ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད། སྡེ་དགེ་ཟླ་ཡག
ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད།
རྩོམ་པ་པོ། སྡེ་དགེའི་ཟླ་ཡག
ཚུལ་ཁྲིམས་བློ་གྲོས་ནི་སྙན་ཚིག་ཅིག་གི་བརྗོད་བྱ་རེད། ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ཉམས་མ་ཤོར།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚང་ཡོང།། ཟེར་བའི་སྙན་ཚིག་འདིའི་སྲོག་ཏུ་ཞུགས་པའི་ནོར་བུ་དེ་རེད། ནོར་བུ་རང་ལ་ཡོད་དུས་རང་གིས་བེད་སྤྱོད་མ་ཤེས་ནས་ནོར་བུ་ཉམས་སུ་བཅུག་ཏེ། ནོར་བུ་གཞན་ལ་ཤོར་ཚེ་གཞན་གྱིས་བྱི་དོར་དང་གཅེས་སྤྲས་བྱས་ནས་དགོས་འདོད་ཀུན་འབྱུང་དུ་འགྱུར་ཚེ། ང་ཚོའི་སྙིང་རླུང་སྟོད་ལ་ཤོར་ནས་ཤི་རྩིས་བྱས་ཀྱང་དེ་དུས་བཀོད་པ་མེད། དཔེ་དེ་བཞིན་རེད།
ཚུལ་ཁྲིམས་བློ་གྲོས་ནི་གཏམ་དཔེ་ཞིག་གི་ལུང་བསྟན་རེད། ཤི་རྒྱུའི་མྱི་དང་བོར་བའི་རྟ་ཟེར་བའི་གཏམ་དཔེ་འདིའི་ལུང་བསྟན་རེད། མྱི་མ་ཤི་གོང་གི་རིན་ཐང་དང་རྟ་མ་བོར་གོང་གི་རིན་ཐང་སུས་ཀྱང་ཤེས་དཀའ་ཞིང་གླེང་མི་སྲིད་པ་ཞིག་ཡིན་ནའང་། ཤི་ཚར་བའི་རྗེས་སུ་ཡོད་ན་འདོད་པ་དང་བོར་ཚར་བའི་རྗེས་སུ་མཁོ་ཆོད་པ་དེ་གཟོད་མི་རྣམས་ཀྱི་སེམས་སུ་སྟོང་བསམ་དེ་འཁྲུངས་ནས་འགྱོད་པས་གདུངས། དྲན་པས་སྨྱོ་སྲིད་པ་ཞིག་རེད། ཡིན་ཡང་དེ་དུས་ཁོ་རང་ཚོ་ཕྱིར་མི་ལྡོག་པའི་ས་དེར་གཤེགས་ཚར་ངེས། དཔེ་དེ་བཞིན་རེད།
ཚུལ་ཁྲིམས་བློ་གྲོས་ནི་སྒང་ལི་ཞིག་གི་སྐྱེ་བ་རེད། འཛམ་གླིང་ལྒང་རྩེད་ར་བའི་ནང་གི་ལྒང་ལི་དེའི་སྐྱེ་བ་རེད། ལྒང་ལི་ཁོ་རང་ལ་ནམ་ཡང་ཕྱོགས་རིས་འཐེན་འཁྱེར་གྱི་བློ་དེ་མི་ལྡན་ཡང་མི་རྣམས་ཀྱི་ལག་ནས་ཡར་འཕེན་མར་འཕེན་བྱས་ཏེ་མཐར་མཇུག་ལྒང་ལིའི་ཟུངས་ཟད་ནས་དབུགས་ཤོར་འགྲོ། ཁོང་ཚོས་ལྒང་ལི་ལ་བྱིན་པ་ནི་ཅི་ཡང་མི་ལོ་ནས་གད་སྙིགས་སུ་གཡུགས་རྒྱུ་དེ་རེད་ལ་ལྒང་ལིས་ཁོང་ཚོ་ལ་བྱིན་པ་ནི་བདེ་ཐང་དང་འཕྲོད་བསྟེན་ཡིན་པར་མ་ཟད། ཐ་ན་ལྒང་ལི་རང་གི་དབུགས་རྒྱུན་ཕྲ་མོ་དེ་ཡང་མེད་པར་བྱས་ཏེ་ཁོང་ཚོའི་ཆེད་དུ་ཚར་སོང་བ་རེད། དཔེ་དེ་བཞིན་རེད།
ཚུལ་ཁྲིམས་བློ་གྲོས་ནི་འདས་པོ་ཞིག་གི་མ་དཔེ་རེད། འདི་ནས་ཡར་རྩིས་པའི་ལོ་བརྒྱ་དང་ཉག་མ་འགའི་ཡར་སྔོན་དུ་སྐྱེས་བུ་ཞིག་བཀའ་ཐང་སྡེ་ལྔའི་ནང་གི་ཁྲི་སྲོང་འདས་ཚུལ་གྱི་ལོ་རྒྱུས་བཞིན། འདས་པོ་དེ་ཡི་ཤི་རྐྱེན་ད་དུང་ང་ཚོས་མ་རྙེད་ནས་ལ་ལས་སྒོར་མོ་རྫུན་བཟོ་བྱས་ཐལ་ཟེར། ། ལ་ལས་གསང་ཉུལ་བ་ཞིག་ཡིན་ཐལ་ཟེར། ། ལ་ལས་ཉེས་མེད་བརྩོན་ལ་བཅུག་ཐལ་ཟེར། ། ལ་ལས་དུག་ཆང་དྲངས་ནས་བསད་ཐལ་ཟེར། ། གང་ལྟར་གསོན་ཚེ་ལ་སུས་ཀྱང་ངོ་མི་ཤེས་པའི་འདོད་འབྱུང་གི་བུམ་པ་ཆེན་པོ་ཞིག་ས་ལ་བརྒྱབ་བཞག་པ་རེད། ཡིན་ཡང་ལོ་བརྒྱ་དང་ཉག་མ་འགའ་སོང་བའི་དེ་རིང་ལ་ཁོང་ནི་ང་ཚོ་དང་ཧ་ཅང་བར་ཐག་ཉེ་བའི་མི་སྣ་ཞིག་ཏུ་གྱུར་བར་མ་ཟད། ཁ་རྩང་ང་དང་མཉམ་ཟ་མཉམ་འཐུང་བྱེད་རོགས་ཀྱི་གྲོགས་པོ་དེ་ལས་ཀྱང་ཆ་ཡོད་རྒྱུས་ཡོད་ཅིག་ཏུ་འགྱུར་ཀི་ཡོད་པ་རེད། དེ་ནི་བདེན་པའི་སྐྱེས་བུ་ཞིག་ཡིན་པའི་རྒྱུ་མཚན་དང་ཤེས་རབ་སྒྱེ་གང་ཁུར་བའི་དཔའ་བོ་ཞིག་ཡིན་པའི་རྟགས་མཚན་རེད། དཔེ་དེ་བཞིན་རེད།
ཚུལ་ཁྲིམས་བློ་གྲོས་ནི་ཏུན་ཧོང་གི་ཡིག་རྙིང་དེ་རེད། སྤྱི་ལོ་1900ལོར་ཏུན་ཧོང་ཡིག་རྙིང་བུད་པ་དེས་བོད་ཀྱི་ལོ་རྒྱུས་ལ་གསལ་བཤད་ཅིག་དང་བོད་ཀྱི་ངོ་གདོང་ལ་བྱི་དོར་ཞིག བོད་ཀྱི་ཡབ་མེས་ཀྱི་སྙིང་སྟོབས་བསྟན་ཞིང་བོད་ཀྱི་མི་རིགས་ལ་རེ་བ་ཡོད་པའི་ཁ་བརྡ་མྱིག་བརྡ་གསར་བ་ཞིག་བྱས་ཤིང་ཁོ་རང་ནི་བོད་ཀྱི་རིག་མཛོད་རྩ་ཆེན་ཞིག་ཏུ་གྱུར་བ་རེད། དཔེ་དེ་བཞིན་རེད།
ཚུལ་ཁྲིམས་བློ་གྲོས་ནི་ཨེ་ཛིའི་ནད་པ་ཞིག་རེད། ཨེ་ཛེའི་ནད་མེད་ཀྱང་ཨེ་ཛེའི་ནད་པའི་སྡུག་བསྔལ་སེམས་སུ་ཁུར་བའི་ནད་པ་ཞིག་རེད། དེ་ཡང་མ་རེད། ཨེ་ཛེའི་སྨན་པ་ཞིག་རེད། ཨེ་ཛི་བརྟག་དཔྱད་མི་ཤེས་ཀྱང་ཨེ་ཛིའི་ནད་པ་ལ་ཕན་ཐོགས་པའི་སྨན་པ་ཞིག་རེད། དེ་ཡང་མ་རེད། ཨེ་འགོག་རང་འདུན་པ་ཞིག་རེད། ཨེ་ཛི་ལ་བཅོས་ཐབས་མེད་ཀྱང་ཨེ་ཛི་ལ་འགོག་རྒྱུ་ཡོད་པས་ཨེ་འགོག་པ་ཞིག་རེད། དེ་ཡང་མ་རེད། མི་རིགས་འདིའི་སོ་ལྟ་བ་ཞིག་རེད། མི་རིགས་འདིའི་སྒོ་སྲུང་བ་ཞིག་རེད།
