྱེས་བཀའ་དྲིན་དུ་མ་ཐོབ། རྒྱལ་དབང་ཀརྨ་པ་བཅུ་གཉིས་པ་དང༌། ཞྭ་དམར་བརྒྱད་པ་གཙོས་མཁས་གྲུབ་ཀྱི་བླ་མ་དུ་མ་ལ་དཔལ་མཉམ་མེད་རྒྱལ་བ་བཀའ་བརྒྱུད་པའི་ཟབ་ཆོས་ཀྱི་རིམ་པ་ཚང་ལ་མ་ནོར་བའི་གཞུང་ཅི་རིགས་པ་གསན་བསམ་གནང༌། ཞྭ་དཀར་རིན་པོ་ཆེའི་མདུན་སྐར་རྩིས་དང༌། སྐྱེས་ཚལ་དྲུང་རམ་བསོད་ནམས་མདུན་བསྡུས་ཚན་ལེགས་པར་སྦྱངས། རྗེ་འདིའི་ཞྭ་དམར་པོ་བཞེས་དོན་ཡང་རྒྱལ་མཆོག་དགུ་པ་དབང་ཕྱུག་རྡོ་རྗེས། སི་ཏུ་ཆོས་ཀྱི་རྒྱལ་མཚན་ལ་དུས་གསུམ་རྒྱལ་བའི་ཕྲིན་ལས་ཀརྨ་པའི་ཕྲིན་ལས་རབ་འབྱམས་འཛིན་པ་ལ་མངའ་གསོལ་བའི་ཆེད་དུ་གནང་ཞིང༌། དེ་ནས་བཟུང་ཞྭ་དམར་པོ་བཞེས་པ་ཡིན། སི་ཏུ་གོང་མ་རྣམས་ལ་ཞྭ་ནག་རིགས་ལྔའི་དབྱིབས་ཅན་ཡོད། ཏྲེ་ཧོར་རིན་པོ་ཆེ་སོགས་རྙིང་ཆོས་ལ་མཁས་དབང་མང་པོའི་མདུན་རྙིང་མའི་ཆོས་སྐོར་དུ་མ་གསན། ལྷ་ལྡན་གཙུག་ལག་ཁང་སོགས་དགོན་གནས་རྣམས་སུ་རྟེན་གསུམ་གལ་ཆེན་མང་པོ་མཇལ་ཏེ་ལོ་གཉིས་ལྷག་ལ་སྡེ་དགེ་དཔལ་འབྱོར་དགོན་དུ་ཚུར་ཕེབས། དགུང་ལོ་བཅུ་དགུ་པའི་དབྱར་ཐོག་དེར་ཚབ་ཚ་བླ་མས་ཞུས་ངོར་ཤར་ཟླ་ཆུའི་ཕྱོགས་སུ་བཏེགས། རིས་མེད་ཀྱི་དད་ལྡན་མང་པོ་ཆོས་དང་ཟང་ཟིང་གིས་སྨིན་པར་མཛད།
དགུང་གྲངས་ཉེར་གསུམ་པ་ལྕགས་མོ་གླང་གི་ལོའི་ཟླ་བ་དྲུག་པ་(1721) ལ་མ་ཡུམ་བཅས་དབུས་སུ་ཐེངས་གཉིས་པར་ཕེབས།དབུས་གཙང་གི་དགོན་གནས་དང་རྒྱལ་དབང་ཞྭ་དམར་ནག་ལྷན་རྒྱས་ཀྱི་ཞབས་པད་མཇལ།ཡབ་སྲས་ལྷན་རྒྱས་བལ་ཡུལ་རྟེན་མཇལ་ཐེངས་དང་པོར་ཕེབས།བལ་པོ་ཡམ་བུ་རྒྱལ་པོས་ཕོ་བྲང་དུ་གདན་དྲངས།བསྙེན་བཀུར་བླ་ན་མེད་པར་མཛད།པཎྜཱི་ཏ་པྲ་དྷམྣ་དང༌།བིཥྟུ་བ་ཏི་ཀཱ་ལ་ནཱ་ཡ་ན་ཛ་ཡ་མངྒ་སོགས་དང༌། སྒྲ། མངོན་བརྗོད། སྙན་ངག་སོགས་ཀྱི་བགྲོ་གླེང་མཛད། ཕན་ཚུན་དོགས་གནད་མང་པོ་བཀྲོལ། སྔར་བོད་དུ་མ་འགྱུར་བའི་རྒྱ་གཞུང་འགའ་ཞིག་མཇལ། སླར་བོད་དུ་ཕེབས། ཆུ་ཕོ་སྟག་གི་ལོ་(1722) ཟླ་བ་བཅུ་གཅིག་པའི་ཚེས་གཉིས་ལ་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་དུ་ཞྭ་དམར་ཅོད་པཎ་འཛིན་པ་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱིས་མཁན་སློབ་སྦྲགས་མ་དང༌། རྗེ་བཙུན་ཏྲེ་ཧོར་རིན་པོ་ཆེ་བཞི་པ་ཀརྨ་བསྟན་འཛིན་དར་རྒྱས་ཀྱིས་གསང་སྟོན། བུ་འབོར་དགེ་སློང་ཀརྨ་རྒྱ་མཚོས་དུས་བགོ་བ། ཡངས་པ་ཅན་གྱི་དགེ་སློང་བརྟན་མཁས་ལྡན་པ་ཀརྨ་ཤེས་རབ་དང༌། ཀརྨ་ཚེ་བརྟན་བཅས་ལྔ་ཚོགས་ཀྱི་དབུས་སུ་བསྙེན་པར་རྫོགས། བསླབ་བྱ་ཕྲ་མོ་ཚུན་ལའང་གཅེས་སྤྲས་གནང་བས་འདུལ་བ་འཛིན་པ་ཀུན་གྱི་ཏོག་ཏུ་གྱུར། བཀའ་བློན་ང་ཕོད་རྡོ་རྗེ་རྒྱལ་པོའི་མཐུས་ཏཱ་ལའི་བླ་མ་བདུན་པ་སྐལ་བཟང་རྒྱ་མཚོའི་མདུན་ལམ་རིམ་གྱི་ཁྲིད་སོགས་དགེ་ལྡན་གྱི་ཆོས་སྐོར་གསན་པ་དང་གསུང་གླེང་སྨར་བ་མཛད། ས་སྐྱའི་ཆོས་སྐོར་ཡང་མང་དག་གསན་པ་སོགས་དབུས་ཕྱོགས་སུ་ལོ་བདུན་མ་ཟིན་ཙམ་དུ་གནས་མཇལ་དང་གྲྭ་སྐོར་གནང༌། དེར་ནང་དོན་རིག་པ་སོགས་རིག་པའི་གནས་བཅུ་ཕྲག་དག་ལ་བགྲོ་གླེང་དང་འཆད་སྤེལ་རྒྱ་ཆེར་གནང༌། སླར་ཡང་གཞིས་དགོན་དུ་ཕེབས།
