སྙིང་གི་གཅེས་ལོར་ཕུལ་བའི་གཏམ་བརྒྱུད།
སྙིང་གི་གཅེས་ལོར་ཕུལ་བའི་གཏམ་བརྒྱུད།
རྩོམ་པ་པོ། ལྡོང་࿇བཙན་རླུང་། (སྡེ་དགེ་རྫོགས་ཆེན།) ཡོང་ཁུངས། ངེད་དྲ་བ།
སེམས་ཀྱི་དགའ་ལོ་ཐག་རིང་གནས་ན་བཞུགས། །
དྲན་པའི་མཛེས་སྡུག་བདག་གི་སེམས་ན་འགྱུ། །
མ་འཕྲད་ལུས་འདི་ཁ་ཐག་རིང་ཀྱང་རུང་། །
དུང་བའི་མཛེས་སྡུག་རང་རང་ཞེ་ན་ཡོད། །
བདག་གི་སྙིང་ཁོངས་ནས་བརྡོལ་ཡོང་བའི་ཚིགས་བཅད་འདིས་སྔོན་བསུས་ནས། ཁྱེད་ལ་སྐད་ཆ་འགའ་ཡིག་ཐོག་ནས་གསལ་བཤད་ཐེངས་ཤིག་བྱེད་ན་འདོད། ལས་དབང་ཞིག་གིས་ཁྱེད་རང་བདག་གི་སྙིང་གི་ཕྱེད་ཀ་དང་། དྲན་པའི་མེ་ཏོག་སུ་གྱུར་བ་ནས་བཟུང་། ང་ལ་རྨི་ལམ་གསར་བ་ཞིག་གི་འཇིག་རྟེན་རྙེད་སོང་ལ། ང་ལ་རེ་ཆགས་གྲངས་མེད་ཞིག་གི་བསམ་འདུན་བཞག་སོང་། འདི་ལྟར་དྲང་དོན་ཞིག་གི་སྐད་ཆ་རེ་རེ། སེམས་ནས་ཕྱུང་སྟེ་ཡིག་ཐོག་ཏུ་འགོད་དུས། ཁྱེད་རང་བདག་གི་དྲན་པའི་གཏིང་དང་། སེམས་པའི་རྟེན་སར་གནས་པའི་བག་ཆགས་ཤིག་གི་གོ་རིམ་བརྗོད་བཞིན་ཡོད་ལ། གདངས་སུ་གྱེར་འདོད་པའི་སྙན་དངགས་ཤིག་གི་སྙིང་དོན་འབྲི་བཞིན་ཡོད། དྲན་པས་མ་བོར་བའི་གནས་ལུགས་ཤིག་གི་བདེན་པ་བརྗོད་བཞིན་ཡོད། ད་ནི་བདག་གི་ཚོར་སྣང་གཞན་ཞིག་གི་མཛེས་སྡུག་གི་སྣང་བརྙན་དེ་ཁྱེད་ཀྱི་མིག་སྔར་བཀྲམ་ཨེ་ཐུབ་ཀྱི་ངལ་རྩོལ་བྱེད་ན་འདོད། ས་རུབ་མཚམས་འདིར། ང་རང་སུམ་ཚིགས་ཀྱི་སྲང་མདོ་དེར། འགྱིགས་ཀྱི་རྐུབ་བཏེགས་ལས་ཁ་ནུབ་ཕྱོགས་སུ་འཁོར་ནས། འཇམ་ཤ་དོད་པའི་སྙིང་གཏམ་གྱི་ལྷག་འཕྲོ་དེ་དག་གི་དངོས་དོན་ལ་བསམ་གཞིག་རྒྱག་གིན། ནམ་ཞིག་ཁྱེད་ཀྱི་འཛུམ་མདངས་ཀྱིས་ཁེངས་པའི་ཞལ་རས་མཇལ་ཡོང་གི་རེ་བ་རྔམ་ནས་བསྡད་ཡོད་ལ། གལ་སྲིད་ང་རང་ལྡང་བཞིན་པའི་བསིལ་རླུང་འདི་ཡིན་ཚེ། བག་ཕེབས་དང་དལ་ལྷོད་ངང་སོང་ནས། སྨིན་བཞིན་པའི་ཁྱེད་ཀྱི་འགྲམ་པར་འོ་ཞིག་བྱེད་བཞིན། བདག་གི་མགོ་བོ་འདི་ཁྱེད་ཀྱི་བྲང་གཞུང་ལ་གླན་ནས། ང་རང་རྒས་ནས་སྐྲ་ལོ་འདི་དཀར་རྐྱང་དང་། ང་རང་དགུར་ནས་ལུས་པོ་འདི་གཞུ་རུ་མ་གྱུར་བར། ངས་རང་ནུས་གང་ལྕོགས་ཀྱིས་ཁྱེད་ལ་བྱམས་སྐྱོང་གང་ལེགས་ཤིག་བྱེད་པར་འབད་ངེས་ཡིན་ཞེས་དམ་བཅའ་ཞིག་གི་ཐ་ཚིག་འཇོག་ཆོག འདི་ལྟར་བསམ་གྱིན་བསམ་གྱིན་མུན་པ་འདིས་བདག་གི་མིག་མདུན་གྱི་མཛེས་སྡུག་ཡོད་ཚད་ཅི་ཡང་མི་གསལ་བའི་རབ་རིབ་ངང་མུན་ནག་འཇིག་རྟེན་ཞིག་ཏུ་བསྒྱུར་སོང་བ་ང་ཁོ་ན་ལས་སུས་ཤེས་སམ། སྙིང་ཉེ་ལགས། འདི་ནི་དུས་ཚོད་ཕྱེད་ཙམ་ཁྲོད་ཀྱི་ང་དང་སེམས་པའི་དངོས་བྱུང་གི་གཏམ་རྒྱུད་གཙང་དག་ཡང་དག་དེའོ། །
༢༠༡༤•༡༡•༡•ཉིན་བྲིས་སོ། །