སྒོ་ཡོན་གྱི་སྙན་དེབ་(མི་སྐད་འདི་ཁ་གཡོར་ས་གཏན་ནས་མིན།)
དཀར་ཆག
3 / (སྔོན་འགྲོའི་གཏམ) “ ?”
མི་ཁོག་ཀློག་པ།
6/ (ཞར་བཀོད་གཅིག) ཐུབ་པ་དང་ཁོང་གི་ཁམས།
8/ འཐབ་རྩོད་ཟུར་གྱི་དྲན་ཤེས།
10/ གསར་རྙིང༌།
12/ ཁྱིམ་མཚེས་ཚང་གི་སྒོ་ཁར་སྦྱར་བའི་བསྒྲག་ཡིག
13/ ༠༠བར་གྱི་མནོ་བསམ་མི་འདྲ་བ།
16/ མེ་འཁོར།
17/ རང་གི་བདག་པོ་ཚང་གླེང་བ།
19/ ཁྱི།
21/ དེ་རིང་གི་ཉིན་ཐོ་འདོན་པ།
24/ འཇིག་རྟེན་ལ་ཁ་གྲག་པའི་ཐབས་ལམ།
25/ (ཞལ་བཀོད་ཚན་པ་ལྔ) རྟོགས་གཞིག
28/ ཉེན་བརྡ།
རང་སེམས་གྲོལ་བ།
30/ བླ་སྲོག་གི་ཕྱི་ནང་འགྲེལ་ཚུལ།
34/ ལམ་སྟོན་མཁན་གྱི་ཟུར་ཞིག
36/ གླུ།
37/ བརྩེ་དུངས་སྒྲོན་པ།
40/ མི་ལ་མི་སྐད་བགོ་བ།
42/ “མི་ཁ”དཀྲོགས་པ།
44/ མི་ཡུལ་ལ་འགྲོ་རོགས།
45/ མཚོ་མཐར་སྙེག་པའི་འོད་ཐིག
47/ ཕྲན་གྱི་ཁ་ཕྱིར་འཁོར་ཏེ། ཁྱོད་ཚོར་བལྟ།
རྨི་ལམ་འཆའ་བ།
50/ འགྲོ་སྟངས།
70/ (མཇུག་བྱང) “རང”ལ་གོ་བ་ལེན་སྟངས་ཀྱི་གླེན་གཏམ
“ ? ”
སྔོན་འགྲོའི་གཏམ།
ཁྱོད་ཀྱིས“སྙན་ངག”འདིར་རོལ་མྱོང་མ་ཤེས་ན་ཉིད་ཀྱི་སྐྱོན་ཡིན་ཞིང༌།
ཁྱོད་རང་སེམས་འགུལ་ཐེབས་མ་ཐུབ་ན“སུ”ཡི་ཉེས་པ་ཡིན་ནམ།
༢༠༠༨.༡༠.༡༨ཉིན་སྒོ་ཡོན་གྱིས།
མི་ཁོག་ཀློག་པ།
ས་ཆེན་གདོང་ལ་ཆུ་རྒོད་མཆོད་པས་ཁམ་བུའི་མེ་ཏོག་རབ་ཏུ་གད།།
ལོ་མའི་སྨྲེ་སྔགས་གནམ་ལ་འཁྱིལ་བས་སྐར་ཚོགས་གདུང་བས་ཡང་ཡང་ངུས།།
ཉི་འོད་ལེབ་མོ་མིག་ལ་གབ་པས་གངས་ཀྱི་བདག་མོ་བཟི་འགྲོ་བས།།
མི་ཚེ་ནག་པོ་ཐང་ལ་ལུས་ཤིང་ལོ་ཟླ་ནག་པོ་རི་ནས་བཞུར།།
སྒོ་ཡོན་གྱི་བསྡུས་བརྗོད་སྙན་ངག《ད་ཐེངས་ཀྱི་ཉི་འོད་ཧ་ཅང་ནག》ལས།
ཐུབ་པ་དང་ཁོང་གི་ཁམས། (ཞར་བཀོད་གཅིག)
སྐུ་ཞབས་དཔྱིད་ལགས་བསུ་བ།
ངེད་ཚང་གི་དགུན་སའི་ཕར་ཀ་ནས་ཁུར་བོ་ཅན་ཞིག་འོང་གིན་གདའ།
ཁུར་བོ་ཅན་དེས་ཚོན་སྣ་མང་བོ་ཞིག་བཟུང་ནས་འོང་གིན་གདའ།
ཁྱོད་ཚོས་ངོ་མ་ཁོ་རང་མི་ཤེས་སམ།
ཁྱོད་ཚོས་སྔོན་ཆད་ཁོ་རང་མཐོང་མ་མྱོང་ངམ།
ཁོང་ནི་སྐུ་ཞབས་དཔྱིད་ལགས་རེད་ཡཱ།
ཁོང་གིས་ངེད་ཚང་གི་ར་སྐོར་ཕྱི་ནང་ཀུན་ཏུ་ཚོན་རྩི་བྱུག་ཐུབ་ཅིང༌།
ཨ་མ་དང་ཨ་ཅེའི་གདོང་ལའང་ཚོན་རྩི་བགོ་སྲིད་པས།
ཁྱོད་ཚོ་མྱུར་མོར་སོང་ནས་ཁོང་ལ“ཨེ་དཀའ་ཐལ”ཟེར་རོགས།
ཐུབ་པ་དང་ཁོང་གི་ཁམས།
ཁྱོད་ཀྱིས་རང་ཉིད་ལ“བདག་པོ”མེད་པར་མ་འདོད་དང༌།
ཐུབ་པ་ནི་ཁྱོད་ལ་གསལ་ཆ་ངེས་གཏན་ཡོད་པའི་མི་སྣ་མཐོ་གྲས་དེ་ཡིན་ལ།
ཐུབ་པ་ནི་ཁྱོད་ཀྱིས་འདོར་མི་རུང་བའི་ལམ་གྱི་རུ་འདྲེན་ཐོག་མའང་ཡིན་པ་རེད།
དུས་ད་ལྟ། ཁྱོད་ཀྱིས་རང་གི་བདག་པོར་རློམ་པའི་ཐུབ་པ་ལགས་དྲན་སྲིད་དེ།
ཁོང་མི་ཡུལ་ལ་འཁྲུངས་སྟངས་དེ་ཀེ་རི་སིའི་པོ་ལ་ཐུ①དང་འདྲ་ན་ཡང༌།
ཁོང་གིས་འཇིག་རྟེན་ནས“ཁམས”འཚོལ་ལུགས་དེ《དམ་པའི་གསུང་རབ》②དང་ཀུན་ནས་མི་མཚུངས་ཏེ།
ཐུབ་པས་རང་གི་མིང་ནས་ཡག་པོ་ཞིག་འབོད་ཤེས་ཤིང༌།
ཐུབ་པས་གཞན་གྱི་ངོ་བོའང་ཡང་དག་པས་སྨྲ་ནུས།
ཁྱོད་ཀྱིས་རང་ཉིད་ལ་བདག་པོ་མེད་པར་མ་འདོད་དང༌།
ཐུབ་པ་ནི་བདག་པོ་རྣམ་དག་གི་རིགས་སུ་བརྩིས་ན་འོས་ཤིང་འཚམ།
༥.༡ ༣ཉིན་བླ་རུང༌།
①པོ་ལ་ཐུ། (སྤྱི་ལོ་སྔོན་གྱི༤༢༧ ༣༤༧)གནའ་བོའི་ཀེ་རི་སིའི་མཚན་ཉིད་རིག་པ་བ། བརྩམས་ཆོས《ཕུགས་
བསམ་རྒྱལ་ཁམས》དང《བཅའ་ཁྲིམས་ཐོར་བུ》སོགས་འདུག
②《དམ་པའི་གསུང་རབ》སྤྱི་ལོ་དང་པོའི་སྐབས་སུ་པ་ལེ་སི་ཐན་གྱི་ས་ཆར་དར་བའི་ཡེ་ཤུའི་ཆོས་ལུགས་ཀྱི་བསྟན་བཅོས་གཙོ་བོ་སྟེ། དེ་ལ་དབྱེ་ན་གསུང་རབ་རྙིང་བ་དང་གསུང་རབ་གསར་བ་གཉིས་ཡོད་མོད། འདིར་སྔ་མར་གོ་
དགོས།
འཐབ་རྩོད་ཟུར་གྱི་དྲན་ཤེས།
སྒེའུ་ཁུང་འདིའི་ཕྱི་རོལ་ན“རང་དབང”ཞིག་སློང་གིན་ཡོད།
སྒོ་ཆེན་དེའི་འོག་རོལ་ནས་བདེན་ཚིག་ཅིག་འུར་གྱིན་ཡོད།
སུ་ལ“རང་དབང”གི་རྒྱལ་ཁ་རྩ་ཆེན་འདི་མཁོ་སྲིད་ན།
མི་ཚེ་འདིའི་ཕ་རོལ་ལ་མཛུབ་ཐིག་གནོན་རྒྱུ་བྱོས།
ཁ་སང་མགོ་སྐེ་འདམ་དུ་ལྷུང་བའི་འཆད་སྒྲོས་ཤིག་ཡོད་མྱོང་ཞིང༌།
དེ་རིང་མི་ཤ་ཚོད་མར་བརྫུ་བའི་འཚོ་ཐབས་ཤིག་ཀྱང་ལྡན་འདུག་པས།
སང་ཉིན་དགའ་འབོད་བསྒྲག་རྒྱུ་དང་ཟས་བཅད་བྱ་དགོས་པ་གང་ཡིན་
རྟོགས་མི་ཐུབ་མོད།
ཉམ་ཐག་པའི“ཁྱིམ་ཚང”འདི་ཉིད“རང་དབང”གི་ཉེ་ཟུར་ལ་བཅར་དུས།
ཁ་གདང་ཞིང་བློ་ཧད་དེ་འདར་གྱིན་པ་ནི་བསྙོན་དུ་མེད།
ཤེས་རབ་ཀྱི་རལ་གྲི་ཐོགས་མཁན་ཚོས་སྒེར་ཚུགས་དང་བསམ་གཞིག་བོར་ནས་ཕྱིར་ལ་མ་བཀྱེད་དང༌།
གནས་ལུགས་གྲངས་ཀ་བརྩི་མཁན་དག་གིས་ཐ་སྙད་དང་སྨྱུ་གུ་དོར་ནས་རྗེས་སུ་མ་ལྷག་དང༌།
རིགས་ཞེན་གྱི་པི་ཝང་རྡུང་མཁན་རྣམས་ཀྱིས་ཀྱང་གློ་སྙིང་དང་སྐྲ་ལོ་སྦས་ནས་རྐང་ལག་མ་ཞ་དང༌།
ཕ་ཀི་ན་མི་རྒོད་སྐོར་ཞིག་གིས“རང་དབང”འཐེན་གྱིན་ཡོད་སྟབས།
སུ་ཞིག་ལས་གྲོགས་སུ་བགྲང་ན་མི་འོས་པ་རེད།
སེང་གེ་འགས་གཅེར་ཐེར་གྱིས“རང་དབང”བརྩད་དེ་བུད་སོང༌།
སྤྲེལ་ཕྲུག་འགས་ཨུ་ཚུགས་ཀྱིས་རྒྱལ་དར་འཕྱར་ཏེ་ཤི་སོང༌།
ཤུལ་དུ་ལྷགས་པ་ནི་དྲན་ཤེས་འཆོར་བ་ཁ་ཅིག་དང་ཕག་པ་རེ་ཟུང་ལས་
སུ་ཡང་མ་ཡིན་ཕྱིར།
རང་མིར་གཏོགས་པའི་ངོ་འབག་མཐུག་པོ་ཅན་ཚོས།
མྱ་ངན་གྱི་རོལ་ཆས་ནག་པོ་དེའི་འགོ་རྩོམ་རན་པ་མ་རེད་དམ།
༠༨.༤ .༢༦ཉིན་གསེར་ཐང༌།
གསར་རྙིང༌།
ང༌། གཡེར་དྲིལ་ལ་རྟོགས་གཞིག་བྱེད་མཁན་གྱི་དམར་བོའི་རིགས་ཏེ།
ཚིལ་མདངས་ཀྱིས་འཁྱུད་པའི་གནའ་བོའི་ཁྱིམ་གཞིས་དེ་ན།
མར་མེ་གོང་བུ་གང་སྔས་མགོར་བཤམས་ནས།
འདས་པོ་ཚོའི་དུར་འཇུག་ལ་མྱ་ངན་ཞུ་བཞིན་ཡོད།
ཕ་མེས་ཚོའི་ལག་རྗེས་ལ་བྱིལ་བྱིལ་གཏོང་གིན་ཡོད།
ཁྱོད། བརྡ་འཕྲིན་ཁོ་ནར་དགའ་མོས་གནང་མཁན་གྱི་སྐྱ་བོའི་རིགས་ཏེ།
གློག་འོད་ལྷང་ལྷང་གིས་འཚེར་བའི་ཨུ་རུ་སུའི་བྱ་འདབ་འོག་ན།
མཉེན་ཆས་གསར་བ་འགར་མིག་ཟུང་འཁོར་ནས།
“QQ”(ཁེའུ་ཁེའུ)ཞིག་ལ་དགོད་ཁ་སློང་གིན་མཆིས།
ཐ་སྙད་ཐུང་ངུ་ཞིག་ལ་འདྲི་གཅོད་བྱེད་ཀྱིན་འདུག
ངས། དར་ལྕོག་སྤུང་བའི་མཐའ་འཁོབ་འདི་ནས་ལག་པ་ཁྱོད་ཕྱོགས་སུ་བསྲིང་འོང༌།
ཁྱོད་ཀྱིས། གློག་སྐུད་མང་བའི་བཞི་མདོ་དེ་ནས་མགོ་བོ་བདག་གནས་སུ་དུད་ཤོག
དུས་དེ་ནས། འུ་གཉིས་ཀས་ས་ཆེན་མོར་རྐང་པ་གཏད་དེ།
འོ་ཞིམ་པོ་དེ་མཉམ་དུ་གཞིབ་པར་བྱ།
༣ .༡༣ཉིན་གསེར་ཐང༌།
ཁྱིམ་མཚེས་ཚང་གི་སྒོ་ཁར་སྦྱར་བའི་བསྒྲག་ཡིག ※
ངའི་སྙིང་ཉེ་བའི་ཁྱིམ་མཚེས་ལགས་ཀྱི་དྲུང་དུ།
ཁྱེད་ཀྱིས་ངེད་ཚང་ནས་དགོང་ཟས་བཟའ་དགོས་ཀྱང་སྟེར་སྲིད་ལ།
ངེད་ཚང་གི་འགྲུལ་ཁང་གཡར་དགོས་ཀྱང་མི་ཆོག་པ་མེད་འདུག
འོན་ཀྱང༌། ངེད་ཀྱི་གཅེས་ཕྲུག་ཚོའི“ཆུ་ལམ”ནམ་ཡིན་ཡང་མི་གཅད་པར་ཞུ།
ཞེས་ཟླ་ཚེས་ནག་པོར་ཁྱིམ་མཚེས“བྷོད”ཀྱིས།
༠༨. ༣ .༢༦ ཉིན་གསེར་ཐང༌།
※ རྩོམ་ཐུང་འདི་ཉིད《འབོད་སྐུལ》ཞེས་པའི་རྩོམ་ཡིག་གི་ཞར་ལ་བྲིས་པ་ཞིག་ཡིན་པས་རྒྱས་པར་དེ་ལ་གཟིགས་འཚལ།
༠༠བར་གྱི་མནོ་བསམ་མི་འདྲ་བ། (ཁག་དང་བོ)
A
ཁྱོད་རང་ནམ་རྒྱུན་གྲྭ་རྐྱང་ཡིན་ནའང༌།
དུས་ད་ལྟ་གྲྭ་རྐྱང་གི་མལ་ས་རུ་འོད་ཟེར་ཞིག་འཁྱིལ་ནས་འདུག
དེ་རིང་བར་མཐོང་མ་མྱོང་བའི་འོད་ཟེར་མཐུག་པོ་ཞིག་འཁྱིལ་ནས་འདུག
དེ་ནི་བླ་མ་བཀའ་དྲིན་ཅན་གྱི་བྱིན་རླབས་ཡིན་ནམ།
ཡང་ན་ཆོས་གྲོགས་དག་གི་བརྩེ་བའི་ཁ་དོག་ཡིན་ནམ།
