English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

གསོན་འདྲེས་དེད་པའི་བུད་མེད། ས་མཐའི་གཡུ་རལ།

འདོན་སྤེལ། 2016/09/13 5:50 PM རྩོམ་པ་པོ།

chamra

 

 
༈ གསོན་འདྲེས་དེད་པའི་བུད་མེད།

_______ས་མཐའི་གཡུ་རལ།

མིག་གིས་འཇིག་རྟེན་མཐོང་བ་ཐོག་མའི་དུས་ནས། །

ཕ་ས་ཕ་ཡུལ་ཟེར་བའི་གནས་གཞི་མེད་པའི། །

སྐྱབས་བཅོལ་བོད་མའི་སྐྱ་ཆད་སྔོ་སྡུག་སྒོ་ན། །

བུ་མོའི་ལུས་ཤིག་བླངས་པས་ཡོད་ཚད་ཚར་སོང་། །

 

ལོ་ཆུང་གྲོགས་མོ་ཕན་ཚུན་སྐྲ་ལོ་སླ་བཞིན། །

རྒྱབ་ཁུག་ཆུང་ཆུང་ཁུར་ཏེ་སློབ་གྲྭར་འགྲིམ་དུས། །

མཐའ་མའི་ན་ཟུག་འདི་དག་ལྡང་རྒྱུ་མེད་ཀྱང་། །

དགོད་སྒྲའི་དབྱངས་རྟ་དེ་ལ་འདར་སིག་ལོས་རྒྱག །

 

བརྩེ་གདུང་བྱི་རིལ་མངར་མོ་ཁ་ལ་ནུད་བཞིན། །

བྱིས་པས་ཨ་མར་འབོད་པའི་དགའ་ཚོར་མྱོང་དུས། །

མཐའ་མའི་གྱེས་གདུང་འདི་དག་མྱོང་རྒྱུར་མེད་ཀྱང་། །

དམར་ཆུང་སྙིང་གི་དཀྱིལ་ནས་འདར་སིག་ལོས་རྒྱག །

 

ཨ་མས་བརྣབ་སེམས་བྱས་པའི་འཚོ་བ་རེ་རེ། །

ཡ་ཐོད་གཉེར་མས་བོས་པའི་སྨོན་འདུན་རེ་རེ། །

ཁྱེད་ཀྱིས་སེམས་སུ་བསྣམས་པའི་ཁུར་པོ་དེ་དག །

ད་དུང་ཕྱི་མའི་ཡུལ་དུ་ཁུར་ནས་ཡོད་དམ། །

 

ཟ་འདྲེ་ཁོག་ལ་ཞུགས་པའི་གཅན་གཟན་ལག་ནས། །

ཟུག་གཟེར་ད་དུང་ལྡང་པའི་མནར་གཅོད་མྱངས་པ། །

མྱི་ནག་ལུང་པ་དེ་ནི་དམྱལ་བ་འདྲ་ཡང་། །

རང་རིགས་གསོན་འདྲེ་འདི་ཚོའི་ལག་རྗེས་རེད་ཨང་། །

 

གོས་ཀྱི་སྟོད་དང་སྨད་ནས་བུག་ཅིང་རལ་ཏེ། །

ལུས་ཀྱི་མདུན་དང་རྒྱབ་ནས་དམར་རྗེན་རིག་པའི། །

ཁྲག་དང་ཆུ་སེར་སྔོ་ཐིག་ཞེད་སྣང་བསྟན་འདྲ། །

ཚེ་སྲོག་དམར་པོའི་ཉེན་ཁ་གང་འདྲ་འཕྲད་སོང་། །

 

སྡེ་དགེའི་དམངས་དང་ཚོགས་པས་ལག་པ་བསྲིངས་ཏེ། །

གདུང་བའི་མིག་ཆུ་རིང་མོ་ཐོལ་གྱིས་གཅོད་དུས། །

དགའ་བའི་འཛུམ་མདངས་དེ་ནི་ལྷ་བས་མཛེས་པ། །

ད་ལྟ་བསམས་ཤིང་བསམ་དུས་དགའ་ཡང་སྐྱོ་བྱུང་། །

 

མང་པོས་རྒྱབ་ནས་སྐྱོར་བའི་ཁྱེད་དང་རོགས་གཉིས། །

རིམ་གྱིས་ཁེ་ན་ཌ་རུ་བདེ་བར་འཁོད་དུས། །

དགའ་བའི་མིག་ཆུ་དེ་དག་སྔོན་དང་མི་འདྲ། །

འཛུམ་མདངས་འོད་ཞགས་དཀར་པོས་གཡས་སྐོར་རྒྱག་ཡོད། །

 

དཀའ་སྡུག་འབུམ་གྱི་མཐའ་ནས་རྒྱ་མཚོ་བརྒལ་ཀྱང་། །

བརྟག་དཔྱད་འབྲས་བུ་ཞིག་གིས་སྙིང་ཤ་མཛེར་བྱུང་། །

མི་འདོད་གདུང་བའི་མུན་པ་ཡང་བསྐྱར་འཁྲིགས་སོང་། །

སེམས་ཀྱི་རེ་བའི་རི་མོ་སྟ་རེས་བཙགས་སོང་། །

 

