དཔལ་ཡུལ་གྱི་གཏམ་རྒྱུད།
དཔལ་ཡུལ་གྱི་གཏམ་རྒྱུད།
གཅིག
གནའ་སྔ་མོའི་དུས་སུ། དཔལ་ཡུལ་རྫོང་མཁར་ཡོད་ས་འདི་ནི་མཚོ་ཆེན་པོ་ཞིག་ཡིན་ཞིང་མིང་ལ་ན་ཆུང་མཚོ་ཟེར།མཚོ་དེའི་ཤར་ཕྱོགས་སུ་ཁང་བུ་བྲག་ཕུགས༼མདའ་ཁོ་རི་བོ།༽ཡོད།ཁང་བུ་བྲག་ཕུག་ལ་ད་དུང་མཚོ་ཞིག་ཡོད་པ་དེའི་མིང་ལ་གདང་ཕེ་མཚོ་ཟེར། གདང་ཕེ་མཚོའི་ཕྱོགས་སུ་རི་བོ་ཞིག་ཡོད་ཅིང་མིང་ལ་སྨེ་ནོ་རི་བོ་ཟེར། སྨེ་ནོ་རི་བོ་ནི་དཔལ་འཛོམས་རི་བོའི་སྤུན་ཡིན། གདང་ཕེ་མཚོ་ནི་ན་ཆུང་མཚོ་ཡི་ནུ་མོ་ཡིན། མཚོ་དེའི་ལྷོ་ཕྱོགས་ནི་བྲག་ཁ་ཆུ་རི་བོ་ཡིན། དེ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཁང་ཡིན། མཚོ་དེའི་ལྷོ་ཕྱོགས་ནི་སྨེ་ནོ་རི་བོའི་སྤུན་དཔལ་འཛོམས་རི་ཡིན། དེ་ནི་མོ་རི༼སྒྲོལ་མ།༽ཡིན། རི་བོ་འདིར་ལྷ་མང་པོ་བཞུགས་ཡོད་པར་གྲགས། བྱང་ངོས་ནི་སྒ་པ་རི་བོ་ཡིན་ལ་སྒ་པ་རི་ནི་བོད་ཡིག་གི་ད་དང་ཧ་ཅང་འདྲ། ཁང་བུ་བྲག་ཕུག་ནི་བོད་ཡིག་པ་དང་འདྲ། བྲག་ཁ་ཆུའི་མདུན་ངོས་ཀྱི་རི་བོ་ནི་བོད་ཡིག་གི་ལ་དང་འདྲ། ཡི་གེ་དེ་གསུམ་པོ་མཉམ་དུ་བཏོན་ན་དེང་སྐབས་ང་ཚོས་བརྗོད་བཞིན་པའི་དཔལ་ཞེས་པའི་མིང་འདི་གྲུབ་པ་རེད། དེ་ནི་བཀྲ་ཤིས་དཔལ་འཕེལ་བའི་དོན་ཡིན། ཡུལ་ནི་ང་ཚོའི་ཤེས་གསལ་ལྟར་བོད་སྐད་དུ་ཕ་ཡུལ་སོགས་ལ་འཇུག་པ་ཡིན།
མཚོ་འདིའི་བྱུང་བ་ལ་ད་དུང་ངག་རྒྱུན་ཐུང་ཐུང་ཞིག་ཡོད་དེ། མི་ལོ་གྲངས་མེད་ཀྱི་ཡར་སྔོན་ལ། ཟླ་བོ་རི་ན་ཁྱིམ་ཚང་གཅིག་ཡོད། དེ་ཚང་ལ་སྨེ་ནོ་དང་ཕུང་གྲང་ཟེར་བའི་ཕུ་ནུ་གཉིས་ཡོད། ཁོང་གཉིས་ཀ་ནི་དཔའ་ཞིང་མཛངས་པས་ལོ་ཆུང་ཡིན་དུས་ནས་དམངས་ལ་འཚེ་བའི་འདྲེ་སྲིན༼དེ༽ཟེར་བ་ཞིག་བཏུལ་བས་ཚང་མས་བརྩི་བཀུར་བླ་མེད་ཐོབ། ཉིན་ཞིག་སྤུན་གཉིས་ཀ་རྔོན་ལ་འགྲོ་དུས། དུང་པེ་དང་ན་ཆུང་ལྕམ་སྲིང་གཉིས་ལ་ཐུག