དེ་འདྲ་ཞིག་གཏན་ནས་མ་ཡིན་ཚེ།
དེ་ནི་མཁའ་འགྲོ་མ་མགོ་སྟོང་འགའི་ཚོགས་འཁོར་གྲོལ་རྗེས་ཀྱི་རྐང་ཤུལ་དྲོན་མོ་ཡིན་ཡང་སྲིད།
དཀོན་མཆོག་གིས་གཟིགས་རོགས།
དོན་ངོ་མར། དེ་ནི་སུ་དང་ཅི་ཡང་མིན་པར།
སྔར་བཞིན་གྲྭ་རྐྱང་གི་མལ་ས་གཅིག་པུ་ཡིན་པར་སྨོན།
A
མཚན་ཉིད་པས་བཤད་ན།
“གཞན་གྱི་ཕོར་བ་ལས་ཆང་ཅི་ཙམ་འཐུངས་ཀྱང་གཞན་གྱི་ཡིན་ལ།
རང་གི་ཕོར་བ་ལས་ཆུ་ཁམ་གང་ལས་མ་འཐུང་ཡང་རང་གི་རེད”ཟེར།①
དེ་ཡང་བདེན་ངེས་ཏེ།
“དམར་བོ་ཚང”ནས་གནང་སྦྱིན་ཅི་ཙམ་རྙེད་ཀྱང་ཁོ་པ་ཚོའི་ཡིན་ལ།
ཕ་ཡུལ་ནས་རྩམ་པ་སྤར་གང་ལས་བཙལ་མ་ཐུབ་ཀྱང་བདག་པོ་རང་གི་རེད།
A
སྐུ་ཞབས་དེ་ཚང་གི་མཁར་ཤུལ་དུ་སྒོ་སྲུང་བ་གཉིས་འཇིགས་རྔམ་གྱིས་འགྱིང་ནས་ཡོད།
ཁོང་གཉིས་ནི་ཉིན་མཚན་མེད་པར་སྒེར་ཚུགས་ཀྱིས་འགྲེང་མཁན་ཞིག་ཡིན་ཚོད་རེད།
ཁོང་གཉིས་ནི་རང་གི་རུས་པ་ལ་ཤ་ཚ་ཁྱོན་ནས་མི་བྱེད་པར་སུ་ལའང་སྙིང་ལངས་ཡོད་པ་ཞིག་རེད།
ཁོང་གཉིས་ཀྱིས་འདང་གཏོང་ཚུལ་ནི་གཞུག་ཕྱོགས་ཀྱི་འཚོ་བ་མིན་པར།
མདུན་ཕྱོགས་ཀྱི་མགྲོན་པོའི་གནས་ཚུལ་ཁོ་ན་རེད།
མ་གཞི། ཁོང་གཉིས་ནི་རྡོ་བས་གྲུབ་པའི་སེང་སྐུ་ལས་གཞན་ཞིག་ཡིན་ན་ཆོག་པ་ལ་ཨང༌།
A
ཨ་ཁུ་ཉི་མ་ཐོན་ཐལ།
ཕྲུག་ལྭ་གྱོན་པའི་ཨ་ཁུ་ཉི་མ་དངོས་གནས་ཐོན་ཐལ།
ཁ་སང་བཞིན་སྤྲོ་འཛུམ་ངང་གིས་ཐོན་ཐལ།
“ཡ་ཡ། མ་དཀའ་ཐལ”ཟེར་བཞིན་འཚམས་པོ་བདེ་མོ་བྱས་ནས་ཐོན་ཐལ།
ཨ་ཁུ་ཉི་མ་ལགས། ཁྱེད་རང་ཅི་འདྲའི་སེམས་བཟང་ཞིག་ཡིན་སྲིད་ཀྱང༌།
ཁྱིམ་མཚེས་ཚང་གི་བྱིས་པ་དེ་ཚོར“ཕ་འབབ”སྤུ་ཙམ་སྟེར་མི་རུང་ངོ༌།།
༡༠. ༡༤ ༡༦ཉིན་གསེར་ཐང༌།
① ནུབ་ཕྱོགས་ཀྱི《ལེགས་བཤད་ཐོར་བསྡུས》སུ་གསལ།
མེ་འཁོར།
རླུང་བུ་མིག་མེད་དེ་ཡིས་སྨྲེ་སྔགས་ཤོར་བས།
ས་གནམ་གྱི་ཕོ་མོ་ཟུང་ཡང་འདར་ཡོམ་བྱས་སོང་བ་འདྲ།
འཛད་མཐའ་བྲལ་བའི་ལྕགས་སྐུད་མཚར་པོ་འདིའི་བྲང་གཞུང་ལ།
ང་སྡོད་སའི་མེ་འཁོར་རིང་བོ་འདིའང་ཆུ་བཞིན་བཞུར་གྱིན་ཡོད།
གློ་བུར་དུ་མགྲོན་པོ་འབྱོར་ལྡན་རྣམས་ཀྱིས་ཟ་མ་བཟའ་འོང༌།
གློ་བུར་དུ་རྒྱ་མི་མདོ་མེད་དག་གིས་གཅིན་པ་གཏང་སྲིད།
དེ་བས་མེ་འཁོར་གྱི་སྤྱོད་ཁང་ཆུང་ངུ་འདིའི་ནང་དུ་མི་མང་ཙམ་ཞུགས་དགོས་ཕྱིར།
ང་ལ་སུན་པ་ལངས་ནས་མིག་ཀྱང་སྒེའུ་ཁུང་གི་ཕྱི་རོལ་དུ་ལྷུང་ཟིན།
ཉི་མ་དམར་བོ་ཐག་རིང་ཐག་རིང་དུ་གཤར་གྱིན་འདུག
སྡོང་བོ་མང་སའི་ལམ་འགྲམ་གྱི་གྲོང་རྡལ་དེ་དག་ཀྱང་རྗེས་སུ་ལུས་ཀྱིན་འདུག
ཡིན་ཡང༌། ང་ཡོད་ས་ཡི་མེ་འཁོར་འདི་ཉིད་ཉིན་གང་བོར་སྡོད་མཚམས་མ་བཞག་གོ།
༠༧.༡༢ .༡༤ཉིན་ཟི་ལིང་གི་མེ་འཁོར་ནང་དུ་བྲིས།
༠༨.༢.༢༦ཉིན་གསེར་ཐང་དུ་བཅོས།
རང་གི་བདག་པོ་ཚང་གླེང་བ།
ཁ་བ་བབས་དྲགས་པས་མདུན་གྱི་རྡེའུ་འབུམ་ཆེན་མོ་དེ་བཀབ་སོང༌།
རྡུལ་རླུང་གཡུག་པ་ཡུན་རིང་བས་ལྗོན་པ་གསར་བ་འགའ་འགྱེལ་སོང༌།
ང་ཚོས་ད་དུང་ཅི་ཡང་ཚོར་གྱིན་མི་འདུག
ཐ་ན་རང་ཉིད་ཀྱི་སྒོ་གཏན་བཙའ་ཡོད་པའང་ཚོར་གྱིན་མི་འདུག
འུ་དམ་བཙན་པོས་ལྐོག་མདའ་བསམ་གནག་ཅིག་ཐོགས་ནས་གཤེགས་སོང༌།
མི་ལ་རས་པས་སྔོ་ཚོད་སྤར་མོ་གང་འགམ་ནས་ཡལ་ཐལ།
དགེ་ཆོས་ཀྱིས་ཀྱང་ཞྭ་མོ་ནག་པོ་འགའ་གྱོན་ནས་བུད་སོང་བས།
ང་ཚོས་གཏམ་རྒྱུད་རིང་བོ་འདི་དག་བརྗེད་ཐུབ་ཀྱི་མ་རེད།
ང་ཚོས་རི་མོ་གསོན་པོ་དེ་རྣམས་གསུབ་ཨེ་ཐུབ་མི་ཤེས།
འཇིག་རྟེན་འདིར་ཁོང་ཚོ་ལྟ་བུའི་ལག་པ་དྲང་མོ་མཁན་ཡོད་ཆོག་པར་ཞུ།
མགོ་ཐོག་འདིར་ཁོང་ཅག་ལྟ་བུའི་གདོང་ལ་ཕུ་མི་འདེབས་པའི་གསར་རྒོད་འགའ་བཞུགས་ཆོག་པར་ཞུ།
དེ་ལྟ་མིན་ན། མི་ཡུལ་ལ་རྐང་རྗེས་ག་ཙམ་བྲིས་ཀྱང་ས་བདག་ལ་མིག་མེད་སོང་བ་ལས་ཅི།
ཡུལ་མི་རྣམ་པ། ང་ཚོར“གདོང་དམར་པ”གསོལ་ཡོད་ལུགས་ཐོས་མྱོང་ངམ།
ངེད་ཅག་ལ“ཁ་བ་ཅན”བརྗོད་འདུག་པ་མཐོང་མྱོང་ངམ།
འུ་ཚང་ལ་ད་དུང“གངས་ཅན་པ”ཟེར་གྱིན་ཡོད་པའང་རྟོགས་ནུས་སམ།
ལྗིད་ཏིག་ཏིག་གི་སྒྱེ་མོ་སྟོང་བ་འདི་ཚོ་གྱོན་ཏེ་ཀི་རིང་རེ་འདེབས་དགོས་ཤིང༌།
ཡིད་གསོ་བའི་མིང་བྱང་མཛེས་པོ་དེ་དག་ཁུར་ནས་ཁུ་ཚུར་རེ་ཕྱར་དགོས་ཀྱི་རེད་མོད།
མིག་ཟུང་རས་ཀྱིས་གཡོགས་པའི“བོད་པ་ཚང”གིས།
རང་སྐེར་སྟ་རེ་འཇོག་པ་ལས་གང་ཡང་མཐོང་གིན་མེད་སྐད།
ང་ཚོའི་ལྷད་མེད་ཀྱི་མཆི་མ་དྲོན་མོ་མིག་མཐར་འཁྱིལ་འོང་ཡང༌།
ཁོག་པར་མིད་ཨེ་ཐུབ་བལྟ་བ་ལས་ཅི་བྱ་ཨང༌།
ཡུལ་མི་རྣམ་པ། མགོ་རྔ་ཡར་ལ་བཀྱག་རོགས།
ཁྱོད་ཚོས་མི་མཐུད་དུ“བོད་ཚང་གི”སྣ་གླུ་དེར་སྟོང་འདང་མི་སིམ་པར།
ཁྱོད་ཚོས་སླད་མར་ཡང་བོད་ཚང་གི་གནའ་སྒྲུང་དེར་སྐྱིད་སྣང་མི་འཆར་བར།
ཕྱིར་རོལ་གྱི་ཁ་བ་མཐུག་པོ་དང་རླུང་གིས་དེད་འོང་བའི་གད་སྙིགས་དག་གཙང་ཕྱག་བྱེད་རན་སོང༌།
ཁ་བ་བབས་དྲགས་པས་མདུན་གྱི་རྡེའུ་འབུམ་ཆེན་མོ་དེ་བཀབ་སོང༌།
རྡུལ་རླུང་གཡུག་པ་ཡུན་རིང་བས་ལྗོན་པ་གསར་བ་འགའ་འགྱེལ་སོང༌།
ང་ཚོས་ད་དུང་ཅི་ཡང་ཚོར་གྱིན་མི་འདུག
ཐ་ན་རང་ཉིད་ཀྱི་སྒོ་གཏན་བཙའ་ཡོད་པའང་ཚོར་གྱིན་མི་འདུག་གོ།
༢ .༡༣ཉིན་བླ་རུང༌།
ཁྱི།
བདེན་དོན་ཐད་ཀྱི་དབུས་སྨྲ།
བདག་གིས་ཁོ་ལ་རྩམ་རིལ་དང་ཟས་ལྷག་མང་ཙམ་བྱིན་ཡང༌།
ཁོས་བདག་གི་ཉེ་འཁོར་དུ་མི་གཙང་བ་དེ་ཙམ་སྦྱར།
བདག་གིས་ཁོ་ལ་སྙིང་རྗེ་བས་བྱིལ་བྱིལ་བྱེད་ཐེངས་རེ་རེར།
ཁོས་བདག་ལ་སྤར་མོ་གཏིང་ནས་བཏབ།
དོན་ངོ་མར་ཁོ་ནི་ཁྱི་ཞིག་ཡིན་མི་སྲིད་ལ་འ་ཡོ①ཞིག་ཀྱང་ཡིན་ན་མི་འོས་ཏེ།
ཁོ་ལ་དགོས་པ་ནི་འགྲང་དཀའ་བའི་ལྟོ་བ་དེ་དང༌།
ཁོ་ལ་ལྡན་པ་ནི་རིང་དྲགས་པའི་རྔ་མ་དེ་ཉིད་ལས།
གཞན་ཁྱད་ཆོས་དང་མཚར་སྣང་ཅི་ཡང་མི་འདུག་གོ།
རེད་ཨང༌། བདག་ལ་ཤ་ཚ་བའི་བྱི་ལ་དང་མགྲོན་པོའི་ཚོགས།
དེ་ནི་འདས་ཟིན་པའི་ཟླ་འདིའི་ཡན་ཆོད་ཅིག་ལས།
ད་ལྟ་ཁྱི་སྐྱག་དེ་ངེད་ཚང་གི་གཞིས་གར་གཏན་ནས་མེད་པས།
སེམས་ལྷོད་ལ་དབབ་ཆོག་པར་སྙམ།
༠༧.༨.༢༦ཉིན་ཁམས་ཁུལ།
①འ་ཡོ། ཁྱི་ཆུང་ངུའི་མིང༌།
དེ་རིང་གི་ཉིན་ཐོ་འདོན་པ།
དེ་རིང་སྙན་ངག་པ་མང་བོ་ཞིག་ཤི་སོང༌།
ཤི་སོང་བའི་སྙན་ངག་པ་དེ་དག་གི་དབུགས་ཆད་པ་མ་ཡིན་པར།
མགོ་སྟེང་ལོག་ནས་ངག་ལྐུག་པ་ཡིན་ནོ།།
དེ་རིང་སློབ་གྲྭའི་སྒོ་ཁ་ནས་སློབ་མ་ཞིག་གིས་གུས་འདུད་དང་བཅས་ཏེ།
“དགེ་རྒན། ཁ་སང་གི་སློབ་ཚན་དེ་བདག་གིས་བློར་བཟུང་བཏང”ཟེར།
ཁོས“ཨ་ཙི། བཟང་གི བཟང་གི”ཞེས་ཐ་སྙད་མཛེས་པོ་ཞིག་རང་གར་གཡུགས་སོང༌།
དེ་རིང་སློབ་མ་རྣམས་ཀྱིས་ཞོགས་སྦྱང་གྱེར་གྱིན་འདུག
གྱེར་སྟངས་དེ་སྐད་གདངས་ཕྲ་སྦོམ་སྤྱི་མཐུན་གྱིས་ཆགས་པ་ཙམ་ཡིན་ཚོད་རེད།
དོན་དུ་ཁོས་མཉན་པ་མ་རེད་མོད།
སྒྲ་གདངས་དེ་དག་ངོ་མ་ཇེ་ཆེར་བུད་སོང༌།
དེ་རིང་སྒྲོལ་མས་དུས་དེབ་ཅིག་ཁྱེར་འོང་ནས།
“དགེ་རྒན། འདིའི་ནང་གི《སྙིང་གྲོགས་རླུང་ཁྱེར་མ》ཞེས་པ་ཁྱེད་ཀྱིས་བྲིས་ནི་ཨེ་རེད”ཟེར།
“ཨོ། མིན། མིན” ཁོས་དངངས་འཚབ་དང་བཅས་ཏེ་བསྟུད་མར་བརྗོད།
དེ་རིང་ཁོས་ཕ་ཡུལ་ཕྱོགས་ཀྱི་དྲིན་ཆེན་ཨ་མར་ཁ་པར་བཏང་བ་རེད།
མ་ལགས་ཀྱིས་ངུ་ངག་དང་མཉམ་དུ“ཁྱོད་ད་དུང་འོང་གི་མེད་དམ”གསུངས།
“ང་ཉིན་གསུམ་གྱི་རྗེས་ནས་འོང་ཁོ་ཐག་ཡིན”ཞེས་བཤད་དེ་ཞིབ་འདང་ཞིག་བརྒྱབ་པ་ན།
ཨ་ཁ། ཁོ་འགྲོ་རྒྱུར་ད་དུང་ཉིན་བཅུ་ལྷག་ཡོད་འདུག
དེ་རིང་ཉི་འོག་འདི་ནས་ཁོས་རྩམ་པ་ཟ་བཞིན་ཡོད།དངོས་གནས་རྩམ་པ་ཟ་བཞིན་ཡོད།
ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ཁོས་རྩམ་པ་མ་བཟས་པར་ཉི་མས་ཁོ་ཟ་བཞིན་ཡོད།
རྒྱུ་མཚན་ནི་དེ་རིང་གི་ཉི་འོད་འདི་སྔར་ལས་ཀྱང་ཚ་བའི་ཕྱིར།
དེ་རིང་ནང་ཤག་ནང་ནས་གྲོགས་པོ་ནག་ཐོས“སྒོ་ཡོན། ཇ་འཐུང་དུ་ཤོག”ཟེར།
ཁོས་འདང་ཅི་ཡང་མ་བཏང་བར“མིན། གཏན་ནས་མི་འོང༌། ངས་ཁ་སང་ཉིན་གོང་ཇ་འཐུངས་བཏང”ཞེས་ལབ་ཤོར་སོང༌།
དེ་རིང་ཁོས་ཤོག་གུ་དང་སྨྱུ་གུ་བླངས་ནས《དེ་རིང》ཞེས་པའི“ཉིན་ཐོ”ཞིག་བྲིས།
“ཉིན་ཐོ”དེ་འགྲིག་པོ་ཞིག་མིན་ཡང་བསམ་བློ་བཏང་ནས་བྲིས་པ་ཡིན་སྟབས།
རང་ཉིད་ལ་མཚར་ཉམས་ཅུང་ཟད་སྐྱེ་བཞིན་འདུག
བྲིས་ཚར་རྗེས་སང་ཉིན་ཡང་བསྐྱར“དེ་རིང”ཚེས་ཀྱི་ཡོད་པ་དྲན་ནས་འོང༌།
༠༧.༡༢ .༢༤ཉིན་མཚོ་བྱང༌།
འཇིག་རྟེན་ལ་ཁ་གྲག་པའི་ཐབས་ལམ།
དགེ་རྒན་གྱིས་བཀའ་བཀྱོན་ཕོག་ཐེངས་ཨང“༡༧”པའི་རྗེས་སུ།
སྐེ་དཀྲིས་དང་ཤེལ་མིག་མེད་པའི་བདག་ནི་ཁོང་གི་ཕྱག་འབེབ་ལ“ལགས་སོ”ཞུ་མཁན་གྱི་ཉམ་ཐག་དེ།
ཆུང་མ་དང་དཔང་ཡིག་མི་མཁོ་བའི་བདག་ནི་ཁོང་གི་གཟིམ་ཁྲི་དང་ལག་ཟས་ལས་མི་ལུས་ཐོབ་པའི་སྤྲང་བོ་དེ།
དགོད་སྒྲ་དང་འུད་གཏམ་དབེན་པའི་བདག་ནི་ཁོང་གི་ཐུགས་བཀོད་ལ་མགོ་བོ་དུད་པའི་སྨྱོན་པ་དེ།
དེ་ལྟ་ན་ཡང༌། སྙན་ངག་དང་རས་གཟན་ལས་གང་ཡང་མི་གདའ་བའི་ཁོ་བོ་ནི།
སྐུ་ཉིད་ཀྱི“ཚུགས་ཀ”ལ་ཞེན་མཁན་གྱི་རིགས་དེ་དུས་གཏན་དུ་ཡིན་མི་སྲིད།
༣.༡༦ཉིན་གསེར་ཐང༌།
རྟོགས་གཞིག (ཞར་བཀོད་ཚན་པ་ལྔ)
འཁར་གསིལ་འབོད་པ།
གྲྭ་རྐྱང་གི་རུམ་ཁ་ནས་སྐྱེས་མ་མི་དགོད་པ་ལོས་ཤེས།
བརྩེ་འཛུམ་གྱི་རི་གསེབ་ནས་འདོད་རྩི་ཁོ་ན་མི་མངའ་བའང་ལོས་མཁྱེན།
དེ་བས། རང་གི་སེམས་མཐིལ་འདི་ཕར་སློག་ཚུར་སློག་ག་ཙམ་བྱས་ཀྱང༌།
ཁ་ཐག་རིང་བའི་གཙང་འགྲམ་ན་གནས་པའི་འཁར་གསིལ་བགྲེས་པོ་དེ།
ང་ཡི་རྨི་ལམ་ན་རྒྱུ་བའི་འོད་གོར་དང༌།
ཁྱོད་ཚོའི་ལམ་ངོགས་ན་འཛུགས་པའི་བླ་ཤིང་ཡིན།
སྲིན་བུའི་གཏམ།
མོ་རང་ནམ་རྒྱུན“ཁོ་ཧྥེ”འཇིབ་པའི་བྱམས་པ་དེ་ཡིན་ན།
བྱམས་པའི་དོན་སྣོད་ལ་གཟས་མཁན་དེ་ང་ཡང་ཡིན་པས།
བྱམས་པ་ལ་གདོང་ཁེབས་ཡོད་པ་བདེན་སྲིད་ཀྱང༌།
ང་ཡི་ནད་དུག་སིབ་སིབ་འདི་ཉིད་དགག་དཀའ་བར་ངེས།
རྟོགས་གཞིག
ངས་ཁྱོད་རང་བདེན་འཚོལ་པ་ཞིག་ལ་བརྩི་བཞིན་ཡོད་ལ།
དབུ་མ་སྨྲ་མཁན་དག་གི་གྲས་སུ་ཡང་བགྲང་གིན་ཡོད།
དེ་ནི་ཁྱོད་ཉིད་མི་ཡུལ་གྱི་སྨྱོན་པ་ཁ་ནག་ཅིག་ཡིན་པས་རེད།
སྲིད་གཞུང་ཁང་དང་མི་སེར་བར་གྱི་ཐེ་ཚོམ།
ཁྱོད་ཀྱིས་འཇམ་ཞིང་མཉེན་པའི་རྐུབ་སྟེགས་འདི་མ་ལྡག་ཅིག
ཁྱོད་ཀྱིས་ལྡེ་མིག་མི་དགོས་པའི་ལྟག་སྒོ་འདིར་གོམ་སྣེ་མི་འཇོག་རོགས།
ང་ནི་སྒམ་དཀྱེལ་སྲུང་བའི་སློང་མོ་བ་ཞིག་ཡིན་པ་ལས།
མིང་ཆེན་ཐོགས་པའི་མི་ཆེན་ཞིག་ལར་ནས་མིན།
“སྟོན་པར”ལྟ་བ།
གནའ་བོའི་ཨེ་ཤེ་ཡའི་ལྷོ་རྒྱུད་དུ་མེ་ཏོག་མཛེས་པོ་ཞིག་སྐྱེས་ཡོད་མོད།
མི་ཚོགས་མང་ཆེ་བས་མེ་ཏོག་མཛེས་པོ་དེ་ཨུ་དུམ་ཝ་ར་ཡིན་པ་རྟོགས་མི་འདུག
མཚན་ཉིད་པས“མི”ལ་མཚན་ཉིད་འཇོག་ཚུལ།
ཇོ་མོ་རི་ལ་འགྲོ་ཁར། ①རང་གི་ལན་བུ་ལ་ལག་པས་བྱིལ་ཞིང༌།
རང་གི་སྐེ་རྒྱན་ལ་མིག་ཆུ་ཤོར་བས།
མི་རྣམས་ཀྱིས་བཤད་ན“ཇོ་མོ་དེ་ད་དུང་མི་རེད”ཟེར།
ཇོ་མོ་རི་ལ་འགྲོ་ཁར། རང་གི་རྩེད་ར་ལ་མཆིལ་མ་བཏབ་ཅིང༌།
རང་གི་རྩེད་རོགས་ལ་ཕུད་རྒྱག་བྱས་པས།
སྐབས་དེར་ཇོ་མོ་དེས་རང་ཉིད་སུ་ཚང་གི་ཇོ་མོ་ཡིན་པ་ཤེས་མ་བྱུང༌།
༢.༣༠ ༤.༢༥ ཉིན་གསེར་ཐང༌།
① “ཇོ་མོ”ཞེས་པ་བོད་ཀྱི་བཙུན་མའི་མིང་གཞན་ཞིག་ཡིན།
ཉེན་བརྡ།
རྒྱང་ལ་གཤེར་བའི་མཚོ་འགྲམ་དེ་ན་མི་ཞིག་གིས་ཀི་རིང་འདེབ་ཀྱིན་འདུག
ཀི་རིང་དེའི་བར་མཚམས་རེ་རེ་ན་མི་གང་གི་མཆི་མ་འཁྱིལ་ནས་འདུག་མོད།
མཐའ་འཁོར་གྱི་མི་དག་གིས“ཁོ་སྨྱོས་ཟིན་པས་ཀི་རིང་དེར་དོན་སྙིང་ཅི་ཡང་ཡོད་མི་སྲིད”ཟེར།
སྤྲིན་པ་ཆེན་པོ་དེ་སྔར་ནས་འཚབ་ཀྱིན་ཡོད་པས།
སང་ཉིན་གྱི་ཉི་འོད་དེ་ཡང་ག་ཙམ་བྲིན་པ་རྟོགས་མི་ཐུབ་ཀྱང༌།
མི་རྣམས་ཀྱིས་བཤད་ན“འདི་ནི་རྒྱུན་ལྡན་ཞིག་ཡིན་པས་ཡ་མཚར་རྒྱུ་ཅི་ཡོད”ཟེར།
དེ་རིང་ཀི་སྒྲ་དེ་ཡང་ཐོས་རྒྱུ་མི་འདུག་ལ།
དེ་རིང་ཉི་འོད་དེ་ཡང་ཁྱོན་ནས་ཤར་མ་བྱུང༌།
ཨོ། ཉེན་བརྡ་དེ་ཁ་གཡོར་བྱེད་ཙམ་ཞིག་རྩ་བ་ནས་མ་རེད་ལགས།
༠༨.༨.༨ཉིན་དཀར་མཛེས།
རང་སེམས་གྲོལ་བ།
ཨ་མས་བཤད་ན་སྙན་ངག་པ་ལ་མིང་ཞིག་ཡོད་ནི་མ་རེད་ཟེར།།
ཨ་ཕས་བརྗོད་ན་རྩོམ་པ་བོ་ཡིས་རྒྱུ་ཞིག་རྙེད་ཚོད་མི་འདུག་གསུངས།།
ཚེ་གྲོགས་སྙན་ངག་ཚེ་རུ་བརྟན་ན་ནོར་དང་གྲགས་པས་དབུལ་ན་ཡང༌།།
འཇིག་རྟེན་གནས་ཀྱི་འཚོ་བའི་ཟབ་སར་ཁེན་ནས་མི་འདུག་མྱང་ནས་འགྲོ།།
སྒོ་ཡོན་གྱི་འབོལ་རྩོམ་སྙན་ངག《སྙན་ངག་པ་ལ་ཞྭ་མི་འདུག》ལས།
བླ་སྲོག་གི་ཕྱི་ནང་འགྲེལ་ཚུལ།
གྲོགས་པོ་སྐོར་ཞིག་གིས“བརྩེ་དུངས”ལ་མགོ་རྔ་ཡོད་ནི་ཨེ་རེད་ཟེར།
རྩོམ་གྲོགས་འགའ་ཡིས“བརྩེ་དུངས”ལ་ཕྱི་ནང་འདུག་ནི་ཨེ་རེད་གསུངས།
དུས་ཚོད་ཅིག་གི་མུན་ཁ་ལས་མ་ཐར་བ་ཡིན་ནམ།
ཁོར་ཡུག་ཅིག་གི་གློག་རླབས་ཀྱིས་མ་བཏང་བ་ཡིན།
དོན་ངོ་མར་འཇིག་རྟེན་མི་ཡི་རང་སྟེང་ནས་འདང་རེ་བརྒྱབ་ན་དཀའ་མོ་ཞིག་ཀྱང་མ་རེད་མོད།
ངས་དྲི་བ་འདིའི་རིགས་ལ“མི་ཤེས”མ་གཏོགས་ལན་ཅི་ཡང་བཏབ་མ་མྱོང༌།
བརྩེ་དུངས་ཞེས་པའི་ཐ་སྙད་འདི་ཐོས་མ་ཐག་མི་ཁ་ཅིག་དངངས་ནས་བརྒྱལ་འགྲོ་བར་ཡོད་སྐད།
བརྩེ་དུངས་ཞེས་པའི་གྲིབ་མ་འདི་མཐོང་སྐབས་མི་འགའ་རེ་སྐྲག་ནས་ཆུ་ལ་ལྕེབ་འདུག་སྐད།
བདག་གིས་བཤད་དགོས་ན་ཡང༌།
བདག་གིས་བསྟན་དགོས་ན་ཡང༌།
སེམས་འཚབ་པ་ཙམ་ལས་གང་ཡང་ནུས་ཀྱི་མ་རེད།
བརྩེ་དུངས་ཀྱི་དགྲ་ཟླར་བུད་པའི་ཨ་རོགས་ཚོ་ད་བསྡད་ན་བཟང༌།
བརྩེ་དུངས་ཀྱི་ཤུན་ལྤགས་སྦས་པའི་གླེན་པ་དག་འདང་གདང་ན་དགའ།
ང་ཚོ་བརྩེ་དུངས་ཀྱི་འདམ་ལས་སྐྱེ་བཞིན་དུ།
འུ་ཅག་བརྩེ་དུངས་ཀྱི་ཞིང་ལས་སྨིན་བཞིན་དུ།
བརྩེ་དུངས་ཀྱི་རྩ་བར་ཆུ་མ་བསྣན་ཡང་རྡོ་མ་སྤུངས་ཤིག
བརྩེ་དུངས་ཀྱི་ཁྱེའུ་ལ་གོས་མ་བསྐོན་ཡང་ཟས་མ་གཅད་ཅིག
བརྩེ་དུངས་ལ་ཁ་གཏད་དེ་འགྲེང་བའི་མེ་མདའ་མཁན།
བརྩེ་དུངས་ལ་ཚོད་འཛིན་ཡོད་པ་བདེན་ཡང་བཀག་འགོག་བྱས་ན་མི་ཆོག
བརྩེ་དུངས་ལ་བཅིངས་འགྲོལ་ལྡན་པར་ངེས་ཀྱང་རྩིས་མེད་བཏང་ན་མི་འོས།
བརྩེ་དུངས་ལ་བསླུ་བྲིད་མང་བ་འདྲ་ཡང་ཁྱི་ལ་བྱིན་ན་མི་མཚར།
ཁྱོད་ཅག་སྟེ། བརྩེ་དུངས་ཀྱི་རྐང་པར་རྐང་ཤུབས་གྱོན་པའི་མི་དག
བརྩེ་དུངས་ལ་མེ་ཏོག་གཏོར་དགོས་ཀྱང་དྲི་ཞིམ་མ་མཆོད་ན་ཆོག
བརྩེ་དུངས་ལ་ཁ་བཏགས་དབུལ་དགོས་ཀྱང་ཉེ་སར་མ་བཏུད་ན་ཆོག
བརྩེ་དུངས་ལ་འོ་ཙམ་བྱ་དགོས་ཀྱང་ལག་པས་མ་འཁྱུད་ན་ཆོག
བརྩེ་དུངས། བརྩེ་དུངས་ཀྱིས་མི་རྣམས་ལ་མཐུན་སྒྲིལ་གནང་ཡོད་པས་ང་ཚོས་བདེ་སྐྱིད་དེ་དྲན་ན་འགྲིག
བརྩེ་དུངས་ཀྱིས་སེམས་ལྡན་ཀུན་ལ་བྱམས་པ་བྱིན་མྱོང་བས་ང་ཚོས་སྙིང་རྗེ་དེ་བསྒོམ་ན་འགྲིག
བརྩེ་དུངས་ཀྱིས་འགྲོ་བ་དག་ལ་ཞི་བདེ་བསྐྲུན་འདུག་པས་ང་ཚོས་འདུན་མ་དེ་བསྲུང་ན་འགྲིག
བརྩེ་དུངས་ཀྱིས་ས་ཆེན་མོར་ཕ་འབབ་སྟེར་དགོས་པས་ང་ཚོས་དང་ལེན་དང་ཆོག་མཆན་བཀོད་ན་འགྲིག
བརྩེ་དུངས་ཀྱི་ལྟག་ཀར་འཕོངས་མགོ་སྟོན་མཁན་ཨང༌།