རབ་བྱུང་བཅུ་གཉིས་པའི་མེ་ལུག་སྤྱི་ལོ་1727ལོར་བོད་ཟླ་གསུམ་པའི་ཚེས་བདུན་ལ་དཔལ་སྤུངས་དགོན་པ་གསར་འདེབས་ཀྱི་ལྷ་ཁང་གི་རྨང་བཏིང༌། ས་བྱ་ལོའི་ཟླ་བ་བཞི་པའི་ཚེས་གསུམ་ཉིན་ཤིང་ཚོན་གྱི་ཚག་པར་རྣམས་རི་མོ་བྲིས། ཚེས་བདུན་ལ་ལྡེབ་བྲིས་ཀྱི་སྐྱ་རིས་མཛད།ལོ་དེར་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་རྒྱལ་བའི་བཀའ་འགྱུར་ཤིང་སྤར་བརྐོ་རྒྱུའི་མ་ཕྱི་དག་སྒྲིག་དང་ཞུ་དག་གནང༌།དཔལ་སྤུངས་དགོན་དུ་སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་སུམ་ཅུ་ལྷག་ཕྱག་བྲིས་གནང་པ་སོགས་ཞལ་ཐང་དང༌།ལྡེར་བཟོ།བརྐོས་སྐུ་སོགས་ཀྱི་ནང་རྟེན་དང་ལག་རྩལ་མང་དུ་སྤེལ་ནས་ལྗོངས་འདིར་བཟོ་རིག་གི་བསྟན་པ་སྤེལ་བའི་ཕྲིན་ལས་གྱི་མཛད་རྗེས་ད་ལྟའང་དཔལ་སྤུངས་དགོན་དུ་མཇལ་རྒྱུ་ཡོད་པ་འདི་དག་གོ།
དགུང་ལོ་སོ་དྲུག་པ་ཤིང་ཕོ་སྟག་ལོ་སྤྱི་ལོ་1734ལ་དབུས་སུ་ཐེངས་གསུམ་པར་ཕེབས།དུས་དེར་སླར་ཡང་བལ་ཡུལ་དུ་ཕེབས་པར་བལ་པོ་ཡམ་བུ་རྒྱལ་པོས་བཀུར་བཟོས་ཚད་མེད་ཀྱིས་གླང་ཆེན་རྒྱན་གྱིས་སྤྲས་ཏེ་བསུས།བྲམ་ཟེའི་པཎྜི་ཏ་དང༌།ནང་པའི་པཎ་ཆེན་མང་པོ་ལ་བརྡ་སྤྲོད་རིག་པའི་སྐོར་དང༌། སྙན་ངགམངོན་བརྗོད།རིག་བྱེད་ཀྱི་གཏམ་རྒྱུད་སོགས་ཐུན་མོང་གི་རིག་གནས་དང༌།ཐུན་མིན་སྡེ་སྣོད་སྐོར་ལ་བགྲོ་གླེང་མང་པོ་མཛད།ཀཱ་ཤཱིའི་པཎྜི་ཏ་ཛ་ཡ་མངྒས་ཁྱོད་བོད་ལ་དབུལ་ཕྱུག་གི་ཁྱད་པར་ལས། མཁས་རྨོངས་ཀྱི་ཁྱད་པར་ཆེར་མེད་པ་ཚོར། འཕགས་ཡུལ་ཡིན་ན་ཁྱོད་ལ་གདུགས་དཀར་པོ་བདུན་ཕུབ་དགོས་པ་འདུག་སོགས་མགོན་པོ་གང་གི་ཡོན་ཏན་ལ་བསྟོད་བསྔགས་ཚད་མེད་མཛད།དེ་ལྟར་པཎྜི་ཏ་རྣམས་དང་བགྲོ་གླེང་དུ་མ་གནང་བས།ཐུན་མོང་དང་ཐུན་མིན་གྱི་རིག་པའི་གནས་ཐམས་ཅད་ལ་རྣམ་དཔྱོད་ཀྱི་རྩལ་རྫོགས་པས་སྤོབས་པའི་གཏེར་ཆེན་བརྡོལ།གཞན་དྲིང་མི་འཇོག་པའི་རིག་གནས་མཐའ་དག་ལ་རྣམ་དཔྱོད་ཕུལ་དུ་ཕྱིན།གསུང་རབ་ཐམས་ཅད་ཀྱི་ཚིག་དོན་ཚང་ལ་མ་ནོར་བ་ཚིག་ཉུང་དོན་འདུས་པ་ཤ་སྟག་ཡིན།
མདོར་ན་དབུས་གཙང་ཁམས་གསུམ་གྱི་རིས་མེད་མཁས་དབང་གི་ཡོངས་འཛིན་བཅུ་ཕྲག་ལྔ་ལྷག་བསྟེན།སྒྲ་ཚད་བཟོ་གསོ་ཡན་ལག་དང་བཅས་པའི་ཐུན་མོང་རིག་གནས་དང་ནང་རིག་པའི་སྐོར་དབུ་ཕར་འདུལ་མཛོད་སོགས་མདོ་ཕྱོགས་དང་བདེ་དགྱེས་གསང་གསུམ་སོགས་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་བཞི་དང༌། ཁྱད་པར་ཟབ་ལམ་ནཱ་རོ་ཆོས་དྲུག་གི་སྡོམ་པ་