གྲོས་ཆོད་ཁག་བདུན་བཞག་སྟེ་འགན་ལྷན་ཐེངས་ ༢ པ་མཇུག་སྒྲིལ་བ།
གྲོས་ཆོད་ཁག་བདུན་བཞག་སྟེ་འགན་ལྷན་ཐེངས་ ༢ པ་མཇུག་སྒྲིལ་བ།
འདི་ཟླའི་ཕྱི་ཚེས་ ༡༤ ནས་ ༡༥ བར་ཉིན་གཉིས་རིང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢ པ་དེ་རྒྱལ་ས་ལྡི་ལི་རུ་བསྐོང་འཚོགས་གནང་ནས་ལེགས་གྲུབ་བྱུང་ཡོད་པ་རེད། དབུས་དང་ས་གནས་རྒྱུན་ལས་ཁག་གི་ངོ་བོ་ལས་གྲུབ་པའི་ཚོགས་འདུ་དེར་དབུས་དང་ས་གནས་ཁག་གི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་ཞུས་སྐབས། འདས་པའི་གྲོས་ཆོད་ཁག་ཚུར་བཞིན་ལག་བསྟར་ཐོག་རྒྱལ་ཕྱི་ནང་གི་ནད་པ་ཉམས་ཐག་དང་ཛ་དྲག་དཀའ་འཕྲད་མཁན་མི་སྣ་གང་མང་ཞིག་ལ་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་ཐུབ་སྟེ་སྤྱི་འཐུས་གྲོས་ཚོགས་ནང་ནས་ཀྱང་བསྔགས་བརྗོད་ཐོབ་ཡོད་པས་མཚོན་དུས་ཡུན་ཐུང་ངུ་ཞིག་གི་ནང་ལས་དོན་སྣ་མང་ཞིག་ལེགས་འགྲུབ་བྱུང་ཡོད་པར་བསྔགས་བརྗོད་ཐོབ་ཡོད་པ་རེད། དེ་བཞིན་འགན་ལྷན་མ་ཚུགས་པའི་བདུན་ཕྲག་གཅིག་གི་སྔོན་ནས་རྩིས་ཞིབ་ཚོགས་ཆུང་གིས་ལོ་འཁོར་གཅིག་རིང་གི་ཚོགས་པའི་བྱུང་སོང་རྩིས་ཁྲ་ཁག་ལ་སྒྲིག་གཞི་ནང་གསལ་ལྟར་རྩིས་བཤེར་དོ་ནན་བྱས་ཏེ་འགན་ལྷན་དུ་སྙན་སྒྲོན་ཞུས་ཡོད་པ་དང་། དེ་དག་ལ་དོགས་འདྲི་གནང་པ་སོགས་བྱས་ཏེ་མཐར་རྩིས་ཁྲ་ཁག་ཆད་ལུས་མེད་པ་ཁྲིམས་སྒྲིག་དང་མཐུན་པ་གང་ལེགས་བྱུང་ཡོད་པ་ལའང་བསྔགས་བརྗོད་ཐོབ་ཡོད་པ་རེད། སྐབས་འདིར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱིས་འདི་ལོ་ནས་སློབ་ཐོན་པ་ཁག་ལ་དམིགས་བསལ་གཟེངས་བསྟོད་ཕྱག་ཁྱེར་རེ་འབུལ་འགོ་བཙུགས་ཡོད་པ་ལྟར། ཐེངས་འདིར་༼ན་གཞོན་རེ་ལྟོས་ཅན་གྱི་གཟེངས་བསྟོད་ཕྱག་ཁྱེར།༽བཞེས་མཁན་སློབ་མ་གསུམ་བྱུང་ཡོད་པ་རེད། ཚོགས་འདུ་ཉིན་གཉིས་ཀྱི་རིང་བགྲོ་གླེང་ཞིབ་ལྷོད་བྱས་པར་བརྒྱུད་༸གོང་ས་མཆོག་གི་སྐུ་ཕྱྭ་ཉེན་སྲུང་དང་། གཞོན་སྐྱེས་ཚོ་ཤེས་ཡོན་ལ་སྐུལ་འདེགས་དང་། མི་རེ་ངོ་རེ་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཐབས། དེ་བཞིན་ཚོགས་པའི་མ་འོངས་བརྟེན་རྩ་སོགས་ཀྱི་ཐད་གྲོས་ཆོད་ཁག་བདུན་སྤྱི་མོས་སུ་བཞག་ཐུབ་པ་བྱུང་ཡོད་པ་རེད། མཐར་ཐེངས་འདིའི་འགན་ལྷན་སྦྱིན་བདག་རི་སྤྲུལ་ཀུན་བཟང་བསྟན་འཛིན་མཆོག་ལ་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ནས་དམིགས་བསལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་ཤིག་དང་། ས་གནས་རྒྱུན་ལས་ཁག་ལ་གསེར་བྲིས་སྐུ་ཐང་རེ་འབུལ་ལམ་ཞུས་ཡོད་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།