བརྩེ་དུངས།
བརྩེ་དུངས་བྱིས་པར་ཡོད་མི་ཆོག་ལ་དར་མ་ཞིག་ལ་ཡོད་དགོས་དོན་གང༌།
བརྩེ་དུངས་རྒན་པར་ལྡན་མི་ཆོག་ལ་ན་ཆུང་མ་ཞིག་ལ་མཁོ་གལ་ཆེ་དོན་ཅི།
བརྩེ་དུངས་གྲྭ་བར་འཐོབ་མི་ཉན་ལ་བླ་སྤྲུལ་ཞིག་ལ་བརྫང་ཆོག་དོན་གང༌།
འགྲོ་བ་དག
བརྩེ་དུངས་འཛིན་པའི་མི་ལ་སྤྲོ་སྐྱིད་མོད་ཅིང་འཁང་ར་བྲལ་བ་ཨེ་ཐོས།
བརྩེ་དུངས་ཅན་གྱི་མི་ལ་དགོད་འཛུམ་མང་ཞིང་མིག་ཆུ་ཉུང་བ་ཨེ་མཐོང༌།
བརྩེ་དུངས་ལྡན་པའི་མི་ལ་སྙིང་གཏམ་རིང་ཞིང་ལབ་རྡོལ་དཀོན་པ་ཨེ་ཚོར།
བརྩེ་དུངས་ཀྱི་དམྱལ་ཁམས་ན་བསྲེགས་པའི་ལས་ངན་རྣམས།
བརྩེ་དུངས་ཀྱིས་འཇིག་རྟེན་པའི་ངོ་སོ་བསྟོད་ཅིང་བདེན་ལུགས་བསྐྱངས་ནི་རེད།
བརྩེ་དུངས་ཀྱིས་འཁོར་བ་བའི་ལང་ཚོ་ཉོས་ཤིང་མི་གཤིས་བཅོས་ནི་རེད།
བརྩེ་དུངས་མི་ཡུལ་འདིར་སྔར་ནས་བྱོན་སྟབས་བདག་ལ་ཕ་མེས་དག་ཡོད་སོང་བ་རེད།
བརྩེ་དུངས་ས་སྟེང་འདིར་གནའ་ནས་བཞུར་བས་ བདག་གི་ཚེ་ཚད་ལ་སྦོམ་ཕྲ་དོད་སོང་བ་རེད།
བརྩེ་དུངས།
བརྩེ་དུངས་ཀྱིས་མི་སྣ་དུ་མ་བཟོ་བསྐྲུན་མཛད་པས།
བརྩེ་དུངས་ཀྱིས་དགའ་སྐྱོ་དུ་མ་བསྒྱུར་བཀོད་བྱས་པས།
ང་ཚོས་མཐའ་གཅིག་ཏུ་བརྩེ་དུངས་མཛེས་པོར་བྱིལ་བྱིལ་བྱེད་པ་ལས་མཆིལ་མ་གདབ་མི་རུང་ངོ༌།།
བརྩེ་དུངས་ཁུར་བའི་འདྲེ་ཕྲུག་ཚོ།
ངེད་ཅག་ད་རུང་ཕྱི་རོལ་གྱི་འབག་ཞྭ་གྱོན་མཁན་དེ་དག་ལ་བལྟ་རུ་འགྲོ་དང༌།
ཁོ་ཚོས་ཡང་སྙིང་ཅི་བྱེད་ཀྱིན་ཡོད་དམ།
༡.༡༡ཉིན་གསེར་ཐང༌།
ལམ་སྟོན་མཁན་གྱི་ཟུར་ཞིག
སློབ་དཔོན་དང་རང་ཉིད་ཀྱི་བར་ཐག
ཁྱོད་ལ་སྐྱོན་བརྗོད་མཁན་གྱི“མི”དེ་སུ་ཡིན་ནམ།
ཁྱོད་ལ་དག་ཐེར་གནང་མཁན་གྱི“མི”དེ་སུ་ཡིན་ནམ།
སོ་སྲུང་བ་ཕྱིར་ལོག་ནས་ཉིན་འགར་འགོར་བས་ཁྱོད་ལ་ལྟ་མཁན་ཙམ་མེད་ཀི
དགེ་བསྐོས་ཕར་སོང་ནས་ཟླ་བ་རང་ཙམ་འདས་པས་ཁྱོད་ལ་ཐེ་གཏོགས་བྱེད་ནི་ཞིག་ཡོད་མི་འདུག
ཁྱོད་ཀྱི་མགོ་བོ་མི་ན་ཡང་སེམས་པ་ན་བས་སྡོད་ཐབས་བྲལ་ཡང༌།
ཁྱོད་ཀྱི་བློ་གྲོས་མི་དམན་ཡང་བརྩོན་པ་མི་མཐོ་བས་དཀའ་ལས་ཆེ་ཡང༌།
ཁྱོད་ལ་སྔ་གཞུག་ནས་འདེད་མཁན་དེ་ལྟག་རྒྱབ་ཀྱི་ཁོང་ཉིད་གཅིག་པུ་ཡིན་ཕྱིར།
ཁྱོད་ཀྱིས་ཁོང་སྒུག་པ་ལས་སུ་ཞིག་ལ་མཐེ་བོང་ཀེར་ཨང༌།
ཁ་ཏྭ་ནགས་སུ་འཕུར་ནས་ཐལ་བ་འགམ།
ཁྱི་ལྡོམ་ཡུལ་དུ་ལོག་ནས་རུས་པ་འཆའ་ངེས།
ཁོང་གིས་ཁྱོད་བསྲུངས་ནས་སྒལ་ཚིགས་འཁྱོག་སོང་རུང་རྔ་མ་མཐུད་མཁན་ཞིག་མེད་པས།
མ་མཐའ་ཡང་ཁྱོད་ཀྱིས་ཁོང་ལ་རྩམ་པ་སྤར་འགའ་སྤུང་ན་འགྲིག
ཝེ། ལམ་སྟོན་མཁན།
ཁོང་ལ་རང་གཅེས་དང་སྒེར་བདག་ཡོད་པ་མིན་པས་ལམ་སོ་མ་དེ་སྟོན་ཆུགས།
ཁོང་ལ་རང་རློམ་དང་ངེས་ཤེས་ཡོད་པ་མིན་པས་ལམ་དཀར་བོ་དེ་སྟོན་དུ་ཆུགས།
ལམ་སྟོན་མཁན་ཁོང་ལགས་པས།
ཁོང་ལམ་སྟོན་མཁན་ལགས་པས།
ཁོང་གིས་ཟུངས་ཁྲག་དང་མཉམ་དུ་མེ་ཏོག་སྐྱེ་སའི་ལམ་དེ་བསྟན་ན།
ཁོང་གིས་འདྲུད་ལྷམ་དང་ཆབས་ཅིག་སྐར་མ་འཆར་སའི་ལམ་དེ་བསྟན་ན།
རྒྱབ་ནས་དབྱུག་པས་མ་འདེད་ན་བཟང་ཞིང༌།
མདུན་ནས་ཐག་པས་མ་འཁྲིད་ན་མཛེས།
ཁོང་ལ་ཀུ་རེ་མོད་པས་མཚར་གཏམ་ཆ་ཚང་ཞིག་ཁྱོད་ལ་འཆད་ཀྱིན་འདུག་གི
ཁོང་ཉིད་ཞེ་གཏིང་དཀར་བས་གསང་གཏམ་རྩུབ་མོ་ཞིག་ཁྱོད་ལ་སྦྱིན་གྱིན་འདུག་གི
ཁོང་ལ་ཡ་རབས་ལྡན་པས་སྤྱོད་པ་ཚུལ་ཅན་ཞིག་ཁྱོད་ལ་སྟོན་གྱིན་འདུག་གི་མོད།
ལམ་སྟོན་མཁན་གྱི་གཟུགས་ཚད་རིང་དྲགས་ན་ཡང༌།
ལམ་སྟོན་མཁན་གྱི་སྐར་གྲངས་མཐོ་ཆེ་ན་ཡང༌།
ཁྱོད་ཀྱི་ཁྲལ་ཆ་དེ་རང་གིས་འཁུར་ན་དགའ་ནི་རེད།
ཁྱོད་ཀྱི་རྡོག་སྣེ་དེ་ཁྱོད་རང་གིས་བཙལ་ན་སྟོབས་ཀྱི་རེད།
ཁྱོད་ཀྱི་མེ་ལོང་དེར་ཁྱོད་ཁེར་བོས་བལྟས་བཏང་ན་མཛའ་ནི་རེད་ཡཱ།
༠༨.༡.༨ཉིན་གསེར་ཐང༌།
གླུ།
དྲན་པ་རང་ལ་གསལ་བའི་དུངས་བརྗོད།
དེ་རིང་ཁོང་ཉིད་ཅུང་ལྷོད་ལ་བབས་ནས་ཁང་བའི་ལྟག་རྒྱབ་དེ་རུ་ཉི་མར་ལྡེ་ཡོད།
མོ་ཡང་དྲན་ལོང་མེད་པར་ཁོང་གི་ཟུར་དུ་འཁྱམ་མྱུལ་བྱེད་པར་ཕྱིན།
ཁོང་གིས་མདུན་གྱི་རྡེའུ་འབུར་དེར་བལྟས་ནས་སྣ་གླུ་དམའ་མོ་ཞིག་ལེན་གྱིན་འདུག
མོས་གཟབ་ནན་གྱིས་ཉན་སྐབས་སྣ་གླུ་དེ་དོན་དུ“གླུ”ངོ་མ་ཞིག་ཏུ་ངེས།
“ཁྱོད་རང་སྐར་ཚོམ་གྱི་མདའ་བཞིན་རྒྱང་རིང་ལ་འཕུར་ཤུལ་དུ།
བྱ་སྤུ་འདྲ་བའི་ང་གང་ནས་ཀྱང་འོང་ཐབས་མེད་ཀི
ཨེ། སྙིང་ལ་བསྒྲོན་པའི་མེ་སོན་དེ་ད་དུང་མ་ཡལ་ན།
ངས་ཉིན་མོ་མ་ཟད་མཚན་མོར་ཡང་ཅི་ནུས་ཀྱིས་བསྒུག་ཐུབ། ཨིན… ཨིན…”
ཁོང་གི་མགོ་རུམ་དུ་སྨད་ནས་གླུ་དེ་ཡང་བསྐྱར་སྣ་གླུ་ཞིག་ཏུ་གྱུར་སོང༌།
མོ་ཡང་བཙོན་མ་ཞིག་དང་མཚུངས་པར་ཁ་མར་འཁོར་ནས་ག་ལེར་གྱིས་བུད་ཡོང༌།
༠༧.༧.༦ཉིན་གསེར་ཐང༌།
བརྩེ་དུངས་སྒྲོན་པ།
མི་ཁ་ཅིག་གིས“བརྩེ་དུངས”ནི་ཕྱག་ལུད་ངོས་ཀྱི་མཆིལ་མའི་ཐིགས་པ་ཞིག་ཡིན་པར་འདོད་ལ།
མི་ཁ་ཅིག་གིས“བརྩེ་དུངས”ནི་ལབ་ན་མི་འོས་ཤིང་བསྒྲག་ན་མི་རློམ་པའི་མཆེ་བ་གཙིགས་པའི་སྲིན་མོ་བསམ་གནག་རེ་ཡིན་པར་འཆད།
རྒྱུ་མཚན་དེ་དག་གིས་རྔ་མ་ཐུང་ཞིང་འདྲེན་བྱེད་ལོང་བའི་སྙན་ངག་པར་བརྫུས་པའི་སྡིགས་ཁྱི་ལ་ལས་ཀྱང༌།
མི་གཙང་བའི་བང་སོ་བརྩེགས་པའི་བཞི་མདོ་རེ་རེར་འབོད་རིང་དང་སྔོག་འདོན་བྱེད་ཀྱིན་འདུག
གླེང་གཞི།
ངས་རས་གཟན་ཡང་མོ་མགོ་རུ་འཐེན་ནས་བརྗོད་མི་ཐུབ་པའི་བསམ་གཞིག་རེ་གཏོང་དུས།
སྡུག་བསྔལ་དང་སུན་སྣང་ཅི་ཡང་སྐྱེས་མ་ཐལ།
དེ་ནི་ང་ལ་སྦ་མི་རྙེད་པའི“བརྩེ་བ”ཞིག་ཡོད་པས་ཡིན་ལ།
དེ་ནི་ང་ལ་གནོན་མི་ཚུགས་པའི“དུངས་བ”ཞིག་འདུག་པས་ལན་ཡིན།
གལ་ཏེ། བརྩེ་དུངས་ཤིག་ཁྲག་ལྟར་བཞུར་རྒྱུ་མེད་ན།
འཇིག་རྟེན་ནི་འཇིག་རྟེན་ཏེ་ཐེར་ཟུག་གི་ངོ་བོ་ཙམ་ལས་གཞན་ཅི།
གལ་ཏེ། བརྩེ་དུངས་ཤིག་ཆུ་བཞིན་ཁོལ་བ་མིན་ཚེ།
འཁོར་བ་ནི་འཁོར་བ་སྟེ་ཐ་སྙད་ཀྱི་གྲུབ་སྟངས་ཤིག་ལས་གང་ཡང་འཁོར་རྒྱུ་ཡོད་པ་མ་རེད།
དེས་ན་ང་ཚོ་ལ་བརྩེ་དུངས་ཡོད་ཆོག་སྟེ་འཁོར་བར་གནས་དགོས།
དེས་ན་ང་ཚོ་ལ་འཚོ་བ་ལྡན་འོས་ཏེ་སྐྱིད་སྡུག་འབྱུང་དགོས།
སྐྱིད་སྡུག་དེ་དག་གི་ཀློང་ན་བརྩེ་དུངས་ནི་མཐའ་མེད་ཀྱི་རྒྱ་མཚོ་ལྟར་ཡངས་མོད།
དགའ་སྡུག་མང་དྲགས་པའི་མཚམས་ན་བརྩེ་དུངས་ནི་གཟུགས་མེད་ཀྱི་ནམ་མཁའ་བཞིན་ཁེངས།
བརྩེ་དུངས་ཨང༌། སྐྱེས་པ་ཚོའི་སྙིང་ནང་གི་དགའ་མ་དང་བུད་མེད་ཚོའི་ལུས་སྟེང་གི་མཛའ་བོ་སྟེ།
བརྩེ་དུངས་ཡ། རྒན་རྒོན་ཚོའི་ཕྱིར་དྲན་གྱི་མིག་ཆུ་དང་གྲྭ་རྐྱང་ཚོའི་ཕྲེང་གསེབ་ཀྱི་དཀོན་མཆོག་སྟེ།
བརྩེ་དུངས་ཡ། སྐྱེ་རྒ་ན་འཆིའི་རླུང་ཁ་ན་རྒྱུ་བའི་ང་ཚོ།
ཆགས་སྡང་སྤར་བའི་རི་སུལ་ན་འགྲེང་བའི་ང་ཚོ།
ཁྱོད་ཀྱི་རང་གཟུགས་གསུབ་པའི་འདྲེ་ནག་དེ་ཚོ་མ་ཡིན་པར།
ནམ་རྒྱུན་སེམས་བསམ་པའི་གཏིང་ནས་ཁྱོད་ནི་འཁྲབ་གཞུང་
ཡག་ཤོས་ཤིག་ཏུ་ངོས་འཛིན་གྱིན་ཡོད་པས།
ཁྱོད་བཙལ་བ་ནས་ང་ལ་འཚོ་བ་ཡང་དག་གི་ཁ་ཕྱོགས་ཡོད་ལ།
ཁྱོད་ཐོབ་པ་ནས་ང་ལ་སྙན་ངག་རྣལ་མའི་བླ་སྲོག་ལྡན།
བརྩེ་དུངས་ཡ།
ངའི་མི་ལོ་བཅུ་དགུའི་དྲན་ཀློང་གི་རྩེད་རོགས་སྡུག་རོགས།
ངའི་མི་ཚེ་རིང་མོའི་གཏམ་རྒྱུད་ཀྱི་ངུ་རོགས་དགོད་རོགས།
ང་ནི་ཁྱེད་ཀྱི་ཡིད་འོང་གི་རླབས་རྩེ་ན་འཕུར་བའི་བརྗོད་བྱར་འོས་ན།
ང་ནི་ཁྱེད་ཀྱི་ཞིང་ཁམས་ན་བརྒྱུས་པའི་རྨི་ལམ་ལྟ་བུའི་འཇའ་ཚོན་རེད་ན།