སོགས་གསན་བསམ་སྒོམ་པ་མཐར་ཕྱིན་སྒོ་ནས་ཐུགས་ཀྱི་དཔལ་བེའུར་ཡོངས་སུ་གཏམས། མཁས་པའི་ཡང་རྩེར་སོན།དབུས་སུ་ཐེངས་ལྔ་དང༌། བལ་ཡུལ་དུ་ཐེངས་གཉིས༌། ཡུན་ནན།འཇང༌། རྒྱལ་རོང་གི་རྒྱལ་ཁག་སོགས་མདོ་སྟོད་སྨད་ཀུན་ཏུ་ཞབས་ཀྱིས་བཅགས། རིས་མེད་ཀྱི་བླ་སྤྲུལ་དང་སྡེ་འབངས་ཡོངས་ལ་ཇི་ལྟར་མཚམས་པའི་དབང་ལུང་མན་ངག་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པ་སོགས་ཀྱི་བཀའ་དྲིན་བསྩལ།རང་ཉིད་ཀྱིས་ཇི་ལྟར་རྟོགས་པའི་ཤེས་བྱ་མ་ལུས་པ། བལ་ཡུལ་དང་གངས་ཅན་ལྗོངས་ཀྱི་ཡུལ་གྲུ་ཀུན་ཏུ་འཆད་སྤེལ་གནང་བས་བསྐལ་པའི་མཐར་ཡང་མི་ནུབ་པའི་རྒྱལ་མཚན་བཙུགས།དཔལ་སྤུངས་སོགས་འཆད་ཉན་སྒོམ་སྒྲུབ་ཀྱི་གནས་གཞི་དུ་མ་གསར་བསྐྲུན་དང་ཉམས་པ་སླར་གསོ་མཛད།དགེ་ཚུལ་སློང་སྟོང་ཕྲག་ལྔ་ཉེ་བར་བསྒྲུབས། སྡེ་དགེ་རྒྱལ་པོ་དང༌། འཇང་རྒྱལ་པོ་སོགས་ལ་ལུགས་གཉིས་ཀྱི་བསླབ་བྱ་གནང་སྟེ་ཡུལ་གྲུ་ཀུན་ལ་ཕན་བདེའི་གཞི་ཐེངས་པར་མཛད། རབ་བྱུང་བཅུ་གསུམ་པའི་ཤིང་རྟ་སྤྱི་ལོ་1774ལོར་རྒྱ་ནག་གོང་མའི་གདན་ཞུས་ལྟར་ཟླ་བ་གཉིས་པའི་ཚེས་ལྔ་ནས་རིམ་པར་དཔལ་སྤུངས་ནས་བཏེགས། ཟླ་བ་དེའི་ཚེས་བཅོ་བརྒྱད་དཀར་མཛེས་སུ་ཕེབས། ཏྲེ་ཧོར་ཁ་ས་དགོན་པའི་ཉེ་འགྲམ་ཀླུ་གོང་ཐང་དུ་སླེབས་པ་དང༌། ལོ་དེའི་ཟླ་བ་གཉིས་པའི་ཚེས་ཉེར་བཞི་ཉིན་སྐུ་གཤེགས། ”ཞེས་སོ།། མདོར་ན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྔར་མེད་པའི་མཛད་རྗེས་གཙོ་བོ་འགའ་ཞིག་ལ། རབ་བྱུང་བཅུ་གཉིས་པའི་མེ་ལུག་སྤྱི་ལོ་1727ལོར་ཤར་དཔལ་སྤུངས་དགོན་པ་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས་པ་མ་ཟད། རིམ་བཞིན་རྒྱལ་བ་བཀའ་བརྒྱུད་པའི་གདན་ས་གོང་འོག་བར་གསུམ་ལས་གདན་ས་འོག་མའི་ཐོབ་ཐང་ཟིན་པ་དང་གཅིག རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་སྤྱི་ལོ་1754ལོར་དཔལ་སྤུངས་ལྔ་རིག་སློབ་གླིང་བཙུགས་ནས་མདོ་སྔགས་རིག་གནས་དང་བཅས་པ་འཆད་ཉན་གྱི་རྒྱུན་སྤེལ་བ་དང་གཉིས། རྒྱ་གར་དང༌། བལ་ཡུལ་དུ་ཕེབས་ནས་བརྡ་སྤྲོད་སྨྲ་བ་རྣམས་དང་བགྲོ་གླེང་གནང་ཞིང་འཕགས་ཡུལ་གྱི་སྒྲ་རིག་པའི་སྐོར་ལ་ཞིབ་འཇུག་མཐར་ཕྱིན་པར་མཛད། སྒྲ་གཞུང་ཙནྡྲ་པའི་རྩ་བ་བོད་སྐད་དུ་བསྒྱུར་ཞིང་དེའི་འགྲེལ་ཆེན་སི་ཏུའི་སྒྲ་འགྲེལ་ཆེན་མོ་ཞེས་པོད་གསུམ་ཡོད་པ་བརྩམས་ཏེ་སྔར་མེད་པའི་སྒྲ་འགྲེལ་ཆེན་མོ་ཞིག་གསར་དུ་སྐྲུན་ཡོད་པ་དང་གསུམ། རྒྱ་གར་གྱི་བརྡ་སྤྲོད་རིག་པའི་གཞུང་ལུགས་དག་ལ་དཔྱད་གཞི་གནང་ཞིང༌། མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་ཡུལ་གྲུ་ཐམས་ཅད་བསྐོར་ནས་སྐད་ཡིག་དང༌། བརྡ་སྤྲོད་ཞིབ་འཇུག་གནང་ཞིང་ཐུ་མིའི་དགོངས་དོན་གསར་དུ་བཀྲལ་བའི་བོད་ཀྱི་བརྡ་སྤྲོད་རིག་པའི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་བརྩམས་ནས་བོད་ཁམས་ཡོངས་ལ་གཅིག་གྱུར་གྱི་རང་བཞིན་ལྡན་པའི་སུམ་རྟགས་འཆད་སྲོལ་གསར་དུ་སྤེལ་བ་དང་བཞི། རྒྱ་ནག་གི་སྨན་རྩིས་རིག་པ་ལ་ཞིབ་འཇུག་མང་པོ་གནང་བ་མ་ཟད། རྒྱ་རྩིས་རིན་ཆེན་ཕྲེང་བ་ཞེས་པ་བོད་སྐད་དུ་བསྒྱུར་ཞིང་རྒྱ་ཡི་ས་གླང་བརྟག་པའི་རྩིས་འབྲས་རྒྱ་ནག་གླང་རྩིས་ཐོག་མར་བོད་སྐད་དུ་བསྒྱུར་ཞིང་བོད་ཁམས་ཡོངས་ལ་བརྟག་སྲོལ་དར་བ་དང་ལྔ། རྒྱལ་བའི་བཀའ་འགྱུར་ཆེན་མོ་སྤར་དུ་བརྐོ་བའི་སྔོན་འགྲོའི་མཐུན་རྐྱེན་དུ་དབུས་གཙང་ཁམས་གསུམ་གྱི་བྲིས་པ་མང་པོ་གདན་དྲངས་ནས་ཡིག་གཟུགས་ལེགས་བཅོས་བྱས་པའི་སྡེ་བྲིས་ཞེས་པ་འདི་གསར་གཏོད་གནང་བ་དང་དྲུག་བཅས་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་བོད་ཀྱི་ཤེས་རིག་འཛིན་སྐྱོང་ཐད་ལ་འཇོག་པའི་མཛད་རྗེས་གཙོ་བོ་རྣམས་ཡིན།
༈ སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།
ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
མདོ་ཁམས་ཕྱོགས་ཀྱི་སྡེ་དགེ་དཔལ་སྤུངས་དགོན་གསར་དུ་འདེབས་པ་པོ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་མཆོག་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་མོས་ཡོས་༡༦༩༩ལོའི་ཟླ་བ༡༡པའི་ཚེས་༡༧ཉིན་ཡབ་ངག་དབང་ཚེ་རིང་དང་ཡུམ་ཕྲ་མགུ་གཉིས་ཀྱི་སྲས་སུ་སྐུ་བལྟམས།
དགུང་ལོ་གསུམ་པའི་དུས་སུ་ཀརྨ་པ་ཡེ་ཤེས་རྡོ་རྗེས་སི་ཏུ་སྐུ་ཐོག་བཞི་པའི་སསྐྱེས་ཕྲེང་དུ་ངོས་འཛིན་མཛད།དགུང་ལོ་བདུན་པ་ནས་དཔལ་འབྱོར་དགོན་དུ་ཆོ་ག་ཕྱག་ལེན་སོགས་སྦྱངས།དེ་ནས་མཁས་ཆེན་དཔལ་གྲུབ་ཀྱི་མདུན་ནས་དཀར་རྩིས་དང་སྒྲ་སྙན་ངག་བཅས་གསན།དགུང་ལོ་བཅུ་བཞི་པལ་དབུས་ལྷ་གདན་དུ་ཕེབས།ཞྭ་དམར་བརྒྱད་པ་དཀོན་མཆོག་རྣམ་རྒྱལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་པ་བསྩལ།དེ་ནས་ཀརྨ་པ་ཞྭ་དམར་ནག་གཉིས་ཀྱི་མདུན་ནས་བཀའ་བརྒྱུད་པའི་ཆོས་ཀྱི་སྐོར་དང་།ཏྲེ་ཧོར་རིན་པོ་ཆེའི་མདུན་ནས་རྙིང་མའི་ཆོས་སྐོར་གསན།དགུང་ལོ་ཉེར་གསུམ་པ་ལྷ་སར་ཐེངས་གཉིས་པ་ཕེབས།ཀརྨ་ཞྭ་དམར་ནག་དང་ལྷན་དུ་བལ་ཡུལ་དུ་ཕེབས།དེར་རྒྱ་གར་དང་བལ་ཡུལ་གྱི་མཁས་དབང་ཀ་ལ་ནྭ་ཡ་ཛ་ཡ་མང་ག་སོགས་དང་བགྲོ་གླེང་ཡུན་རིང་མཛད།བོད་དུ་ཚུར་ཕེབས་རྗེས་ཞྭ་དམར་བའི་མདུན་ནས་དགེ་སློང་གི་སྡོམ་པ་མནོས།ཏ་ལའི་བདུན་པ་སྐལ་བཟང་རྒྱ་མཚོའི་མདུན་ནས་ལམ་རིམ་གྱི་ཁྲིད་སོགས་དགེ་ལུགས་པའི་ཆོས་ཀྱི་སྐོར་གསན། དགུང་ལོ་སོ་དྲུག་པར་དབུས་སུ་ཐེངས་གསུམ་པ་ཕེབས།དགུང་ལོ་བཞི་བརྒྱད་པར་དབུས་སུ་ཐེངས་བཞི་པ་ཕེབས།དགུང་ལོ་ང་གཅིག་པར་དབུས་སུ་ཕེབས་ཐེངས་རྟིང་མ་ཡིན་ཞིང་རིས་མེད་བླ་སྤྲུལ་དང་དཔོན་ཁག་རྣམས་ལ་ཆོས་ཀྱི་སྦྱིན་པ་བསྩལ།མདོར་ན་སྐུ་ཚེ་དེར་དབུས་གཙང་དང་མདོ་ཁམས་ཤར་རྒྱལ་མོ་ཚ་བ་རོང་གི་རྒྱལ་ཁག་དང་ཡུན་ནན་གྱི་བོད་ཡུལ་བཅས་ཐ་གྲུ་ཀུན་ཏུ་ཞབས་ཀྱིས་བཅགས།རྒཡ་གར་ནག་དང་བོད་ཀྱི་གྲུ་མཐའ་རིས་མེད་ཀྱི་མཁས་པ་མང་པོ་སློབ་དཔོན་དུ་བསྟེན།གྲུབ་མཐའ་ཡོངས་ཀྱི་རྣམ་གཞག་ཐུགས་སུ་ཆུད།དགོངས་ལོ་དོན་དྲུག་པར་ཆིང་གོང་མས་བཀའ་མངགས་པས་གདན་ཞུས་ལྟར་ཤར་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་བར་སྙུན་བཞེས་ནས་གཤེགས་སོ།ཁོང་གི་གསུང་རབ་ནི་བསྟན་བཅོས་བརྒྱད་ཅུ་གྱ་གསུམ་གཅིག་ཏུ་བསྡུས་ཏེ།ཀ་ནས་ཨ་བར་པོ་ཏི་བཅུ་བཞིར་བྱས་ཡོད་ཅིང་མིང་ལ་ཆོས་འབྱུང་བཀའ་འབུམ་ཞུ་ཞིང་།ཤོག་སྡེབས་མདའ་ཚད་མ་ལྔ་སྟོང་ཉིས་བརྒྱ་བཅོ་བརྒྱད་ཡོད།དེ་དག་གི་ཁྲོད་ནས་བརྒྱ་ཆ་བརྒྱད་ཅུ་ལྷག་ནི་ཐུན་མོང་གི་རིག་གནས་ཀྱི་སྐོར་ཁོ་ན་ཡིན་པས་དེ་འདྲ་བོད་ཀྱི་མཁས་པ་ནང་ན་ཤིན་ཏུ་དཀོན།།
ཀློང་རྡོལ་ངག་དབང་བློ་བཟང་མཆོག་ནི་ཆབ་མདོའི་ཡུལ་གྱི་བྱེ་གྲག་དབེན་ཕུ་ཞེས་པའི་ས་ཆ་ལ་ཡབ་དབང་འབུམ་དང་ཡུམ་འབུམ་སྐཡིད་རྣམ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའིས་མོ་ཕག་གི་ལོ༡༧༡༩ལ་འཁྲུངས།དགུང་ལོ་བདུན་པའི་སྟེང་ཆབ་མདོ་དགོན་ནས་རབ་ཏུ་བྱུང་།དགུང་ལོ་བཅུ་གཉིས་པར་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་པའི་བར་ཡབ་ཀྱི་མདུན་ནས་འབྲི་ཀློག་སོགས་སྦྱངས།དགུང་ལོ་ཉི་ཤུ་པར་ཁམས་ལི་ཐང་དགོན་དུ་ཕེབས་ནས་ནང་དོན་རིག་པ་དང་ཚད་མ་སོགས་ལོ་གསུམ་སྦྱངས།དེ་ནས་དགུང་ལོ་ཉེར་བཞི་པར་དབུས་ལྷ་ལྡན་དུ་ཕེབས་ནས་སེ་ར་དགོན་པའི་བྱེས་གྲྭ་ཚང་དུ་ཞུགས་ཏེ་སློབ་གཉེར་མཛད།རྒྱལ་བ་བསྐལ་བཟང་རྒྱ་མཚོ་དང་པན་ཆེན་དཔལ་ལྡན་ཡེ་ཤེས་སོགས་མཁས་གྲུབ་ཀྱི་བླ་མ་བཅུ་གསུམ་ཙམ་བསྟེན།མདོ་སྔགས་རིག་གནས་ཡོངས་ལ་མཁས་པའི་གྲགས་པ་ཐོབ།དགུང་ལོ་བདུན་ཅུ་དོན་དྲུག་ཏུ་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་ལོ་༡༧༩༥ལ་སྐུ་གཤེགས་སོ།ཁོང་ལ་ཀློང་རྡོལ་ཞེས་པ་ནི་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེའི་སྒྲུབ་ཕུག་སྟེ་ཐང་ཀློང་རྡོལ་དུ་ཡུན་རིང་བཞུགས་པས་དེ་སྐད་གྲགས་སམ་སྙམ།ཁོང་གི་གསུང་ཆོས་ནི་རིག་གནས་ཆེ་ཕྲ་ཡོངས་ཀྱི་མིང་གི་རྣམ་གྲངས་སོགས་མངོན་བརྗོད་སྣ་ཚོགས་དང་།རྟེན་ཁྱད་འཕགས་འགའི་དཀར་ཆག