བུ་མོ་དེ་གཉིས་གཟུགས་སྤྱད་མཛེས་བས་སྨེ་ནོ་ཕུ་ནུ་གཉིས་ཀྱིས་རི་གླུ་བླངས་ནས་རང་གི་དུངས་བ་བརྗོད། དུང་པེ་དང་ན་ཆུང་ལྕམ་སྲིང་གཉིས་ནི་ལྷ་ཡུལ་ཁམས་ཀྱི་ལྷ་མོ་གཉིས་ཡིན་ཞིང་། ལྐོག་ཏུ་མི་ཡུལ་ལ་བབས་ནས་ཟླ་བོ་རི་ལ་རྩེ་རུ་ཡོང་། མ་བསམ་ས་ནས་ཁོང་ཕུ་ནུ་གཉིས་ལ་འཕྲད་པ་མ་ཟད། དཔའ་ཞིང་རྟུལ་ལ་ཕོ་སྒོ་ཡོད་པའི་སྤུན་དེ་གཉིས་ལ་ཡིད་སེམས་ཆགས། དེ་བས་ལྕམ་སྲིང་དེ་གཉིས་ཀས་ཀྱང་ཁོ་གཉིས་དང་ཚེ་གཅིག་རྐྱ་ཡ་བྱེད་པའི་དམ་བཅས་ཤིང་། འཇིག་རྟེན་མི་ཡུལ་འདུག་འགྲོ་བར་ཐག་བཅད། ཟླ་བོ་རི་ནས་ཉི་ཟླ་ཞེས་པའི་མཚོ་ཆུང་གཉིས་ནི་དཔང་བོར་བཞག་པ་ཡིན། གནས་ཚུལ་འདི་ལྷ་ཡུལ་ནས་ཤེས་རྗེས་ལྷ་རྣམས་ཐུགས་ཤིན་ཏུ་ཁྲོས་ནས། ཕུང་གྲང་དང་སྨེ་ནོ་གཉིས་རི་བོའི་གཟུགས་སུ་བྱས་ལ། དུང་པེ་དང་ན་ཆུང་ལྕམ་སྲིང་གཉིས་མཚོ་ཡི་རྣམ་པར་བྱས་རུང་། ཁོ་ཚོ་ཕན་ཚུན་ལ་དགའ་ཞིང་དུང་བས་གཏན་ཏུ་གཅིག་སེམས་གཅིག་ལ་ཐོགས་ནས་བསྡད་ཡོད། ཕུང་གྲང་རི་བོའི་གཟུགས་ལ་བསྒྱུར་རྗེས། རང་ཉིད་དང་ན་ཆུང་གི་བརྩེ་དུང་ནི་ལྷད་མེད་རྣམ་དག་ཡིན་པས་རང་གི་ལས་དབང་བསྒྱུར་ཆེད་ཡར་དཀོན་མཆོག་ལ་ཞུ་བ་ཡང་ཡང་བྱས། དེ་བས་སངས་རྒྱས་ཀྱི་སྒྲོལ་མ་སྨན་རི་གནས་འདིའི་གནས་བདག་བྱེད་པའི་ལུང་བསྟན། རིམ་བཞིན་ལྷ་ཚོགས་ཀྱིས་ཕུང་གྲང་རི་བོའི་ཡུལ་ཧ་ཅང་མཛེས་པ་ཤེས། ཕུང་གྲང་རི་བོའི་དཀྱིལ་ན་མཚེའུ་ཞིག་ཡོད་ཅིང་། དེ་ནི་ཕུང་གྲང་རི་བོས་རང་གི་སྙིང་སྡུག་ལ་སྲུང་སྐྱོབ་བྱེད་ཆེད། ཁོ་མོ་རང་གི་སེམས་ལ་བཅུག་ཅིང་། རི་འདབས་ཀྱི་མཚོ་དེ་ནི་ན་ཆུང་གི་གྱོན་པའི་སྣེ་མོ་ཞིག་ལས་གྲུབ་པ་ཡིན། ཕུང་གྲང་གིས་རང་གི་སེམས་སུ་སྦས་པའི་ན་ཆུང་མཚོ་མོར་གྱུར་རྗེས། ནམ་རྒྱུན་མཚོ་མོ་དེ་ལས་ཉི་མ་དང་ཟླ་བ་མཐོང་ཐུབ་པས་ཡུལ་ཧ་ཅང་མཛེས་ཤིང་ལྟ་ན་སྡུག་པར་བརྟེན། ལྷ་ཚོགས་ཀྱང་གནས་འདིར་ཡོང་ནས་བྱ་བ་སོགས་ལ་གྲོས་བྱས། རིམ་བཞིན་གནས་འདི་ནི་ལྷ་ཚོགས་ཀྱི་གྲོས་བྱེད་ས་ཞིག་ལ་ཆགས་ཤིང་། སྐབས་སྐབས་སུ་སངས་རྒྱས་ཀྱང་གནས་འདིར་བྱོན་པ་རེད། ༼གཟབ་ཀྱིས་བལྟས་ན། ཕུང་གྲང་རི་བོ་ནས་སངས་རྒྱས་ཀྱི་སྐུ་བརྙན་གཙོའི་ལྷ་ཆེན་བརྒྱད་ཀྱི་རྡོའི་སྐུ་བརྙན་ཀྱང་མཐོང་ཐུབ་བོ།།༽
གཉིས
ན་ཆུང་མཚོ་དེ་ལྷ་མོའི་སྐུ་དངོས་མིན་པར་མནབས་བཟའ་ཡིན་པས། མཚོ་ལ་སྲིན་མོ་མགོ་དགུ་ཅན་ཞིག་འཁོར། སྲིན་མོ་མགོ་དགུ་ཅན་དེས་ཆར་རླུང་རང་དགར་ཕབ་ལ་སྤྲུལ་བའི་གཟུགས་སྣ་ཚོགས་སྟོན་ཤེས་པ་མ་ཟད་གདུག་རྩུབ་ཧ་ཅང་ཆེ། ཉིན་ཞིག་ལ་ལྷ་ཚོགས་གྲོས་བྱེད་བཞིན་པའི་དུས་སུ་གློ་བུར་དུ་རི་འདབས་ཀྱི་ན་ཆུང་མཚོའི་དཀྱིལ་ནས་སྒྲ་ཆེན་པོ་ཞིག་བྱུང་། དེའི་རྗེས་སུ་མགོ་དགུ་ཅན་གྱི་བདུད་འདྲེ་ཞིག་མཚོ་ནང་ནས་ཐད་ཀར་ནམ་མཁའ་རུ་འཕུར་བ་མཐོང་། སྒྲ་ཆེན་དེ་ནི་མགོ་དགུ་ཅན་གྱི་བདུད་འདྲེ་དེའི་སྒྲ་ཡིན་ལ། མོ་གནམ་ལ་འཕུར་རྗེས་ཆུ་དང་མེ་བཏང་ནས་མི་དམངས་ལ་གནོད་པ་བྱས། རི་མགོར་གནས་པའི་མི་དམངས་རྣམས་ལ་སྡུག་ཡོད་ཀྱང་བཤད་དཀའ། ཁང་བ་ལ་ལ་ཆུ་ལོག་དང་འདམ་རྡོས་དེད། ལ་ལ་མེ་ཡིས་བསྲེགས། གང་སར་ངུ་འབོད་ཀྱི་ཁེངས། འདྲེ་མགོ་དགུས་གལ་ཏེ་ལོ་རེར་ཁོ་ལ་ཟ་རྒྱུ་དང་ལོ་ཆུང་གི་བུ་བུ་མོ་ཆ་གཅིག་མ་ཕུལ་ན། ཁོས་དཔལ་ཡུལ་མཐའ་འཁོར་གྱི་མི་དམངས་ཡོད་ཚད་ཆུ་དང་མེ་ཡིས་མེད་པར་བཟོ་ངེས་པའི་འཇིགས་བསྐུལ། མི་རྣམས་ལ་བློ་ཐབས་ཅི་ཡང་མེད་པས། དཔལ་འཛོམས་རི་མགོར་སོང་ནས་མོ་རི་སྒྲོལ་མ་དང་ལྷ་ཚོགས་ལ་གསོལ་བ་བཏབ་ནས་རོགས་བྱེད་རོགས་ཞུས། དེ་ནས་ལྷ་ཚོགས་ཀྱིས་ལྷ་དམག་གདན་འདྲེན་ནས་སྲིན་མོ་མགོ་དགུ་བཏུལ། སྲིན་མོ་མགོ་དགུ་སྤྲུལ་བ་ཆེ་བས་མཚོ་ནང་དུ་གབ། ཐེངས་མང་བོ་འཐབ་འཛིན་བྱས་རྗེས། ལྷ་དམག་གིས་སྲིན་མོ་མགོ་དགུ་འདུལ་ཐབས་བྲལ། མ་ཟད་སྲིན་མོ་མགོ་དགུས་དཔལ་འཛོམས་རི་ལ་གནས