ཡིད་ཀྱི་སྨོན་པ་སྟོང་གི་སྤྲིན་ཕུང་ནང་ན། །

ཁྱེད་ཀྱི་རྨས་པའི་ལུས་དང་ཟུངས་ཁྲག་གསོས་ནས། །

སེམས་ཀྱི་ཕོག་ཐུག་ཐབས་ཅད་སེལ་བར་བསྒོམས་ཀྱང་། །

རེ་བའི་ཞིང་ཁམས་དེ་ནི་མགོ་མཇུག་བསྒྱུར་སོང་། །

 

ས་སྟེང་མི་ཡི་འགྲོ་བ་སྨྱོས་པས་མ་ཚད། །

གཤིན་རྗེའི་ལས་མཁན་དག་ཀྱང་རག་གིས་བཟི་སྟེ། །

ཁྱོད་དང་ཁྱོད་ཀྱི་ཤན་པ་ཁྲིད་རྒྱུ་ནོར་སོང་། །

ཨ་ཁུ་ཁྲིམས་དཔོན་ཐུག་ན་བརྩད་རྒྱུ་མ་བརྗེད། །

 

ཁྱེད་ཀྱི་བྱིས་པ་ཆུང་ཆུང་ཅུང་ཙམ་འཚར་འདུག །

རྨོ་རྨོའི་ཡ་ཐོད་གཉེར་མའི་གྲངས་ཀ་བརྩིས་བྱུང་། །

ཨ་མས་ཁྱེད་ཀྱི་མིང་ནས་མུར་མུར་འབོད་བཞིན། །

མིག་ཆུའི་ཐིག་པ་རེ་རེས་མ་ཎི་བསྡོས་བྱུང་། །

 

ཁྱེད་ཀྱི་རྣམ་ཤེས་ཕྲ་མོ་གང་ན་འཁོར་ཡོད། །

བྱ་དང་བྱེའུའི་ལུས་འདྲ་ལེན་རྒྱུ་ཨེ་བྱུང་། །

ཤིང་སྡོང་འོག་དང་ཁ་ཀྱོག་ཁུག་ཀྱོག་ལྟོས་དང་། །

ཁྱེད་ཀྱི་ཟླ་བོས་ཁྱེད་ལ་མཁྲེང་ནས་སྡོད་འདུག །

 

མཐའ་མའི་ཟླ་བ་དྲུག་གི་ཉིན་ཞག་བརྩི་དུས། །

སྙིང་གི་འཕར་སྒྲ་དེ་ཉིད་འདི་ནས་ཐོས་བྱུང་། །

གདོང་གི་སྐྱོ་ཉམས་དེ་ཡང་འདི་ནས་རིག་བྱུང་། །

རིག་ཀྱང་ནུས་མེད་ང་རང་ཤི་བ་འདྲ་སོང་། །

 

སྐར་ཅིག་སྐད་ཅིག་རེ་ལ་དབུགས་རྔ་རྒོད་ཅིང་། །

སྐར་ཆ་སྐར་ཆ་རེ་ལ་རྣམ་ཤེས་འགག་དུས། །

སྲིད་པའི་འཇིག་རྟེན་འདི་ལ་ཞེན་པ་ལོག་ནས། །

ཁྱེད་ལ་དགོངས་དག་སྟོང་གིས་མིག་ཟུང་བཙུམ་ཡོད། །

 

ཕྱི་ལོ་ ༢༠༡༣་༧་༡༦ ཉིན་བོད་པའི་བུ་མོ་གཉིས་ཕྱི་རྒྱལ་ལམ་ཁྲིད་པས་མི་ནག་ལུང་པར་གཡུག་པ་དང་། ༢༠༡༤་༡་༣ ཉིན་སྡེ་དགེ་ཚོགས་པས་རོགས་རམ་བྱེད་འགོ་བཙུགས་པ། ༢༠༡༥་༡་༢༧ ཉིན་ཕྱི་རྒྱལ་ཁེ་ན་ཌ་རུ་གཏོང་ཐུབ་པ་བྱུང་པ་དང་། དེ་ནས་བུ་མོ་རྒན་པ་ལ་ནད་ངན་ཞིག་ཕོག་ཡོད་པ་ཤེས་ཏེ་ཉེ་སྔོན་ཚེ་ལས་འདས་སོང་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་མྱ་ངན་གྱི་གདུང་སེམས་དྲག་པོས་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་ ༢༠༡༦་༩་༡༣ ཉིན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་ལས་ཁུངས་སུ་བྲིས།
འབྲེལ་ཡོད་གནས་ཚུལ་རྒྱས་པ་དྲ་ཐག་འདི་ལ་ཕེབས་ནས་གཟིགས་རོགས།

One Response

  1. གཡུང་དྲུང་དོན་ལྡན། says:
    September 13, 2017 at 4:44 am

    ངོ་མ་ཡིད་སྐྱོ་བོ་རེད་མྱ་ངན་ཞུ།
    ལམ་སྣེ་སྟོན་མཁན་དེ་ཕ་རོ་ཟོ་ཟོ་དེ་མི་ཁ་ནག་ཟིག་འོད་ཟིག།

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་ཆེན་ཚོགས་བརྡ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • དུས་རབས་སྔ་ཕྱིའི་ནང་གི་སྡེ་དགེའི་བོད་སྨན།
  • སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
  • སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
  • བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
  • ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད། སྡེ་དགེ་ཟླ་ཡག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།