ངས་དམྱལ་བ་འགའ་རྡོག་པས་བརྫི་དགོས་རུང༌།
ཁྱོད་ཀྱི་ཆེད་དུ་དཀའ་བ་ཁོག་ཏུ་མུད་དེ།
ཁྱོད་རང་རྙེད་ཕྱིར་ངལ་བ་གདོང་གིས་བླངས་ཏེ།
དམར་བོ་ཁྲག་གིས་སྦགས་པའི་དུས་གསུམ་གྱི་བརྩེ་དུངས་སྒྲོན་པ་དེའི།
བདུད་རྩི་འདྲ་བའི་མཛེས་སྡུག་གི་ལོངས་སྤྱོད་ཁ་ཤས།
སྨྲ་ལྕེ་ཡང་མོས་དུས་ནམ་ཡང་མཚམས་འཇོག་མི་སྲིད།
༠༦.༡༠.༣ཉིན་གསེར་ཐང༌།
མི་ལ་མི་སྐད་བགོ་བ།
རང་ཉིད་ལ་དྲན་གསོའི་སླད་དུ།
1
མི་ཚོགས་ཀྱི་ཁ་རླུངས་ནག་པོས་སྙན་ངག་གི་རྩེད་ཆས་གསར་བ་འགའ་བཅགས་སོང༌།
ཉིན་འདི་དག་ལ་སྙན་ངག་པར་བརྫུས་པ་དུ་མ་ཞིག་རང་གཟུགས་ལས་འགྱུར་སོང་སྐད།
མི་སུ་ཡིན་ཡང་རང་གི་མིག་ཤེལ་ལས་མིག་གལ་ཆེན་དུ་གཟུང་རྒྱུ་མཁྱེན།
འཇིག་རྟེན་པ། ཁྱོད་ཅག་གིས་རི་ཁྲོད་ཀྱི་གླུ་བ་ཧྲལ་ཧྲུལ་འདི་ཉིད་རྟོགས་ཐུབ་ན་འགྲིག
ཁྱོད་ཚོས་གཅེར་ཐེར་དུ་བུད་པའི་གཤིས་ཀ་ངོ་མ་འདི་ཉིད་མཐོང་ཐུབ་ན་མཛེས།
ཁོ་བོས་ཀྱང་ས་མཐའ་འདི་ནས་ཁ་ཕྱིར་འཁོར་ཏེ་སྐུ་ཉིད་ལ་ཞེ་ཐག་པ་ནས་ཐལ་མོ་བརྡེབ་སྲིད་པས།
ཁྱོད་ཀྱིས་གཏིང་ཟབ་ས་ཞིག་ནས་རང་གི་པི་ཝང་དེ་ཀ་རྡུང་རོགས།
2
མིག་གིས་མི་ཟིན་པའི་རྡེའུ་འབུར་དེ་ན་མི་ཞིག་གིས་མཆོད་མེ་སྒྲོན་གྲབས་འདུག
མཆོད་མེ་དེས་ཟླ་འོད་བསིལ་བསིལ་གྱི་ཀློང་ལ་མཛུབ་ཀི་འཛུགས་པའི་ཁྱོད་རང་མཐོང་བྱུང༌།
སྙན་རོལ་དང་ཟིན་ཐོའི་བར་ན་ནམ་ཡང་མགོ་འཁོར་གྱིན་པའི་ཁྱོད་རང་མཐོང་བྱུང༌།
ཁྱོད་ཀྱིས་ཁོ་བོར་ཁ་བརྡ་གླེང་མི་འོས་ལ་གླེང་ཡང་མི་སྲིད་དེ།
མི་མཐུད་དུ་མི་ཡུལ་གྱི་ཞིང་ས་གཤིན་པོར་གླུ་ལེན་དགོས་པས་སོ།།
སྒོ་ཡོན། ངོས་གཞན་ཞིག་ནས་ཁྱོད་ཀྱི“མི་སྐད”འདིའི་ཐོབ་སྐལ་ཕྱེད་ཙམ་ཁོ་བོར་གཡར་རམ།
ཁོ་བོས་ཁྱོད་ཉིད་ཀློག་མཁན་གྱི་མི་བུ་ཚུགས་ཐུབ་འགའི་འདྲེན་བྱེད་དང་མཉམ་དུ།
མེ་ལོང་ཁྲོད་ཀྱི་གྲིབ་གཟུགས་གཅོག་ཏུ་མི་འཇུག་པར་བསྲུང་ཐུབ་པར་བྱ་དགོས།
༠༧.༡༠.༢༦ཉིན་ཁྲི་ཀ
“མི་ཁ”དཀྲོགས་པ།
གྲོགས“B”ལ་ཁ་བརྡའི་ཚབ་ཏུ།
ཟིམ་ཟིམ་དུ་གྱུར་པའི་ཁ་གཡང་དེའི་ལྟག་ཀ་ནས།
ཐེ་ཚོམ་གྱིས་བཟུང་བའི་འཛུམ་དཀར་དེའི་རྗེས་ཕྱོགས་ནས།
ཁྱོད་ཀྱིས་ཐལ་བ་སྤར་མོ་གང་བོ་བདག་གི་འགྲམ་པར་གཏོར་ཞིང༌།
ཁྱོད་ཀྱིས་མཆིལ་མ་ཁམ་བུ་གང་བོ་བདག་གི་མིག་ནང་དུ་བཏབ་ནས།
ཕྱིར་བལྟས་མེད་པར་དགུན་མཐའི་ཁ་བ་བཞིན་བདག་གི་མདུན་རོལ་ནས་ཞུ་སོང༌།
སྐད་ཆ་མེད་པར་བགྲེས་པོའི་མ་སོ་ལྟར་བདག་གིས་བལྟས་བལྟས་ལ་འཐོར་སོང༌།
གྲོགས་པོ“B”ལགས།
སྤྱི་ངོས་ནས་ཁྱོད་ཀྱིས་བདེ་ལེགས་ཙམ་ཡང་བདག་ལ་མ་ཞུས་པས།
བདག་གིས་ཁྱོད་ལ་མཆི་མ་དཀུ་མི་འོས་མོད།
དོན་ཐོག་ནས་ཁྱོད་ཀྱིས་འཕྲིན་ཐུང་འགའ་ཡང་བདག་ལ་བསྐུར་མ་མྱོང་བས།
བདག་གིས་ཁྱོད་ལ“ཁོ་ཧྥེ”ལྡུད་མི་ཐུབ་མོད།
བདག་ནི་ཁྱོད་ལ་ཆུ་མཆོད་པའི་དེ་དུས་ཀྱི་སྨྱོན་པ་མགོ་རགས་ཉིད་ལས་གཞན་སུ་ཡང་མིན་པས།
“B”ལགས་གང་ཏུ་གཤར་ཟིན་ཡང་འོ་གཅིག་པུ་འདི་སྦྱར་བར་ཉེས་པ་ཡོད་མི་སྲིད།
“B”ལགས་སུ་ཚང་གི་ཡིན་ཚར་ཡང་ཁ་བརྡ་ཁེར་མོ་འདིས་གནོད་འགྲོ་བར་དོག་མི་འདོད།
གྲོགས་པོ། བདག་གི་ཉལ་ཁྲི་ནས་སྔོན་ཆད་འཁྱིལ་མྱོང་ཞིང༌།
བདག་གི་རྨི་ལམ་ནས་ད་ལྟ་བཞུར་མྱོང་བའི“དེ་ཚང”གི་ཁྱོད།
དྲན་སློང་བའི་ས་གཞི་འདིར་སྐྲ་ལོ་བཞིན་བསྐྱོད་མི་དགོས་ཀྱང༌།
བཞད་མྱོང་བའི་ལམ་བུའི་གནས་སུ་དེ་རིང་ལྷམ་རྗེས་ཤིག་ཞོག་ཅིག
“B”ལགས། བདག་གིས་སློག་ཧྲུལ་དམར་བོ་འདི་གྱོན་ནས་སེམས་པ་མཛུབ་རྩེར་བཏེགས་དུས།
ཁྱོད་ཀྱིས་རང་ས་དེ་ནས་ལག་འཇུ་ཐེངས་གཅིག་ཨེ་བྱེད།
ཁྱོད་ཀྱིས་ཁྱོད་ཚང་གི་སྒོ་ནས“ཡར་ཤོག”རྡོག་གཅིག་ཨེ་ཟེར།
གལ་ཏེ་ད་དུང་ཡང་གནག་པའི་སྒོ་ནས་བདག་ལ“ཕར་ཆས”ཞེས་བརྗོད་ཚེ།
མི་ཁ་འདིའི་ཞར་ནས་ནམ་ཡང་ཁྱོད་རང་བཙལ་འོང་ངོ༌།།
༥ཉིན་དཀར་མཛེས།
མི་ཡུལ་ལ་འགྲོ་རོགས།
གྲོགས་པོ“གྲོལ”ལགས་ལ།
ཁྱེད་རང་འདྲེ་ལམ①ལ་ཞུགས་པའི་ཉིན་དེ་ལོ་སར་ཚར་རྗེས་ཀྱི་ཞོགས་པ་ཞིག
ང་རང་ཁྱེད་ལ་སྤྲོ་བའི་དུས་དེའང་རིག་རྩལ་མེད་པའི་མཚན་མཐར་ཁེལ་འདུག
ཁྱེད་ཀྱིས་དྲན་ཚད་ཅིག་བསྒྲགས་མྱོང་བའང་བདེན་པ་ཡིན་ལ།
ཁྱེད་ཀྱིས་གང་མཁོ་དག་བཙལ་ཨེ་ཐུབ་བལྟ་བའང་བདེན་པ་ཡིན།
རོགས་པ། ད་དུང་ངེད་གཉིས་ཀྱི་ལམ་ཐག་སྔོན་ཆད་ལས་རིང་བས།
ཁྱེད་ཀྱིས་རང་ཉིད“ཁམས་པའི་ཕོ་གསར”ཞིག་ཡིན་པ་མ་བརྗེད་ན་འགྲིག
༧ཉིན་ཕ་ཡུལ།
① གོ་སྟངས་ཕལ་བ་ཞིག་གཞིར་བཞག་ན“འདྲེ་ལམ”ཟེར་བའི་ཐ་སྙད་འདི་དེ་འདྲའི་རན་པོ་ཞིག་ཡིན་མི་སྲིད་ཀྱང༌། མི་སྒེར་ལམ་ལུགས་ལ་མཐའ་གཅིག་ཏུ་ཁ་གཏད་འགྲེང་བའི་ན་གཞོན་གསར་བརྗེ་བ་ཞིག་ལ་མཚོན་ན། ཁོར་ཡུག་འདི་ནས་གྱེན་
ལངས་བྱ་དགོས་ཚེ་ཐོག་མར“འདྲེ་ལམ”ལ་མི་ཞུགས་ཐབས་མེད་རེད་འདུག
མཚོ་མཐར་སྙེག་པའི་འོད་ཐིག
གྲོགས་པོ“འོད”ལགས་ལ།
འགྲོ་བ་མིའི་དྲན་ངོགས་ཀྱི་བརྩེ་དུངས་དེ་སྤྱིར་བཏང་ཞིག་མ་ཡིན་ཁར།
གྲོགས་པོར་བརྒྱུས་པའི་ནང་སེམས་ཀྱི་གཟུགས་རིས་ཀྱང་སླ་མོ་ཞིག་གཏན་ནས་ཡིན་མི་སྲིད།
ཁོ་བོ་ཤེས་རྨོངས་ཚང་ལ་ཐོན་པའི་གནས་དེ་ནས་ཁྱོད་རང་ངོ་ཤེས་སུ་གྱུར་ཅིང༌།
ཁོ་བོ་ཤེས་རབ་ཅན་ལ་བརྫུས་པའི་ལམ་འདི་ནས་ཁྱོད་ཉིད་གསལ་ཐག་ཏུ་མངོན་པས།
མི་སྐད་དང་མི་ཟས་མི་མཐུན་ནའང་འགྲོ་སྡོད་གཅིག་ཕྱིར།
དཀར་ནག་དང་རླུང་རྟ་མི་མཉམ་ཡང་འབྱོར་བ་མཚུངས་ཕྱིར།
ཁྱོད་ཀྱི་འོད་ཟེར་དང་བདག་གི་སྒོ་ཆེན་ཟུང་གཞི་ནས་འབྱེད་ཐབས་བྲལ།
དྲན་པ་འདིའི་ཕ་རོལ་ན་བསམ་གཞིག་གིས་གནས་པའི་ཁྱོད་རང་ཨེ་ཡོད།
ཁམས་པ་ཡི་གཡས་ཟུར་ན་ན་ཟུག་གིས་གཙེས་པའི་ཨ་མདོ་པ་ཉིད་ཨེ་འཚམས།
གལ་ཏེ་ཁྱོད་ཀྱི་རྒྱང་མཐོང་དེས་བདག་གི་སྙིང་མཐིལ་ལ་ཞིབ་ལྟ་ཚར་གཅིག་བྱས་ཡོད་ཚེ།
དྲན་སྟངས་འདི་གྲོགས་མོ་དྲན་པ་དང་ཡང་མི་འདྲ་ལ།
དཀོན་མཆོག་འཆར་བ་དང་ཡང་མི་མཚུངས་ཏེ།
བདག་གི་གློ་བ་སྔ་མོ་ནས་ཁྱོད་ཀྱི་བླ་སྲོག་ལ་འབྱར་ཟིན་པས་སོ།།
ངོ་ལྤགས་ལ་ཚོན་རྩི་མ་བགོས་པའི་ཁོ་བོས་མིའི་མདུན་ནས《སྒྱུ་འཕྲུལ་གྱི་མདུད་པ》①དགྲོལ་འདོད་ཅིང༌།
ལས་དབང་ལ་ལྕེ་ལྡག་མི་བྱེད་པའི་ཁོ་བོས《བྲག་ཁུང་དང་གངས་རིའི་བར་གྱི་ང》②དྲན་གྱིན་འདུག་པས།
ཐག་རིང་གི་མཚོ་མཐའ་དེ་ན་རེ་སྙེག་གིས་རྒྱུ་བའི“རྐང་ཚའི་སྐར་མ”
ཁྱོད་ཀྱིས་བདག་གི་མིག་ཆུ་གཙང་བྱེད་ཀྱི་ངོ་ཕྱིས་ཁྱེར་ལ་ཤོག
༡༠ཉིན་གསེར་ཐང༌།
①འོད་ལགས་ཀྱི་བློས་བསླངས་སྙན་ངག་ཅིག་གི་སྦྱར་བྱང༌།
②འོད་ལགས་ཀྱི་བོད་རིག་པའི་འཕེལ་ཕྱོགས་དང་འབྲེལ་བའི་བསྡུས་བརྗོད་སྙན་ངག་ཅིག
ཕྲན་གྱི་ཁ་ཕྱིར་འཁོར་ཏེ།ཁྱོད་ཚོར་བལྟ།
མཚོ་བྱང་དུ་གནས་པའི་སློབ་གྲོགས་རྣམས་དང་གྱེས་རྗེས།
ད་ནས་བཟུང་བདག་ཁྱོད་ཚོ་དང་ཁ་གྱེས་ནས་ས་ཆ་གཞན་ཞིག་ཏུ་སྤར་དགོས་སོང༌།
འདི་ནས་འགོ་བརྩམས་ཏེ་བདག་ཁྱོད་ཅག་དང་ངོ་བཀར་ནས་མི་ས་རིང་བོ་ཞིག་ཏུ་འགྲིམ་དགོས་སོང༌།
ཁྱོད་ཚོས་བདག་ལ་ལེ་བདའ་མི་བྱེད་རོགས།
ཁྱོད་ཚོས་བདག་ལ་སླར་འབོད་མི་གནང་རོགས།
བདག་གིས་མི་ཚེ་གང་བོར་བརྗོད་མ་མྱོང་བའི་སྐད་ཆ་ཁྱོད་ཚོར་བསྩལ་ཡོད་པས།
བདག་གིས་མི་ལོ་ཉི་ཤུར་གཞན་ལ་མངོན་མ་དགོས་པའི་མིག་ཆུ་ཁྱེད་ཅག་ལ་བསྟབས་ཡོད་པས།
བདག་གི་མགོ་བོ་གང་ལ་འཁོར་ཡང་སེམས་པ་མ་སྐྱོ་ཞིག
བདག་གི་རྔ་མ་གང་དུ་གཏད་ཀྱང་སེམས་ཚེགས་མ་བསྐྱེད་ཅིག
བདག་གི་སྙིང་མཐིལ་ན་སྐྱེས་པའི་མེ་ཏོག་དག
ཁྱོད་ཚོས་རང་གི་རྩ་བ་དང་ཉེ་འཁོར་ལ་མཐའ་གཅིག་ཏུ་མིག་ཟུང་ཕྱོགས་དགོས།
ཁྱེད་ཅག་གིས་རང་གི་མདུན་རྒྱབ་དང་གཡས་གཡོན་ལ་དུས་ནམ་ཡང་ལྐོག་ལྟ་མཛད་དགོས།
སེམས་པ་འཕམ་པར་མ་བྱེད་དང༌།
བདག་གི་ལུས་པོ་ས་མཐའ་འདི་ནས་སླར་ཡང་ས་མཐའ་ཞིག་ཏུ་བགྲོད་དགོས་བྱུང་རུང༌།
ཆེས་བརྩེ་བའི་སྙིང་ཁུ་དེ་ཉིད་རྣམ་པ་ཀུན་ཏུ་ཁྱོད་ཚོར་བགོས་ཡོད་ཕྱིན།
ཕྲན་ལ་གསེར་གྱི་ཞྭ་མོ་སོགས་ཅི་ཡང་མེད་ཀྱང༌།
ཕྲན་ལ་བརྫུ་བའི་འདྲ་འབག་སོགས་གང་འདྲ་བྲལ་ཡང༌།
མིག་བཙུམས་ནས་བསྡད་ཀྱང་ཡལ་དཀའ་བ་ནི་ཁྱེད་ཅག་གི་རྣམ་པ་དང༌།
མགོ་སྔས་ལ་བཞག་ཀྱང་དྲན་སྲིད་པ་ནི་ཁྱེད་ཚོའི་དུངས་པའི་རླན་ས་ཁོ་ན་ཡིན།
.༡༢.༡༤ཉིན་ཁྲིན་ཏུར་བསྐྱོད་པའི་མེ་འཁོར་ནང༌།
རྨི་ལམ་འཆའ་བ།
བགྲང་ཡས་ཡོན་ཏན་ནོར་བུའི་འོད་ཟེར་སྐྱེ་དགུའི་བཅུད་དུ་བསྐྱིལ་བ་ཡི།།
དགེ་ལེགས་ངོ་མཚར་སྙན་པའི་རྩེ་དགའ་རི་མོ་གསུམ་པའི་གཟུགས་འཆང་བ།།
ཕྱོགས་ཀྱི་ལྷ་མོའི་ཡིད་ཀྱི་གེ་སར་རྣམ་པར་འཕྲོག་པའི་རིག་བྱེད་གཏམ།།
སྨྲ་བར་བྱས་སོ་མི་ཟད་རྒྱན་གྱི་རོ་ལྡན་བདག་མགྲིན་མཁའ་རུ་འཁྱིལ།།
སྒོ་ཡོན་གྱི་སྲོལ་རྒྱུན་སྙན་ངག《རིག་བྱེད་རླབས་ཀྱིས་སྐྱོམ་པའི་རོལ་མོ》ལས།
འགྲོ་སྟངས།
ཁྱོད་ཀྱི་ཕྱིར་དྲན་ན་བརྒྱུས་པའི་མི་ལོ་བཅོ་ལྔའི་བྱིས་དུས་ཀྱི་གོམ་འགྲོས་འཇོག་ཚུལ།
(གླེང་གཞི)
ཁྱོད་ཀྱིས་ག་ལེར་ངང་རང་སེམས་ལ་སྐོར་བ་ཐེངས་གཅིག་བྱོས་དང༌།
ཁྱོད་ཀྱི་སེམས་ཆུང་གིས་མི་ཚེ་ལ་ཕྱི་མིག་རྡོག་གཅིག་ལྟོས་དང༌།
ཁྱོད་ལ་ངེས་པར་དུ་གཏམ་རྒྱུད་ཅིག་ཡོད་འོས་ཤིང༌།
ཁྱོད་ལ་དོན་དངོས་སུ་ལོ་རྒྱུས་ཤིག་ཡོད་སྲིད།
ངོ་ཚ་མི་དགོས།
སྟོན་པ་ཐུགས་རྗེ་ཅན་ལ་འཁྲུངས་རབས་བརྩི་རྒྱུ་འདུག་པ་བདེན་མོད།
གཤེན་རབ་མི་བོ་ཆེ་ལ་བྱུང་བ་བརྗོད་ཀྱི་ཡོད་པ་ཡིན་རུང༌།
དབུལ་མོ་གྲོང་མྱུལ་མ་དང་འབྲོག་མོ་ཁྱི་སོར་དད་ལ་ཡང་སྐྱེས་རབས་ལྡན་པས།
ཁྱོད་ཀྱིས་ཀྱང་རང་ཉིད་མི་རུ་བརྩིས་ནས།
ཁྱོད་ཀྱིས་ཀྱང་ཁྱོད་རང་ལྷ་རུ་བསྒོམས་ནས།
ལྷད་མེད་དྲི་བྲལ་གྱིས་བཤམ་སྟོན་ཚར་གཅིག་བྱོས་ལ།
གཙང་དག་ཡང་དག་གིས་རང་ཉིད་ལྷུགས་པར་འཆད་འོས།
﹙1﹚
གྲང་བས་གཙེས་ཤིང་རླུང་བུ་རྒྱུ་བའི་དགུན་ཁ་ཞིག
སྡོང་ལོ་འཐོར་ཞིང་ལོ་ཏོག་ཡལ་བའི་སྟོན་ཀ་ཞིག
ད་དུང་མང་བོ་མང་བོ་ཞིག་མ་ཡིན་པར།
དེ་ནི། གཙང་འགྲམ་ཏུ་མེ་ཏོག་འབུས་ཤིང༌།
རྩ་ཐང་དུ་ཁུ་བྱུག་དགོད་པའི་འཇིག་རྟེན་སྤུས་ལེགས་ཀྱི་དུས་ཚིགས་ཤིག་ཨང༌།①
མིག་མ་ཕྱེ་ཞིང༌། ལག་མ་བསྲིང་པའི་ཁྱོད་ཉིད།
མགོ་སྤུ་ཉུང་ཞིང༌། ངུ་སྐད་མོད་པས་སྙིང་རྗེ་བའི་ཁྱོད་ཉིད།
སུ་ཚང་གི་གཞིས་ཀར་མགྲོན་པོ་ཐོག་མར་བརྫུས་ཤིང༌།
གང་ཞིག་གི་གོ་ལར་གོམ་པ་ལྷག་མོ་སྤོ་བཞིན།
ནར་ནུར་དང་མེར་མེར་གྱི་གསེབ་ནས་ཐོན་བྱུང༌།
ཐོན་བྱུང་བའི་རྣམ་ཤེས་ཀྱི་ཁྱེའུ།
ངུས་བྱུང༌། ཨ་མའི་པང་སྟེང་གི་གཅེས་ལོ།
ཁྱོད་ཀྱི་མགོ་མཐོང་བ་ཙམ་གྱིས“མི”ཞེས་པའི་ཐ་སྙད་རྣ་བར་འཐོར་ཞིང༌།
ཁྱོད་ཀྱི་ཡོད་ཚད་ཤེས་པས“བུ་ཆུང”དང“ཞི་ལུ”ལོ་ལོའི་འདུ་ཤེས་རྙེད།
འདང་རེ་རྒྱོབ་དང༌། མ་གཞི་ཁྱོད་རང་སུ་ཞིག་གིས་འདི་ལྟར་བསྐྱལ་ཐལ།
①ཨ་མ་ལགས་ཀྱིས་གསུང་བ་ལྟར་ན་ཁྱོད་རང༡༩༨༨ལོའི་དཔྱིད་ཀའི་ས་སྲོད་ཅིག་ལ་མི་ཡུལ་དུ་སྐྱེས་ཚུལ་བཤད།
﹙2﹚
འཁོར་བ་ལ་ཐོག་མཐའ་མེད་ཟེར་མོད་ཡོད་ཀྱང་མི་སྲིད།
མི་ཚེ་ནི་ཁ་སང་གི་སྣང་བ་དང་མཚུངས་པ་བདེན་ཡང་ངེས།
གང་ལྟར། རྟེན་འབྲེལ་སྤྱི་བཏང་བའི་བསླུ་བྲིད་ཅིག་གིས།
ཁྱོད་སླེབས་ནས་མི་ལོ་གོར་མོ་ཞིག་འདས་དུས།
ཁྱོད་འདི་འདྲར་འོངས་ནས་བགྲང་བྱ་མཐུག་པོ་ཞིག་རྫོགས་སྐབས།
ད་དུང་ཁྱོད་ལ་གཡོ་འགུལ་ཆ་ཚང་ཞིག་ཆེར་དབེན་ལ།
ངུ་སྐད་ཕྲ་མོ་དེ་ཡང་གཞི་ནས་མ་འཇགས།
བུ་ཆུང༌།
ཨ་མ་དྲིན་ཆེན་མའི་རུམ་ནས་ཁྱོད་ལ་དྲོད་ཁོལ་འཛོམས་ཤིང༌།
ཕུ་བོ་བྱམས་ལྡན་ཚོའི་པང་ནས་ཁྱོད་རང་རྨི་ལམ་དུ་ཡར་སླ་རུང༌།
ཐེངས་དུ་མར། ཁྱོད་ཀྱིས་དེ་དག་གི་རྒྱབ་གཞུང་ན།
ཁྱོད་ཀྱིས་ཁོ་ཚོའི་གོས་ལྭའི་བར་མཚམས་ན།
མེད་ན་འདོད་ཀྱང་བྱི་དོར་དཀའ་བའི་གཙང་ཆབ་དྲོན་མོ།
འཁྲུད་ན་བསམ་ཡང་ཡལ་མི་ཐུབ་པའི་དྲི་ངན་སྟུག་པོ།
དངོས་གནས་མང་བོ་མང་བོ་དེ་དང༌།
བཙོག་པ་བཙོག་པ་དེ་ཡིས།
ཀེམ་ཀེམ་དུ་གཡོ་བའི་ཁྱོད་ཀྱི་ཁྲ་ཆུང་མིག་ལ་དགའ་སྣང་ལྡན་ཡང༌།
སྦུབས་སྦུབས་སུ་འདུག་པའི་ཁྱོད་ཀྱི་མཁུར་ཚོས་ལ་སྤྲོ་བ་ཟབ་ཀྱང༌།
ད་དུང་ཁྱོད་ཀྱི་ལག་མཐིལ་ཆུང་ངུ་དང་རྣ་གཤོག་ལེབ་མོར་མཚར་སྣང་ཡོད་མོད།
བལྟ་ན་མི་འདོད་ཅིང་མཐོང་ན་མི་དུངས་པའི་ཁྱོད་ཀྱི་ཉེ་འཁོར་གྱི།
“དངོས་གནས་མང་པོ་མང་པོ་དེ་དང༌།
བཙོག་པ་བཙོག་པ་དེ་ཡིས”
ཨ་མ་བརྩེ་བ་ཅན་དེ་མ་གཏོགས།
ཕུ་བོ་དྲིན་ཆེན་ཚོ་དེ་མིན་པར།
སུ་ཞིག་གི་མིད་པ་ནས་ཅི་ཞིག་ལུད་པར་སྐུལ་སློང་བྱས་བྱུང༌།
ངོ་མ་སྐུལ་སློང་བྱས་བྱུང༌།
﹙3﹚
བླ་མ་མིན་ཡང་བླ་ཆེན་རྒྱག་པ་ཞིག་དང་མཚུངས་པར།
དཔོན་རིགས་མིན་མོད་དཔོན་པོའི་ཚུགས་ཀ་འཛིན་པའི་ཁྱོད།
ཕྱག་ཟུང་ནས་བཏེགས་ཤིང༌།
རྒྱབ་ཟུར་ནས་དལ་བས་སྐྱོར་དུས།
ད་གཟོད་ཁྱོད་རང་འཁྱར་མ་འཁྱོར་གྱིས།
ལངས་མ་འགྱེལ་གྱིས་ཡིན་ཅོག་ཅོག་ངང་ལམ་ལ་ཆས་འགོ་བརྩམས།
﹙4﹚
དུས་ཚོད་ལ་འཛིན་བཟུང་བྲལ་བ་འགྲོ་བ་མིའི་རང་བཞིན་ལས་རྟོགས་ལ།
སྐྱེས་ཟིན་པའི་མི་ཚེ་ཐུང་ཐུང་འདི་རྒས་སླ་བར་སུ་ཞིག་ལ་གསལ་ཆ་མེད་ཨང༌།
གསོན་དང་རྣ་བ་བླག་ནས…
དོན་དངོས་སུ་ལོ་ངོ་འདིའི་རིང་ལ། ཉིན་ཟླ་འདིའི་ཚེར།
ཁྱོད་ཀྱི་མགོ་བོ་ལ་བྱིལ་བྱིལ་བྱེད་ཐེངས་ཤིག་ལ།
ཁྱོད་ཀྱི་འཕོངས་ཚོས་ལ་ཁུ་ཚུར་ཡང་མོས་གཞུ་ཐེངས་རེར།
མི་སྨྲ་བའི་བརྟུལ་ཞུགས་རིང་དུ་དོར་ནས།
མི་ཤོད་པའི་ངག་སྒོ་ཡོངས་སུ་གྲོལ་ནས།
ད་སོ་མར“ཨ་མ”དང“ཨ་ཕ”ཡི་འབྲུ་མ་རེ་རེ་སྟོང་བའི་མཁའ་དབྱིངས་སུ།
ཁ་རླངས་དང་ལྷན་དུ་ཐིམ་སོང་ཞིང༌།
ངུ་སྐད་དང་ཆབས་ཅིག་འཕུར་སོང༌།
འཕུར་སོང་བའི་ཁྱོད་ཀྱི་སྐད་ཆའི་ནང་སྙིང་ཕྲ་མོ།
ཨ་མ་དང་ཕུ་བོ་ཚོའི་གྲུ་ཟུར་ནས།
ཉིན་དེ་དང་ལོ་འདི་ནས་ཡང་དང་བསྐྱར་དུ་གླེང་གིན་འདུག
﹙5﹚
སངས་རྒྱས་ཀྱིས“འཁོར་བ་ན་བདེ་བ་སྤུ་ཉག་ཙམ་མེད་ལ།
འཇིག་རྟེན་ན་རྟག་པ་ཉུང་ངུ་ཡང་བྲལ”ཞེས་གསུངས་ཡོད་མོད།
ངོ་མ་བླུན་འདང་གིས་གཞིག་ན་དེ་ནི་ཁོང་གིས་དྲང་དོན་རེ་ལོས་ཡིན་འདོད་དེ།
ཁྱོད་ཀྱི་མི་ལོ་བཅུ་ཕྲག་ཡས་མས་ཀྱི་བྱིས་པའི་འཚོ་བ་འཐུ་བའི་ལོ་ཟླ་དག
འདི་འདྲའི་བདེ་སྐྱིད་ཅིག་དང༌།
དོན་གནས་རྟག་པ་ལྟ་བུ་རེད་ལཱ།
ཨ་མས་ཁྱོད་ཀྱི་ལག་མགོར་བཟུང་ནས་ཞིང་ཁའི་ལོ་ཏོག་གི་འཁྲིས་སུ་རྩེད་མོར་འཁྲིད་ཅིང༌།
ཨ་ཕས་ཁྱོད་ཀྱི་བགྲོད་ལམ་བསྟན་ནས།
དགོན་པའི་རྒྱ་ཕིབས་ཀྱི་འོག་ནས་གྲྭ་འཆམ་མཐོང་བའི་བསོད་ནམས་ཐེངས་མང་པོར་རག་སྲིད།
ད་དུང་ཕུ་བོ་ཚོས་ཁྱོད་རང་རྒྱབ་ཏུ་ཁུར་ཞིང༌།
ན་ཟླ་ཚོ་གཡས་ནས་རྒྱུག་བཞིན་ལུ་གུ་དང་བེའུ་རྗེས་འདེད་ཀྱིན།
རྡོ་ཆ་དང་ཐབ་ཆ་སྒྲིག་གིན།
མིའི་ཡུལ་གྱི་ཚོར་སྣང་གསར་བ།
ཁྱོད་ཀྱི་བྱིས་དུས་ཀྱི་རྨི་ལམ་རིང་མོ།
སྤྲོ་སྐྱིད་ཀྱི་གཏམ་རྒྱུད་མངར་མོ།
སུན་སྣང་དང་སྡུག་ཡས་བྲལ་བའི་ཁྱོད་ཀྱི་ལས་དབང་འཇོན་པོ།
གནམ་སྔོན་མོས་བསྩལ་བའི་བདུད་རྩི་ཡིན་ནམ།
ས་ཆེན་པོས་སྟེར་བའི་ཕ་འབབ་ཡིན།
﹙6﹚
པགས་ལྭ་མཐུག་པོ་དང་རྐང་ལྷམ་ཐུང་ངུ་གྱོན་པའི་དེ་དུས་ཀྱི་ཁྱོད་རང༌།
ལྷད་མེད་དྭངས་གཙང་གི་བྱིས་བློ་མ་ཡལ་ཞིང༌།
དྲི་མས་མ་སྦགས་པའི་མེ་ཏོག་མ་འཐོར་བས།
ངོ་མ་སྙིང་རྗེ་བའི་བདག་པོ་རྣམ་དག་ཅིག་གི་ཁྱེའུ་སྟེ།
དེ་དུས་ཀྱི་ཁྱོད་ཉིད་ཨང༌།
གཞིས་ཀ་འདི་ཚང་གི་ཆེས་མཐའ་མའི་རིལ་བུ་རྡོག་གཅིག་པོ་ཡིན་ཕྱིར།
ཕུ་ནུ་མདུན་དེ་ཡི་ཆེས་གཞུག་མའི་གཞོན་ནུ་སྙིང་རྗེ་བོར་བརྫུས་ཕྱིར།
ཁྱོད་ལ་ཡིན་ངེས་པར་འདང་བརྩེ་གཞན་ལས་མཐོ་ལ།
ཁྱོད་ལ་ཁྱིམ་འདི་ནས་དུངས་བ་གཞན་ལས་ཟབ།
ཁྱོད་རང་ད་དུང་སློབ་གྲྭར་མ་འགྲིམ་མོད།
རྫི་བོར་འགྲོ་མི་དགོས་ལ།
ཁྱོད་རང་ད་དུང་དགོན་པར་མ་སོང་མོད།
ཡི་གེ་སྦྱང་མི་དགོས་པས།
འཆར་གཞི་དང་མདུན་ལམ་ཅི་ཡང་མེད་ལ།
ཅི་ཡང་འཚོལ་མི་ཐུབ་པའི་ཁྱོད་ལ།
འདི་འདྲའི་བདེ་སྐྱིད་དང་རྨི་ལམ་གསལ་བོ་ཞིག་ཅིའི་ཕྱིར་མི་འཐོབ་བམ།
﹙7﹚
མི་ཚེ་གཅིག་ལ་སྐྱིད་སྡུག་བརྗེ་ཡིན་འདུག་པ་ཁ་དཔེ་ཡིན་ཞིང༌།
དུས་ཡུན་ཞིག་ལ་འགྲོ་སྡོད་ངེས་ཅན་དགོས་པ་གནས་ལུགས་ཤིག་སྟེ།
ཁྱོད་རང་བྱམས་བརྩེ་དང་དྲང་བདེན་གྱིས་གནས་པའི་ཨ་མར་འཁྱུད་ནས།
ཁྱོད་རང་འཛུམ་མདངས་དང་སྙིང་གཏམ་མོད་པའི་མ་ལོར་འཐམས་ཏེ།
ཐག་རིང་རྣ་ཐོས་ཀྱི་ཡུལ་གྲུ་གཞན་ཞིག་ཏུ།
ཆ་མེད་ཤེས་མེད་ཀྱི་ནམ་མཁའི་ཕྱེད་ཅིག་ཏུ།
ཕ་ཡུལ་དང་ཁྱིམ་གཞིས་བསྐྱུར་ནས།
རྩེད་གྲོགས་དང་རྩེད་ཆས་དོར་ནས།
བེའུ་ཆུང་དང་བྱི་ལ་བཞག་ནས།
རྒྱུ་རྐྱེན་རེ་རེས་ཨ་མ་དང་མཉམ་དུ་ཕྱི་མིག་ཀློང་ནས་འགྲོ་དགོས་སོང༌།
གོམ་རྩ་དང་བློ་རིག་མྱུར་བའི་ཁྱོད་རང༌།
ངུ་སླ་ལ་དགོད་རྐྱེན་པའི་ཁྱོད་རང༌།
ཨ་མ་དྲིན་ཆེན་མའི་ལུས་སྟེང་གི་དྲོད་ཐིགས་དང་སེམས་ནང་གི་བདུད་རྩི་དྭངས་མོ།
ཁྱོད་ཡོད་པས་ཨ་མ་ལགས་ལ་ཡོད་ཚད་འདུག་པར་སེམས་ལ།
ཨ་མ་བཞུགས་པས་ཁྱོད་ལ་ཐམས་ཅད་ཚང་བར་ངེས་ཨང༌།
ཨ་མ། ཁྱོད་ཀྱི་འཛུམ་འོད་དང་རྨི་ལམ་སྐྱོང་སའི་རྒྱབ་ལྗོངས།
ཨ་མ། ཁྱོད་ཀྱི་བརྩེ་དུངས་དང་མིག་ཆུ་འཁྱིལ་བའི་ཞིང་ཁམས།
ཨ་མ། ཁྱོད་ཀྱི་སྨོན་ལམ་དང་གུས་ཕྱག་གདབ་བྱའི་དུས་གསུམ།
ཨ་མ། ཨ་མའི་དཀའ་བ་ཁྲི་ཕྲག་གི་ལོ་རྒྱུས་རྡོག་པས་བརྒལ་ནས།
ཁྱོད་རང་གཞན་དག་དང་ཡེ་ནས་མི་མཚུངས་པར།
ཁྱོད་ཉིད་ཁོ་ཚོ་ལྟར་གཏན་ནས་མི་སྐྱུར་བར།
ཕ་མཐའ་ཕ་མཐའ་ཡི་དག་ཞིང་ཞིག་ཏུ་ལག་མགོར་དམ་པོར་བཟུང་ནས་ཞི་འཇམ་གྱིས་ཁྲིད་སོང༌།
﹙8﹚
ཁྱོད་རང་སློབ་གྲྭའི་སྒོ་ཐེམ་བརྒལ་བའི་བསྐལ་བ་མ་བྱུང་མོད།
ཁྱོད་རང་མ་ཡུམ་སློབ་གླིང་འགྲིམ་པའི་ལས་དབང་མེད་ཀི་མོད།
མི་ཡུལ་འདི་ནས་དབྱངས་གསལ་སོ་བཞི་ཐོག་དང་བོར་ཕུ་བོ(རྦི)ལགས་ཀྱིས་ཁྱོད་ལ་བརྒྱུས་ཤིང༌།
འཇིག་རྟེན་ཁམས་ནས《བཀྲ་ཤིས》པའི་བཟའ་བཏུང་ཆེས་མཛེས་ཤོས་ཇོ་ཇོ(པྟཱ)མཆོག་གིས་ཁྱོད་ལ་བསྟབས་པས།
ཁྱོད་ཀྱིས་ཀྱང་འོད་སྟོང་སོན་པའི་སྒྲོན་མེ་ཞིག་རྙེད་གྲབས་བྱས་ཤིང༌།
ཁྱོད་ཀྱིས་ཀྱང་མདུན་སྐྱོད་པའི་དར་སྣེ་ཞིག་མཐོང་གྲབས་བྱུང་ངོ༌།།
སྔ་གཞུག་གི་རྒྱུ་མཚན་ཅི་ལ་འཕྲད་པ་མ་རྟོགས་ཀྱང༌།
ཁྱོད་ལ་ཁྱོད་ཀྱི་སྔུན་དེ་མོག་པོར་བརྫིས་རུང༌།
ཁྱོད་ལ་ཁྱོད་ཀྱི་མིག་དེ་ཧ་ཅང་སྒྲིབ་ཀྱང༌།
དྲིན་ཆེན་མ་ཡི་བཀའ་དྲིན་དང་ཕུ་བོ་རྣལ་མའི་བྱིན་རླབས་ཀྱིས།
འབྲོག་པའི་གནག་རྫི་ཞིག་ཏུ་མ་གྱུར་པའི་ཁྱོད་རང༌།
རོང་བའི་སོ་ནམ་ཅན་དུ་མ་དབང་བའི་ཁྱོད་ནི་ཁྱོད་རང་སྟེ།
“ཨཱ་ལི་ཀཱ་ལིའི”དབྱངས་རྟ་གྱེར་བའི་གླུ་བ་ཆུང་ཆུང༌།
དཔེ་དེབ་ཐུང་ངུ་མཆན་ཟུར་ཐོགས་པའི་སློང་མོ་བ་གཉོམ་པོ།
ཁྱོད་ཀྱིས་རང་ཐོག་ནས་རང་ཉིད་ངོས་ཟིན་པར་བྱོས་དང༌།
ཁྱོད་ལ་ལས་བསོད་མོད་པས།
ཁྱོད་ཀྱི་དབང་ཐང་སྲ་བས།
ཁྱོད་རང་ཕག་ཕྲུག་ཅིག་གི་རྣམ་སྨིན་སྐྱོང་མ་དགོས་པ་བདེན་པར་ངེས།
﹙9﹚
བདེན་པ་དང་དྲང་རྐྱང་ཞིག་གིས་ག་ལེར་ག་ལེར་སྨྲ་ན།
འོལ་ཚོད་དང་ལབ་ཅིག་མ་སྲེ་བར་ཡུན་གྱིས་དལ་བུར་གླེང་ན།
ཐག་ཉེ་ཐག་ཉེ་དང་ཐག་རིང་ཐག་རིང་ནས།
ཉེ་འཁོར་གྱི་སྤྱི་ངོགས་སུ་བལྟ་བར་བྲེལ་དུས།
ཉིན་འཕྲོར་ཟླ་དང་ཟླ་ཟུར་ལོ་སྦྱར་བའི་དཀའ་ངལ་ཁྲི་ཕྲག་གི་ཀློང་རུམ་ན།
མིག་ཆུ་དང་ངུ་ངག་འཛད་མེད་ཟགས་པའི་བྱིས་པ་དུ་མ་ཞིག
“ཨ་ཕ”དང“ཨ་མ”རྐྱང་རྐྱང་ཟློ་བའི་ལོ་ཆུང་མང་བོ་ཞིག
དབྱངས་གསལ་སོ་བཞིའི་སྒྲིག་སྟངས་ལ་ཤི་འཐབ་རོ་འཐབ་བྱེད་ཀྱིན།
སྐབས་སུ་ཡ་ང་བའི་གཏམ་རྒྱུད་ཅིག་གིས་རྨས་ཕོག་ཅིང༌།
དོན་གནས་ཡིད་སྤྲོ་བའི་ལོ་རྒྱུས་ཤིག་འབྲི་བཞིན་འདུག་མོད།
ཁྱོད་ལ། ཁྱོད་ལ་དགེ་རྒན་བཙན་པོའི་ཐལ་ལྕགས་མ་བབས་པར།
ཁྱོད་ཀྱིས། ཁྱོད་ཀྱིས་ཕ་མ་རྒོད་པོའི་བསྡིག་དམོད་མ་རེག་བར།
ཀ་ཁ་ག་ངས་རྨི་ལམ་གྱི་གསང་བ་དཀྲོག་པའི་དུས་འགོ་ནས།
ཀ་ཁ་ག་ངས་མི་ཚེ་ཡི་རེ་འདུན་འདྲེན་པའི་ཉིན་འདི་ནས།
ཁྱོད་ཀྱི་རྣམ་རིག་དང་ཁྱོད་ཀྱི་སྒྲ་གདངས་ཧ་ཅང་གསལ་སྟབས།
ཁྱིམ་མཚེས་འགས་ཁྱོད་ལ་བསྟོད་བསྔགས་ཤིག་བར་མེད་བྱེད་ཀི
ན་ཟླ་འགས་ཁྱོད་ལ་ཡིད་སྨོན་ཞིག་ཐོལ་གྱིས་ཤོར་སྐད།
﹙10﹚
གལ་ཏེ། ཁྱོད་ཉིད་མི་རྟག་པའི་ཟམ་སྣེར་འགྲེང་བའི་སྨྲ་ཤེས་དོན་གོ་བའི་ཕལ་བའི་མི་ཞིག་མིན་ཚེ།
གལ་ཏེ། ཁྱོད་སྐུ་ཐེར་ཟུག་གི་ངོ་བོར་གྲུབ་པའི“ཞི་ལུ”དག་མ་ཞིག་མིན་ན།
ཕྲ་ཞིང་མཉེན་པའི་ཁྱོད་ཀྱི་སྐད་ངག་དེ་ད་ལྟ་འཚེར་མི་སྲིད་ཅིང༌།
ཆུང་ཞིངགཉོམ་པའི་ཁྱོད་ཀྱི་ཡན་ལག་དེ་ད་སྐབས་འགྱུར་མི་དཔེ།
དེས་ན་ཁྱོད་ནི་མེ་ཏོག་བཞིན་ཡོངས་སུ་སྐྱེས་ཀྱང༌།
དེས་ན་ཁྱོད་ནི་ཕྲེང་རྡོག་ལྟར་གྲངས་ཀ་ལོན་ཡང༌།
ཨ་རུའི་མི་ལྟ་བུའི་ད་དུང་འཆར་གཞི་དང་གསར་གཏོད་ཀྱི་ཀླད་པ་ཁྱོད་ལ་མེད།
རྒྱ་མིའི་བུ་དང་འདྲ་བའི་འཚོ་ཐབས་དང་འཁྱོལ་དོག་གི་གཡོ་སྒྱུ་ཡང་ཁྱོད་ལ་མི་འདུག
དེས་ན་ཁྱོད་ནི་ཆེས་སྤྱི་བཏང་གི“བོད་ཚང”གི་བུ་ཕྲུག་ཅིག་ཡིན་པས།
ངོ་མ་གླེན་པ་ཁྱོད་ལ་དཀོན་མཆོག་གི་གསུངས་བཞིན།
ངེས་དོན་གྱི་སྔོན་ལས་ཤིག་འཐོབ་ཀྱི་མེད་ན།
ཡང་ན“ཨེ་དབྱིན་སུ་ཐན”གྱི་སྐད་ཆའི་ནང་ལྟར།
ཁྱོད་ཀྱིས་བསམ་བློའི་སྒྱུ་རྩལ་རེ་བཟོ་གྲབས་མེད་ན།
དེ་ལྟ་མིན་ན“ཁུང་ཙིའི”གསུང་སྒྲོས་ཇི་བཞིན།
རང་ཉིད་ལ་སེམས་ཁྲལ་འགའ་བརྒྱབ་རྩིས་མེད་ན།
ཁྱོད་རང་ལོ་ངོ་ག་ཙམ་སོན་མེད་མོད།
ཁྱོད་ཀྱི་གཟུགས་ཚད་ངོས་འདི་ཙམ་ཐུང་བ་ཡིན་མོད།
འཇིག་རྟེན་འདིར་རྒྱུན་སྡོད་བཅའ་རྒྱུ་དེ་ལས་སླ་མོ་ཞིག་ཡིན་པར་འདོད་མི་འོས།
﹙11﹚
བསམ་ཡུལ་ལས་རྙེད་པའི་ཁྱོད་ཀྱི་ངོ་གདོང་སྐྱ་བོར་ཕུ་བཏབ་ཅིང༌།
དམར་ཆུང་ལས་བཞུར་བའི་ཁྱོད་ཀྱི་ཁ་བརྡ་མཉེན་མོར་ཁ་གཡར་ན།
མི་ཚེ་མཐུག་པོའི་བང་ཁ་ཕྲི་བའི་གྲུ་ཟུར་དེ་རུ།
མི་ལོ་བཅུ་ཡི་ཤོག་ལྷེ་བཀླགས་པའི་རུ་གྲོང་ཀན་ན།
ད་དུང་བྱིས་པ་ཁོ་ནས་ལད་མོར་འཁྱུད་པའི་ཚུགས་ཀ་ལས་ཤེས་ཡོན་གྱི་རྒྱུ་ཆ་མེད་ལ།
མེ་ཏོག་འཐུ་བའི་རོལ་རྩེད་ལས་བསམ་བློ་ཡི་གོམ་འགྲོས་བྲལ།
དེ་དུས་ཀྱི་གླེན་པ་སྐྱ་ཐོ།
ཁྱོད་ལ་ནར་སོན་པའི་སྐ་རགས་ཤིག་ཁྱོན་ནས་མ་བསྩལ་བས།
ཁྱོད་ཀྱི་ཀླད་རྩ་ཡོད་ཚད་སྦྲུམ་མ་ནུས་པས།
འགྲོ་ཆོག་པ་དང་ཉལ་ཉན་པའི་ཁ་དོག་ཅིག་གཏན་ནས་མཐོང་མྱོང་མེད་ཀི
﹙12﹚
དགུན་གྱི་གྲང་ངར་ཅི་ཙམ་བཙན་ཡང་འགོག་མི་ཐུབ་པ་ནི་ཁྱོད་རང་ཆབ་རོམ་སྟེང་དུ་ཤུད་ཀྱི་དེ་ཡིན་ཞིང༌།