་པའི་ལྷ་ཚོགས་གནས་དབྱུང་བྱེད་མགོ་ཚུགས། མོ་རི་སྒྲོལ་མས་གནས་ཚུལ་དེ་འདྲ་མཐོང་བས། སྲིན་མོ་མགོ་དགུ་འདུལ་དཀའ་བ་ཤེས་ནས། དཔལ་འཛོམས་དང་ན་ཆུང་གཉིས་ལ་རེ་ནས་འདུལ་བ་མ་གཏོགས་ཐབས་གཞན་མ་རྙེད། མཐར་ལྷ་ཚོགས་ཀྱིས་གྲོས་གཞི་ལྟར་དཔལ་འཛོམས་སྲིན་པོ་བཏུལ་ས་མངགས།
གསུམ
དཔལ་འཛོམས་ལ་ལྷ་ཚོགས་ཀྱི་སྲིན་པོ་མགོ་དགུ་འདུལ་བའི་བཀའ་ཐོན་རྗེས། སྲིན་པོ་མགོ་དགུའི་གནད་དོན་ལ་རྒྱུས་ལེན་ཟབ་མོ་བྱས། ཁོས་སྲིན་པོ་མགོ་དགུ་ཡི་དོན་དངོས་སུ་ན་ཆུང་གི་མནབས་བཟའ་བེད་སྤྱད་པ་ཤེས། སྔོན་མ་ན་ཆུང་ལྷ་ཡུལ་གྱི་ཉེས་ཆད་གཡོལ་བའི་ཆེད་དུ་ན་ཆུང་མནབས་བཟའ་ལ་སྤྲུལ། དེ་ནས་མནབས་བཟའ་མཚོ་རུ་གྱུར། མ་གཞི་མནབས་བཟའ་ནི་ལྷ་ཡུལ་གྱི་རིན་པོ་ཆེ་ཞིག་ཡིན་ལ་ད་དུང་སྒྱུ་འཕྲུལ་སྣ་ཚོགས་ཡོད། དེ་ནས་གཡོ་རྒྱུ་ཅན་གྱི་སྲིན་པོས་མནབས་བཟའ་བེད་སྤྱོད་བཏང་ནས་སྲིན་པོ་མགོ་དགུ་ལ་སྦས་གནས་བཟང་བོ་ཞིག་མཁོ་སྤྲོད་བྱས། སྲིན་པོ་མགོ་དགུ་འདུལ་འདོད་ན་ངེས་པར་དུ་སྲིན་པོ་མགོ་དགུའི་མནབས་བཟའ་གཡར་ནས་སྦས་སའི་གནས་དེ་རྙེད་དགོས། སྲིན་པོ་མགོ་དགུ་རྩ་མེད་དུ་གཏོང་འདོད་ན་ན་ཆུང་གི་རོགས་པ་དགོས། ན་ཆུང་གི་དཔལ་འཛོམས་ལ་བཤད་པར། སྲིན་པོ་མགོ་དགུའི་ཁོ་མོའི་མནབས་བཟའ་བེད་སྤྱད་ནས་ཁོ་མོའི་ཕུ་ཐུང་ནང་ན་སྦས་ཡོད། སྔོན་མ་མནབས་བཟའ་མཚོ་རུ་གྱུར་དུས་ན་ཆུང་གི་ལག་པ་ཡ་གཅིག་ས་འོག་ཏུ་འཇུག་ནས་མནབས་བཟའ་ཕུད། དེའི་རྐྱེན་གྱི་མནབས་བཟའ་ཡི་ཕུ་ཐུང་ཡ་གཅིག་ཧ་ཅང་གཏིང་ཟབ་ཅིང་མུན་ནག་གི་ས་འོག་གི་ས་ཕུག་ཞིག་ཏུ་གྱུར། སྲིན་པོ་མགོ་དགུ་དེ་ན་སྦ་ཆོག