རྣམ་ཐར།དགེ་ལུགས་ཀྱི་དགོན་སྡེ་བླ་སྤྲུལ་རྣམས་ཀྱི་མཚན་གྱི་རྣམ་གྲངས།ཆབ་ཤོག་སྙན་ངག་གི་ཚིག་སོགས་བསྟན་བཅོས་དགུ་བཅུ་གོ་དྲུག་ཡོད་པ་དེ་ཉིད་པོ་ཏི་ཀ་པ་དང་།ཁ་པ།ག་པ་བཅས་གསུམ་དུ་བསྡུས་ཏེ།ཀུན་བདེ་གླིང་ལྷུན་གྲུབ་སྡེ་ཆེན་དུ་ཤིང་པར་བྲཀོས་ཡོད་པས་ད་ལྟ་བཞུགས་ཡོད་མེད་མ་ངེས། ཀརྨ་པ་དུས་གསུམ་མཁྱེན་པ་ནི་རབ་བྱུང་གཉིས་པའི་ལྕགས་ཕོ་སྟག་ལོ་སྟེ་སྤྱི་ལོ༡༡༡༠ལོར་མདོ་ཁམས་ཏྲེ་ཤོད་དུ་ཡབ་རྡོ་རྗེ་མགོན་པོ་དང་ཡུམ་སྒང་ལྕམ་མིང་འདྲེན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།ཆུང་དུས་ཀྱི་མཚན་ལ་དགེ་འཕེལ་ཟེར།དགུང་ལོ་ཆུང་ངུའི་དུས་ནས་ཡབ་ལས་ཡི་གེའི་འབྲི་ཀློག་ལེགས་པར་སྦྱངས།དགུང་ལོ་བཅུ་གཅིག་པར་ལྷ་མོ་བསྒྲུབས་པས་ཞལ་གཟིགས་ཤིང་བྲག་ལ་ཞབས་རྗེས་བྱུང་སྐད།དགུང་ལོ་བཅུ་གཉིས་པར་སློབ་དཔོན་ཆག་སེང་གེ་གྲགས་ལས་རབ་ཏུ་བྱུང་སྟར་མཚན་ལ་དཔལ་ཆོས་ཀྱི་གྲགས་པ་གསོལ།དགུང་ལོ་བཅུ་དགུ་བར་དབུས་སུ་བྱོན་ཏེ་དགེ་བཤེས་རྒྱ་དམར་བ་དང་ཕྱྭ་བ་ཆོས་ཀྱི་སེང་གེ་གཉིས་ལཤ་ཚད་མ་དང་དབུ་མ་བྱམས་ཆོས་སོགས་ལེགས་པར་གསན།དགེ་བཤེས་ཤ་ར་བ་དང་ཤེས་རབ་རྡོ་རྗེ་གཉིས་ལས་བཀའ་གདམས་ཀྱི་ཆོས་སྐོར་སོགས་ལོ་ངོ་དྲུག་ཏུ་སྦྱངས།དགུང་ལོ་སུམ་ཅུ་བར་དྭགས་ལྷ་སྒམ་པོར་བྱོན་ནས་རྗེ་སྒམ་པོ་བ་དང་མཇལ།ཐོག་མར་ལམ་རིམ་དང་དེ་ནས་དབང་དང་ཐབས་ལམ་གྱི་གདམས་ངག་ཞུས་ཏེ་བསྒོམས་པས་སྒོམ་ཆེན་བརྒྱད་བརྒྱ་ལས་སྒོམ་ཆེན་ཆེ་བར་གྲགས།དེ་ནས་ཁམས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར།རབ་བྱུང་གསུམ་པའི་མེ་ཡོས་ལོར་ཁམས་རི་བོ་ཆེ་ཀརྨ་པའི་གདན་ས་གཏབ་པས་ཀརྨ་པ་ཞེས་ཐོགས་ཤིང་།རབ་བྱུང་གསུམ་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ༡༡༨༩ལོར་ལལྷ་སའི་ཉེ་འདབས་སྟོད་ལུང་མཚུར་ཕུའི་དགོན་པ་གསར་འདེབས་མཛད་པས་ཀརྨ་པའི་གདན་ས་གོང་འོག་གཉིས་སུ་གྲགས།སྐུ་ཙེ་གང་བོར་སློབ་མའི་ཚོགས་པ་བསྐྱངས་ནས་དུས་འདའ་བར་མཛད་པས་ཁོང་ནི་ཀརྨ་པའི་སྐུ་ཕྲེང་དང་པོ་ཡིན།ཁོང་གི་སློབ་མའི་ཚོགས་ནི་བཀའ་བབས་ཀྱི་བུ་ཆེན་ལྔ་དང་།རྒྱུད་འཛིན་གྱི་བུ་ཆེན་བཞི།ཉེ་གནས་འོད་བཞི།བླ་མ་བཞི།སྔ་བུ་བཞི།ཕྱི་བུ་བཞི་སོགས་གཙོས་པའི་སློབ་མ་མང་དུ་བྱོན་ནོ།རབ་བྱུང་གསུམ་པའི་ཆུ་མོ་གླང་ལོ་སྟེ་སྤྱི་ལོ༡༡༩༣ལོར་སྐུ་གཤེགས།། མི་ཕམ་རྣམ་རྒྱལ་རྒྱ་མཚོའམ་འཇུ་མི་ཕམ་ནི་རབ་བྱུང་བཅུ་བཞི་པའི་མེ་རྟ་སྤྱི་ལོ༡༨༤༦ལོ་མདོ་ཁམས་སྡེ་དགེའི་མངའ་ཁུལ་ཆུ་བཞིར་གྲགས་པའི་ནང་ཚན་ཟླ་ཀླུངས་དལ་གྱིས་འབབ་པའི་འགྲམ།ཡ་ཆུའི་དིང་ཆུང་ཞེས་པ་ཡབ་མེས་ཀྱི་སྐབས་ནས་སྨན་རྒྱུན་མ་ཆད་པའི་རིགས་རུས་ཆོ་འབྲང་བཟང་པོའི་ཁྱིམ་དུ་སྐུ་འཁྲུངས་ཤིང་།དགུང་ལོ་བདུན་བརྒྱད་ཙམ་ནས་འབྲི་ཀློག་སློབ་སྦྱོང་དང་།གཞུང་ལུགས་བློ་འཛིན་སོགས་ལ་མཁྱེན་རབ་ཤིན་ཏུ་ཆེ།དེ་ནས་སྐུ་ན་གསོན་པའི་སྐབས་ཞི་བ་ལྷ་གཉིས་པ་རྫ་དཔལ་སྤྭལ་དང་།འཅམ་དབྱངས་མཁྱེན་བརྩེའི་དབང་པོ་།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།མཁན་པོ་པད་མ་བཛྲ།ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེ་སོགས་མཚན་ལྡན་དགེ་བའི་བཤེས་གཉེན་བཅུ་ཕྲག་འགའ་ཤས་ཀྱི་ལ་གཏུགས་ནས་མང་དུ་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པ་དང་།ཡོན་ཏན་གྱི་ཚོགད་རིན་པོ་ཆེའི་བང་མཛོད་ལ་དབང་འབྱོར་བས་མདོ་དབུས་གཙང་གསུམ་དུ་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་།ལྷག་པར་སྐུ་ཚེ་འདིར་འཆམ་དབྱངས་མཁྱེན་བརྩེའི་དབང་པོར་མཉེས་པ་གསུམ་གྱིས་ཞབས་ཏོག་ལེགས་པར་ཞུས་པས་ཐུགས་སྲས་དམ་པར་དགོངས་ནས་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ་བར་བརྟེན་བསྟན་བཅོས་བརྩམ་པ་དང་སློབ་མ་བསྐྱངས་བ་སོགའ་དམ་པའི་སྤྱོད་ཚུལ་ཁོ་ནས་དུས་འདའ་ཞིང་།གསོ་རིག་བསྟན་པའི་བྱ་བ་ལ་འཕྲིན་ལས་རབ་ཏུ་རྒཡས་བ་དང་།བཀའ་རྩོམ་སྐོར་རིག་གནས་སྤྱི་བྱེ་བྲག་གི་དགོངས་འགྲེལ་བསྟན་བཅོས་པོ་ཏི་སུམ་ཅུ་སོ་ལྔ་ལལྷག་ཙམ་ཡོད་པའི་ནང་གསོ་དཔྱད་སྐོར་ལ་རྒྱད་བཞིའི་བཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་ཞེས་པ་དང་།གཅེས་བསྡུས་ཕན་བདེའི་བང་མཛོད།སྔོ་སྦྱོར་བདུད་རྩིའི་ཐིག་ལེ།སྨན་ཕྲེང་བརྒྱ་རྩ།ཉེར་ལྔའི་སྦྱོར་བ་འགའ་ཞིག་ལག་ལེན་སྐོར།ཕྱི་རྒྱུད་རྩ་ཆུའི་འགྲེལ་པ།ལུས་ལ་ཉེར་མཁོ་སྐབས་བརྒྱད་པ།རྩ་རྒྱུད་རྡེལ་བཞག་གི་འགྲེལ་པ།བྱང་ཁོག་ཡུལ་ཐིག་གསལ་བྱེད་མེ་ལོང་སོགས་དང་།གཞན་ཡང་མན་ངག་ཉེར་མཁོའི་སྐོར་ལ་ཀླུ་སྒྲུབ་ལུགས་ཀྱི་སྐད་བཅོས་དང་།སྐད་སྨན་ཚངས་དབྱངས་རིལ་བུའི་སྦྱོར་ཐཐཐབཐས།བྱིས་པའི་རྣ་པྲ་དང་བཅོས་སྐོར།ཀོ་ཤ་གཏོང་བའི་མན་ངག།མིག་བཅོས་ལག་ལེན་དང་འབྲེལ་བར་བསྟན་པའི་སྨན།ནད་སྐྲན་སྒེར་བཅོས།ཟླ་ཤེལ་བསྡུ་ཐབས་དཔའ་བོ་གཏུམ་པོ་ལ་བརྟེན་པའི་སྨན་ཟབ།ལཞན་ལས་ཐོས་པའི་སྨན་གྱི་མན་ངག་རྒྱ་ནག་ཆུ་བཅོས།རྒྱ་ནག་སྣ་ཐ།ཁྱི་སྨྱོན་བཅོས་ཐབས།དེ་མིན་ཕྱུགས་ནད་བཅོས་ཐབས་སྐོར་སོགས་ཧ་ཅང་མང་ཞིང་།སྨན་དཔྱད་ཕུད་པ་ད་དུང་རིག་གནས་སྐོར་ལ་སྙན་འགྲེལ་དང་ལུགས་ཀྱི་བསྟན་བཅོས།འདོད་པའི་བསྟན་བཅོས་སོགས་ཚིག་ཉུང་ལ་དོན་བཟང་གི་བཀའ་རྩོམ་ཡང་མི་ཉུང་བ་ཞིག་མཆིས།བརྒྱད་འཛིན་སློབ་མ་མཁས་པ་ཞེ་ཆེན་རྒྱལ་ཚབ་དང་།དགེ་མང་ཨུ་རྒྱན་བསྟན་འཛིན།ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ།མཁས་་ཀུན་དགའ་དཔལ་སོགས་བྱུང་ནས་འཕྲིན་ལས་ཀྱི་རྒྱུན་བསྐྱངས་བ་དང་།ལྷག་པར་མི་ཕམ་རང་ནས་ཀ་ཐོག ་རྡོ རྗེ་གདན་དུ་རིག་པའི་གནས་ལྔ་ཡན་ལག་དང་བཅས་པའི་བཤད་གྲྭའི་གཙོ་སྐྱོང་རྒྱུན་རིང་མཛད་པར་གྲགས། དགེ་རྟག་སྤྲུལ་སྐུ་ཕྲེང་ལྔ་པར་རབ་བྱུང་གི་མཚན་ལ་བློ་བཟང་བསཏན་འཛིན་གྲགས་པ་ཟེར།༡༩༠༣ལོར་དཀར་མཛེས་རྫོང་བེ་རི་ས་ཀུལ་གྱི་ཞིང་པ་ཁྱིམ་ཚང་ཞིག་ལ་སྐུ་འཁྲུངས།ན་ཆུང་དུས་སུ་ཁྱིམ་དུ་དབུལ་པོ་ཡིན་པས་ལོ་ན་༡༩སོན་དུས་ལྷ་སར་ཆོས་སྒྲུབ་པར་ཕྱིན།༢༥ལོར་དགེ་བཤེས་ཀྱི་གོ་མིང་ཐོབ།༡༩༣༥ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་བྱས་ཏེ་དཀར་མཛེས་ནས་བརྒྱུད་སྐབས་དགེ་རྟག་སྤྲུལ་སྐུ་ཁོང་གིས་རོགས་རམ་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་རི་འགོག་རྒྱལ་སྐྱོབ་ཀྱི་བཞེད་དགོངས་དང་མི་རིགས།ཆོས་ལུགས་སོགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་གནང་།དེ་ལོའི་ཟླ༥པར་ཁོང་བོད་པ་རང་སྐྱོང་སྲིད་གཞུང་གི་ཀྲུའུ་ཞི་རུ་བདམས།དམར་དམག་བྱང་ཕྱོགས་སུ་བསྐྱོད་རྗེས་ཁོང་གིས་དམར་དམག་གི་རྨས་མ་༣༠༠༠ལྷག་བཀོད་སྒྲིག་འོས་འཚམས་བྱས།༡༩༤༩ལོའི་ཟླ་བ༡༠པའི་ཚེས་གཅིག་ཉིན་རྒྱལ་ཁབ་དབུ་བརྙེས་དུས་དགེ་རྟག་ག་སྤྲུལ་སྐུ་པེ་ཅིན་དུ་ཕེབས་ནས་མའོ་ཀྲུའུ་ཞི་དང་མཇལ།༡༩༥༠ལོར་ཞི་ཁམས་བཅིངས་འགྲོལ་བཏང་རྗེས་ཁོང་ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བསྐོ་བཞག་གནང་བ།ཞིང་ཁམས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས།དེ་ནས་དགེ་རྟག་སྤྲུལ་སྐུ་༡༩༥༠ལོའི་ཟླ༧པའི་ཚེས་༡༠ཉིན་དཀར་མཛེས་ནས་བྱོན་ཏེ་ཟླ་བ༨པའི་ཚེས་༡༣ཉིན་ཆབ་མདོར་འབྱོར་དུས་བོད་དམག་གིས་བཀག་ནས་ལྷ་སར་མི་བཏང་བས།ཆབ་མདོར་ཉི་མ་ཉི་ཤུ་ཙམ་འགོར།ཟླ་བ༨པའི་ཚེས༢༣ཉིན་དབྱིན་ཇིའི་ཆབ་མདོར་བསྡད་མཁན་གློག་འཕྲིན་ཁང་གི་ཐའེ་ཀྲང་ཧྥུ་ཐེ་བཙལ་ནས་ཁོ་ལ་ལྷ་ས་ལ་གློག་འཕྲིན་རྒྱག་བཅུག་བསམ།ཧྥུ་ཐེས་དངོས་སུ་གློག་འཕྲིན་རྒྱག་རྒྱུའི་ཁས་བླངས་པ་དང་དེ་ཞོར་ཇ་ཕོར་པ་གང་སྟེར།དགེ་རྟག་སྤྲུལ་སྐུས་ཇ་དེ་བཏུང་རྗེས་ལམ་སང་ལུས་ཁམས་མི་བདེ་བར་གྱུར།དེ་རྗེས་བོད་དམག་ཕྱོགས་ཀྱིས་དགེ་རྟག་སྤྲུལ་སྐུ་བཟང་བཙོན་བྱས་ཏེ་ཁོང་གི་འཁོར་གཡོག་མི་སྣའང་ཉེ་སར་མི་མངགས།ཟླ་བ༨པའི་ཚེས༢༡ཉིན་བཀའ་ཤག་གི་ཆབ་མདོར་བསྡད་པའི་སྤྱི་ཁྱབ་བཀོད་འདོམས་པ་བླ་གྲོས་སྨན་པ་མངགས་ནས་ནད་བརྟག་སྨན་བཅོས་བྱས་པ་དང་སྨན་ཐུན་གཅིག་སྟེར།ཁོང་གིས་སྨན་དེ་བཞེས་རྗེས་ཁ་གྲགས་མི་ཐུབ་པར་གྱུར་ཏེ་ཕྱི་ཉིན་གློ་བུར་དུ་སྐུ་གཤེགས་སོང་།དེ་དུས་དགུང་ལོ༤༧ཡིན།བོད་དམག་ཕྱོགས་ཀྱིས་དགེ་རྟག་སྤྲུལ་སྐུའི་སྐུ་ཕུང་སྤུར་བཞུས་བཏང་བ་དང་ཁོང་གི་འཁོར་གཡོག་རྣམས་ལྷ་སར་བསྐྱལ།ལྷོ་ནུབ་དམག་སྲིད་༡ུ་ཡོན་ལྷན་ཁང་གིས་དགེ་རྟག་སྤྲུལ་སྐུ་སྐུམགཤེགས་པའི་གཏམ་ངན་དེ་ཐོས་རྗེས༡༩༥༠ལོའི་ཟླ་བ༡༡པའི་ཚེས༢༥ཉིན་ཁྲུང་ཆིན་གྲོང་ཁྱེར་རུ་མྱ་ངན་ཞུ་བའི་ཚོགས་འདུ་གཟབ་རྒྱས་འཚོགས་པ་རེད།ཚོགས་འདུར་ཞུགས་མཁན་མི༨༠༠ལྷག་ཡོད།ཏེང་ཞའོ་ཕིང་དང་ཝང་ཝེ་ཀྲུའུ་བཅས་རྣམ་པ་སྐུ་ངོ་མས་མྱ་ངན་ཚོགས་འདུར་ཕེབས་ནས་མྱ་ངན་ཞུས།
བསམ་ཚུལ་འབྲི།