དབྱར་གྱི་ཉི་འོད་ག་ཙམ་ཚ་ཡང་དགོད་འོས་པ་ནི་ཁྱོད་རང་སྤང་ཐང་དུ་འགྲུལ་གྱི་དེ་རེད།
དོན་དངོས་སུ་ཡུལ་བས་སྡིགས་པའི་སྐད་ཆ་སྲབ་མོ་རླུང་ཁར་སྤུར་ནས།
དྲིན་ཆེན་མ་ལོའི་ཁ་ཏ་འགའ་བོ་སྣང་མེད་བྱས་ཏེ།
ཁྱོད་འདྲ་བའི་ན་མཉམ་ཁ་ཅིག་དང་ལྷན་དུ།
ཁྱོད་ལྟ་བུའི་བྲ་ཚག་རེ་འགའ་དང་ཆབས་ཅིག
བྲག་ངོས་དང་ཤིང་རྩེར་འཛེགས་པ་ཡང་གྲངས་མེད་ལ།
ཆུ་འགྲམ་དང་གྲོང་འདབས་མྱུལ་བའང་ཐེངས་གཅིག་ཙམ་ག་ལ་ཡིན།
ཕུ་ཐུང་ཧྲུལ་ཞིང་རྐང་ཤུབས་བྲལ་བའི་གཞོན་ནུ་ལགས།
མྱུར་མོར་ལོངས་དང་ང་ཚོ་ད་དུང་ཕྱི་རོལ་ལ་བྲ་ཚག་བྱེད་དུ་འགྲོ་དགོས།
﹙13﹚
ཁྱོད་ཀྱིས་ད་ལྟ་གཏེར་ལས་དཀོན་པའི་དུས་ཚོད་གཡར་གཏོང་བྱེད་པའི་ཉན་མཁན་ཚོར།
མི་ཚེ་འདིའི་ཆེས་དོན་ཆེན་པོ་དེ་བརྗོད་འོས་ལ།
ཁྱོད་ཀྱིས་ད་སྐབས་སེམས་པ་གཏོད་པའི་ཀློག་མཁན་དག་ལ།
མི་ལུས་འདིའི་གལ་ཆེ་བའི་གནད་དོན་དེ་སྒྲོག་སྲིད།
དེ་ནི་དངོས་པོའི་སྟོབས་ཤུགས་ཀྱིས་གྲུབ་པ་ཞིག་གམ།
དེ་ནི་འགྲོ་བ་མང་བོར་ཁྱབ་པའི“བདེ་གཤེགས་སྙིང་བོ”མངོན་དུ་གསལ་བས་ཡིན་ནམ།
ཁྱོད་རང་ལོ་ན་ཕྲ་ཡང་ངེས་འབྱུང་སྤུ་སུ་མས་ལུས་ཀྱི་ཕྲ་ཕུང་རེ་རེ་ཡོངས་སུ་བསྒྲོན་ཞིང༌།
ཁྱོད་རང་སྐུ་སྐྱེས་ཤིག་གི་འདྲ་འབག་མིན་མོད།
ལས་འབྲས་ཀྱི་གཟེར་སྐུད་རང་དབང་གིས་རྒྱུད་ལ་སྦྱར་ཡོད།
རེད་དེ། འདི་ནི་ཨ་མ་དང་དགེ་རྒན།
སློབ་གྲོགས་དང་ཁོར་ཡུག་གང་རུང་གི་རྐྱེན་གྱིས་ཡིན་ནའང་ཐང་གི
དཀོན་མཆོག་གིས་མཁྱེན།
ད་ནས་བཟུང་ཁྱོད་ཀྱང་དམར་བོ་དང་སེར་བོ།
ཡང་ན་སྨུག་པོ་གང་རུང་གི་ཁུགས་ཀྱི་སྤྲོ་སྐྱིད་པ་ཞིག་ཡིན་ནམ།
དེ་ལྟ་མིན་ན་ད་ནས་བཟུང་ཁྱོད་ཀྱང་དགོན་པ་དང་གྲྭ་ས་ག་གེ་མོར་འབྱོན་པའི་སྐུ་མགྲོན་ཞིག
ཁྱོད་ཀྱིས་འདང་ཞིབ་མོ་རེ་ཐོངས་དང༌།
ཁྱོད་འདི་ལྟར་གྱུར་པའི་ཆ་ནས།
ཁྱོད་འདི་ལྟར་བན་དེར་གྱུར་པའི་དབང་གིས།
“བོད”ཅེས་པའི་ཉམ་ཆུང་གི་ཡུལ་གྲུ་འདི་ཡི་བར་མཚམས་རེ་རེར་ཁྱབ་པའི།
ཡང་དག་དང་རྫུན་རྐྱལ་གང་རུང་གི་གྲྭ་རིགས་དེ་ཚོར།
སླར་ཡང་ཁ་སྣོན་གྱི་ཨང་ཀི་གསར་བ་ཞིག་སྦྱར་དགོས་བྱུང་ལ།
ཡང་བསྐྱར་གྲྭ་བ་འདི་ཚོའི་ཡོང་སྒོ་དེར་སེན་འཐོག་བྱེད་མཁན་ཞིག་མང་སོང་བའོ།།
﹙14﹚
ཉི་མ་དམར་བོ་ཤར་ནས་ནུབ་ཏུ་འཁོར་ཞིང༌།
ཆུ་བོ་ཀན་དག་ཀྱང་གོང་ནས་ཐུར་དུ་བཞུར་འདུག
སྟོང་རྩིས་བྱས་ཚེ་ཁྱོད་ཀྱི་གཏམ་རྒྱུད་ཀྱང་སྣེ་ཟིན་གྱིས་འདི་ལྟར་འགྲོ་བཞིན་པ་འདྲ།
ཁྱོད་ཀྱིས་རང་སེམས་ལ་བསྐོར་བ་བཞི་གསུམ་བཅུ་གཉིས་གཟབ་གཟབ་ཀྱིས་བྱོས་དང༌།
ཁྱོད་ཀྱིས་གཞན་སྟེང་དུ་བློ་གྲོས་ལྔ་ལྔ་ཉེར་ལྔ་བདེན་ལུགས་ཀྱིས་སྐྱོགས་དང༌།
མི་ཞིག་ལ་སྐྱེ་རྒ་ན་འཆི་ལྷན་སྐྱེས་ཀྱིས་ཡོད་ལ་ཡོད་ཀྱང་ཆོག་ཅིང༌།
ཁྱོད་དང་ཁྱོད་འདྲ་བའི་ཐ་མལ་སྐོར་ཞིག་ལ་དེ་ལས་ཀྱང་ལྡན་ལོས་ཆོག
ལོ་ཟླ་འདིར། གདོན་འདྲེ་གང་གི་རླུང་རྟ་མྱུར་བའི་ལོ་ཟླ་འདིར།
རྒྱུ་རྐྱེན་ཅི་ཡིས་ན་རྣམ་སྨིན་གཏོད་པའི་ཉི་མ་དེར།
ཁྱོད་ཀྱི་རྐང་པ་ཡ་ལ་ཕོག་ཐུག་བཟོས་ཤིང༌།
ཁྱོད་ཀྱི་པུས་མོ་གཡས་པར་སྐྲངས་འབུར་བཏབ་པས།
ཚེ་སྨད་འདིར་གཏན་ནས་རེག་མ་མྱོང་བའི་དངངས་སྐྲག་དང་ན་ཟུག་འཇིགས་པོས།
“རྒྱ་གྲམ་དམར་བོ་རྟགས་ཅན”གྱི་ཁང་ཆེན་དེར།
ཟླ་ངོ་ལྷག་ལ་ཉལ་གདན་གཅིག་ཀྱང་བརྗེ་ལོང་མ་བྱུང་བར།
ཉི་མ་སུམ་ཅུར་ཞབས་མཐིལ་ཙམ་ཡང་འགུལ་དབང་མ་བྱིན་པར།
ཧ་ཅང་ཉམ་ཐག་པའི་དུད་འགྲོའི་ཚུགས་ཀར་བརྫུས་ཏེ།
ཧ་ཅང་བཟོད་དཀའ་བའི་ནད་གཞིར་བྱི་ལ་འདུག་སྟངས་ཀྱིས་སྲན་གྱིན།
ཁྱོད་ཀྱིས་མ་ཡུམ་དང་དགེ་རྒན་གཙོའི་གཉེན་ཉེ་དག་ལ་ཆེས་ཐོག་མའི་མྱ་ངན་ཞིག་སྟེར་གྲབས་ཡིན་མོད།
འཇིག་རྟེན་འདི་ནས་འཇིག་རྟེན་གཞན་ཞིག་ཏུ་དུས་དེར་རྫོགས་མ་སོང་བས།
ད་ལྟ་དྲིན་ཆེན་ཚོའི་ཉེ་གམ་ནས་རྒྱལ་ཁ་ཟབ་ཤོས་ཤིག་ཏུ་བརྗོད་ངེས།
ཨ་རོག བགྲང་བྱ་བཅུ་བཞིའི་གསེབ་ཀྱི་གནས་ཚུལ་དེ་དག་དྲན་ཐེངས་རེ་རེར།
ཁྱོད་ལ་དངངས་འཚབ་ཚ་པོ་ཞིག་ད་དུང་སྐྱེ་བཞིན་ཡོད་སྲིད་དམ།
﹙15﹚
གངས་དཀར་རྒྱལ་མོས་ཁྱོད་ལ་ཁྲག་རྒྱུན་ཡ་མཚན་འདི་བསྩལ་བས།
ཁྱོད་ཀྱིས་ཀྱང་བརྩེ་བ་སྙིམ་པ་གང་བོ་ཁོ་མོར་དབུལ་དགོས་སམ།
དགའ་སྐྱོ་དང་སྡུག་བསྔལ།
བརྩེ་དུངས་དང་ལང་ཚོ་ལ་ངེས་ཤེས་རྙེད་པའི་མི་ལོ་བཅོ་ལྔ།
ཕོ་མོ་དང་ཡག་བཙོག་ལ་ལྟ་སྟངས་ཐ་དད་འཛིན་པའི་མི་ལོ་བཅོ་ལྔ།
མི་ཚེ་དང་ཁྱི་ཚེ་ལ་ཁྱད་པར་ཡང་དག་འབྱེད་པའི་མི་ལོ་བཅོ་ལྔ།
མི་ལོ་བཅོ་ལྔ། འཇིག་རྟེན་གྱི་བདེན་དོན་རྟོགས་པའི་ལོ་ཟླ་གོར་མོ།
དཀོན་མཆོག་གི་མཚན་ཉིད་བགྲང་བའི་བསྐལ་བ་ཡར་དར།
མི་རིགས་དང་ལ་རྒྱ། ཡར་ཐོན་དང་གོམས་གཤིས།
ཕ་ས་དང་ཕ་ཡུལ་དག་ལ་རེག་ཅིང་བྱིལ་བའི་གཤོག་རྩལ་དང་པོ།
གལ་ཏེ“ལྷ”ཞེས་པའི་ལྷ་རིགས་ཤིག་བདེན་པར་གྲུབ་ནས་བྱ་བ་བྱེད་ན།
གལ་ཏེ“འདྲེ”ཞེས་པའི་འདྲེ་རིགས་ཤིག་དོན་དུ་གནས་ནས་འཇབ་རྒོལ་གཏང་ཚེ།
ལྟོས་བཅས་ཀྱིས་འཆད་ན་ཁོ་ཚོར་ཡང༌།
ལྷ་ལོ་བཅོ་ལྔ་འཇའ་ལྟར་མ་ཡལ་བར“རོལ་རྩེད”བྱེད་ཨེ་སྲིད།
བླུན་འདང་གིས་གཞིག་ན་ཁོ་ཚོར་ཡང༌།
འདྲེ་ལོ་བཅོ་ལྔ“ཕཊ”ཀྱིས་མ་བསྒྲལ་བར་ཁུ་ཁྲག་བཏུང་ཨེ་ཐུབ།
མི་ལོ་བཅོ་ལྔ། མི་ལོ་བཅོ་ལྔ་དགོད་སྒྲ་དང་མཐེབ་མཛུབ་བར་ནས་སླེབས་ཤིང༌།
མི་ལོ་བཅོ་ལྔ་དུས་ཚིགས་དང་ཉི་འོད་འོག་ནས་བཞུར་སོང༌།
མི་ལོ་བཅོ་ལྔ་རྩེད་ར་དང་རྩེད་གྲོགས་མཚམས་ནས་འོང་ཞིང༌།
མི་ལོ་བཅོ་ལྔ་བསམ་གཞིག་དང་ན་ཟུག་ཁྲོད་ནས་འཐོར་སོང༌།
མི་ལོ་བཅོ་ལྔ་བྱིས་པ་དང“ཞི་ལུའི”ཐོག་ནས་ཆས་ཤིང༌།
མི་ལོ་བཅོ་ལྔ་གྲྭ་ཆུང་དང་གྲྭ་རྐྱང་རུམ་ནས་བུད་སོང༌།
བུད་སོང་བའི་མི་ལོ་ལྔ་གསུམ་བཅོ་ལྔ།
མཚར་སྡུག་དང་ཁ་གཡང་གིས་གནས་ཤིང༌།
འུར་སྒྲ་དང་ཕྱིར་མིག་གིས་དུས་གཏན་དུ་རྫོགས་སོང༌།།
༠༧. ༡༢.༡ཉིན་མཚོ་བྱང་དུ་རྫོགས་པར་བྲིས
“རང”ལ་གོ་བ་ལེན་སྟངས་ཀྱི་གླེན་གཏམ། ※
《མི་སྐད་འདི། ཁ་གཡོར་ས་གཏན་ནས་མིན》གྱི་མཇུག་བྱང༌།
ང་ནི་རང་ཉིད་ཀྱི་ཆེད་དུ་སྐྱེ་འཇིག་མི་བྱེད་ལ།
རྩོམ་པ་བོའི་དོན་དུ་ཡང་འཚོ་སྙིང་ཁྱོན་ནས་ཡོད་མི་འདུག་སྟེ།
ངས་ནི་རང་གི་སྐད་ཆ་ཁྱེར་ནས་མི་ཡུལ་འདིར“མིའི”སླད་དུ་འོང་བ་ཡིན་ཕྱིར།
“མི་སྐད”ཡང་དག་སྨྲ་མཁན་དག་ལ་དམིགས་བསལ་གྱིས“ཐུགས་རྗེ་ཆེ”ཞུ་ན་འདོད་དོ།
༢༠༠༨.༡༠.༢༣ཉིན་ཁམས་ཕྱོགས་སུ་སྒོ་ཡོན་གྱིས་བྲིས།
※ སྤྱིར་བཏང་མཇུག་བྱང་འདི་ལ་སྟབས་བདེ་དང་སླ་ཐབས་ཀྱི་ཉམས་རེ་སྣང་ཡང་ཐང་མོད། ཁོ་བོས་མི་ལོ་གཉིས་ལྷག་གི་ཞིབ་འཇུག་ཁྲོད་ནས“སྙན་ངག་གི་ལྟ་ཚུལ”དང“བཀའ་དྲིན་ཞུ་ཡུལ”འདི་ཙམ་ལས་གང་ཡང་རྙེད་མ་སོང་བས། གལ་ཏེ་ཁྱོད་རང་དེང་གི“མཇུག་གཏམ་རྒྱུ་བླུགས་མ”དེ་འདྲར་གོམས་ཡོད་ཚེ། རྟགས “×” འདི་སྦྱར་བའི་ཁེ་དབང་ཡང་སྔ་མོ་ནས་སྤྲད་ཡོད་ལགས།
རྩོམ་སྒྲིག་འགན་འཁུར་བ། སྒོ་ཡོན།
རྩོམ་སྒྲིག་པ། དགེ་འདུན།
ལག་བསྟར་རྩོམ་སྒྲིག་པ། སྐྱིད་མཚོ།
༄༅།།མི་སྐད་འདི། ཁ་གཡོར་ས་གཏན་ནས་མིན།
སྒོ་ཡོན།
རྒྱལ་སྤྱིའི་ཀློག་དེབ་པར་སྐྲུན་ཁང༌།
ཁྲིན་ཏུའུ་སྒེར་གཉེར་དུས་དེབ་པར་ཁང་གིས་དཔར།
དེབ་ཚད། ཧོ་སྨིས880×1230/32དཔར་ཤོག5 ཡིག་གྲངས་ཁྲི3
2008ལོའི་ཟླ10པར་པར་གཞི་དང་བོ་བསྒྲིགས།
2008ལོའི11པར་པར་ཐེངས་དང་བོ་དཔར།
དཔར་གྲངས།1-1,000
ISBN 7-5062-6420-6 WS/7570 དེབ་རིན་སྒོར། 7.0
བསམ་ཚུལ་འབྲི།