ཚུལ་ཁྲིམས་བློ་གྲོས་ནི་ལུག་རྫི་རྒན་པོ་ཞིག་རེད། ཁོ་རང་ལ་ལུག་མེད་ཀྱང་ལུག་རྫི་རྒན་པོ་ཞིག་རེད། ལུག་ཁྱུ་སྤྱང་ཀིས་དེད་དུས་ཀི་འདེབས་མཁན་ཞིག་རེད། ལུག་ཁྱུ་རྐུན་མས་བདས་དུས་བང་འཕེན་མཁན་དེ་རེད། ལུག་རྣམས་རི་ལ་ཤོར་དུས་མཐར་སྐོར་མཁན་དེ་རེད། དེ་ཡང་མ་རེད། ཁོ་རང་ལ་ལུག་མེད་ན་ལུག་རྫི་ཇི་ལྟར་བྱེད། སྐད་ཆ་འདི་དཔེ་བཞག་ནས་བཤད་པ་ཞིག་རེད། སྐད་ཡིག་འདི་ལུག་ཁྱུ་ཞིག་ཡིན་པར་ཆ་བཞག་ན་ཁོ་རང་གི་ལུག་རྫི་དེ་རེད། འདི་ལྟར་བཤད་ན་ཏག་ཏག་རེད་འདུག ཁོང་ནི་ལུག་རྫི་ཞིག་མ་རེད། སྐད་ཡིག་གི་ལུག་རྫི་ཞིག་རེད་བཅས་བརྗོད་ན་ཁྲིགས་སེ་རེད་འདུག
དེ་དག་ཚང་མ་མ་རེད། ཚུལ་ཁྲིམས་བློ་གྲོས་ནི་ཚིག་མཛོད་ཅིག་རེད། དུང་དཀར་ཚིག་མཛོད་རེད། དེ་མ་རེད་དེའི་ནང་དུ་རྒྱ་དབྱིན་མི་འདུག ཆོས་གྲགས་ཚིག་མཛོད་རེད། དེ་ཡང་མ་རེད་དེའི་ནང་དུ་རིས་འགྲེལ་མི་འདུག བོད་རྒྱ་ཚིག་མཛོད་རེད། དེ་ཡང་མ་རེད་དེའི་ནང་དུ་ཁ་སྐོང་མི་འདུག དེས་ན་གང་རེད་ཞེ་ན། བོད་རྒྱ་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་ཆེན་མོ་ཁ་སྐོང་དང་བཅས་པ་དེ་རེད། མདོར་ན། ལོ་རྒྱུས་ཀྱི་ནང་ནས་འོད་དུ་འཚེར་སྲིད་པའི་རྣམ་ཐར་གྱི་དེབ་ཕྲེང་བརྒྱ་རྩ་མ་ཞིག་རེད། ཞིབ་འཇུག་གི་བར་ནས་ནམ་རྒྱུན་མཐོང་སྲིད་པའི་རིན་ཆེན་ཕྲེང་བ་ཞིག་རེད། སྐད་ཡིག་གླེང་དུས་འབོད་དགོས་པའི་ཐོན་མི་སམ་བྷོ་ཊ་དེ་རེད། ནད་པ་བཤད་དུས་དྲན་དགོས་པའི་གཡུ་ཐོག་རྙིང་མ་བ་དེ་རེད། བདེ་ཐང་བསླབ་དུས་ཟ་དགོས་པའི་མེ་ཚལ་ལྗང་ཁུ་དེ་རེད། གཞན་ཕན་སྒྲུབ་དུས་བསྟན་དགོས་པའི་ལྷག་བསམ་རྣམ་དག་དེ་རེད།
https://mp.weixin.qq.com/s/c3vJuXb4IogTJlTc04-sVQ?fbclid=IwAR224dHh3zTFLUtK1Nr6i1mQxLDiLj-i1OK-RJh2BYc7CjwYb9dmUpGJdUM