ལྷ་དམག་ལྷ་དཔོན་ཚོས་རྙེད་མི་སྲིད། སྲིན་པོ་མགོ་དགུ་སྦས་སའི་ཕུག་དེ་རྙེད་འདོད་ན་ངེས་པར་དུ་ཆུ་མེད་པར་བཟོ་དགོས། གནམ་ན་ཉི་ཟླ་གཉིས་འཛོམས་ཀྱི་ཉིན་དེ་སླེབས་རྗེས། དཔལ་འཛོམས་ཀྱི་བདུད་འདྲེ་འདུལ་མགོ་བརྩམས། ཁོས་ལྷ་ཚོགས་ཀྱི་མཐུ་ནུས་སྤྱོད་ནས། སྤོ་སྨད་རི་བོ་ཁྱུང་ཆེན་དུ་གྲུབ། ཁོས་ཁྱུང་ཆེན་རི་བོ་ཞོན་ནས་བཀོད་འདོམས་བྱས། ཁྱུང་ཆེན་གྱི་མཆུ་ཏོ་མཚོ་ནང་ཏུ་བཅུག་ནས་ཆུ་འཇིབ། ད་དུང་སྤུན་ཆུང་མེ་རོས་དཔུང་རོགས་བྱས། མེ་རོས་མདའ་ཁོ་རི་བོ་གླང་པོ་ཆེ་ལ་སྤྲུལ་ནས་ཁོས་གླང་ཆེན་བཞོན་ནས་བཀོད་འདོམས་བྱས། གླང་ཆེན་གྱི་སྣ་ཞགས་མཚོ་རུ་བཅུག་ནས་ཆུ་འཇིབ། ཆུ་འཇིབ་དུས་སུ་སྲིན་པོ་མགོ་དགུ་སྦས་སའི་གནས་དེ་མཐོང་། དེ་ནས་དཔལ་འཛོམས་གྱིས་རང་ཉིད་ཀྱི་དབུ་ཞྭས་དུང་ཁ་མནན། དབུ་ཞྭ་ནང་ལྷ་ཚོགས་ཀྱི་གནང་བའི་འདྲེ་མནོན་པའི་ཕྱག་མཚན་ཡོད། དཔལ་འཛོམས་ཀྱི་དབུ་ཞྭ་དེ་ད་ལྟའི་གླིང་ཁ་རུ་གྱུར། མ་ཟད། མཚོ་གཞིབ་ནས་སྐམ་པའི་མཐའ་འཁོར་དུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་མངོན་པ། ཁྱུང་ཆེན་དང་གླང་ཆེན་ཚང་མ་རི་བོ་ལ། རྗེས་མ་དཔལ་ཡུལ་དགོན་དེ་གླང་ཆེན་གྱི་སྣ་ཞགས་ཐོག་ཏུ་བཞེངས། དཔལ་ཡུལ་བཀྲ་ཤིས་པའི་ཡི་གེ་དང་རི་མོ་ཧ་ཅང་གསལ། མ་གཞི་དཔལ་འཛོམས་ཀྱི་སྐུ་དྲིན་དྲན་ནས་མི་དམངས་ཚོས་ཡུལ་མིང་དཔལ་འཛོམས་སུ་བརྗེ་འདོད་ཀྱང་། འདི་འདྲའི་བཀྲ་ཤིས་པའི་ཡི་གེ་དང་རི་མོ། དམངས་ཀྱི་འཚོ་བ་དགའ་བདེའི་དཔལ་ལ་རོལ་མཐོང་དུས། ཚང་མས་ད་རུང་གོམས་སྲོལ་ལྟར་འདིར་དཔལ་ཡུལ་ཞེས་འབོད། ད་ལྟ་ན་ཆུང་ལྷ་མོའི་མནབས་བཟའ་མུ་ཏིག་མནབས་བཟའ་རུ་གྱུར། འདི་ནི་གསར་ལྡན་གྱི་དཔལ་ཡུལ་རྫོང་ངོ་།། ཡོང་ཁུངས། ཁམས་པའི་དྲ་བ། མཆན། (དཔལ་ཡུལ་ནི་སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པའི་ཡུལ་སྡེ་ཆེ་ཁག་ཅིག་ཡིན་མོད་དེང་སང་རྒྱ་གཞུང་གིས་རྫོང་ཁག་ལོགས་སུ་བཟོས་ཡོད)
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- ༈ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་