བླ་མ་ཡེ་ཤེས་འབྱུང་གནས།
བླ་མ་ཡེ་ཤེས་འབྱུང་གནས།
རྩོམ་པ་པོ། ཨ་མཆོག (སྡེ་དགེ་དཔལ་སྤུངས།)
སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་བླ་མ་ཡེ་ཤེས་འབྱུང་གནས་ཀྱི་རྣམ་ཐར་མདོར་བསྡུས་སུ་བརྗོད་པ་དད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།
ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས།།
མ་ལུས་ཞིང་གི་རྡུལ་སྙེད་བཞུགས་པ་ཡི།།
ངོ་བོར་དབྱེར་མེད་དཔལ་ལྡན་བླ་མ་ལ།།
གུས་པས་འདུད་དོ་ཐུགས་རྗེས་སྐྱོངས་མཛོད་ཀྱེ།།
དེ་ཡང་དགྱེས་པ་རྡོ་རྗེ་མར་པ་ལོ་ཙཱ་བ་འཕགས་པའི་ཡུལ་དུ་ལན་གྲངས་སུ་བྱོན་ནས་པཎྜི་ཏ་ནཱ་རོ་པ་དང་མེ་ཏྲི་པ་སོགས་དུ་མར་བསྟེན་པས་མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་བོད་ཡུལ་དུ་སྤྱན་དྲངས་ཤིང་སློབ་མའི་ཚོགས་བསྐྱངས་བས་གངས་ལྗོངས་གྲུབ་པའི་རྩེར་བྱོན་དཔལ་ལྡན་བཞད་པ་རྡོ་རྗེས་སྒྲུབ་པའི་རྒྱལ་མཚན་བཙུགས་པ་དེའི་སློབ་མའི་མཆོག་མདོ་ཏིང་འཛིན་རྒྱལ་པོ་ལས། ཡེ་ཤེས་བླ་མེད་འདི་ནི་རབ་བསྒྲུབས་ནས།། ཕྱི་དུས་མོད་ལ་དེ་ཡི་འཇིག་རྟེན་དུ།། རྒྱལ་བ་དྲི་མེད་འོད་ཅེས་བྱ་བར་འགྱུར།། ཟླ་འོད་གཞོན་ནུ་གྱུར་པ་བདག་ཉིད་ཀྱི།། ལུང་བསྟན་འདི་ཐོས་དགའ་བར་རྒྱས་གྱུར་ཏེ།། ཅེས་སོགས་དང་གཞན་ཡང་སྙིང་རྗེ་པདྨ་དཀར་པོ་སོགས་ལས་ལུང་གིས་ལེགས་པར་བསྔགས་ལ་གསལ་བའི་དཔལ་མཉམ་མེད་དྭགས་པོ་རིན་པོ་ཆེས། གངས་ཅན་གྱི་ལྗོངས་འདིར་མདོ་ཏིང་འཛིན་རྒྱལ་པོའི་དགོངས་དོན་སྙིང་པོ་དོན་གྱི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཐུགས་ཉམས་སུ་བཞེས་པས་མ་ཟད་སློབ་མའི་ཚོགས་ཀྱང་རྒྱ་ཆེར་བསྐྱངས་ཤིང་འཕེལ། མདོ་དེ་ཉིད་ལས། སྐྱེས་བུ་དམ་པ་མྱ་ངན་ཡོངས་འདས་ནས།། མ་རུང་དུས་ན་བདག་གི་མདོ་འདི་བཟུང་།། དེ་ཡི་ཚེ་ན་ཏིང་འཛིན་འཛིན་པ་དག། ལྔ་བརྒྱ་ལས་ནི་མི་ཉུང་དེར་འབྱུང་སྟེ།། མདོ་སྡེ་མཆོག་འདི་རྒྱ་ཆེར་བཟུང་བ་ལ།། དེ་ཡི་སྔོན་དུ་འདྲེན་པ་གཞོན་ནུ་ཡིན།། ཞེས་སོགས་གསུངས་པ་ལྟར་དེ་དག་ལས་སྔོན་བྱང་ཆུབ་སེམས་པ་ཆོས་སྨྲ་བ་བརྒྱད་བརྒྱས་དམ་བཅས་པའི་ལུང་དོན་དང་མཐུན་པར་བརྒྱུད་འཛིན་སྤྲུལ་པའི་གང་ཟག་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཟུར་གཉིས་སོགས་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུར་བྱོན་པ་ཡིན་ལ། ཇི་སྐད་དུ། དྭགས་པོ་བཀའ་བརྒྱུད་གྲུབ་ཐོབ་ས་ཡི་རྡུལ།། རྒྱལ་བསྟན་ཇི་སྲིད་མི་འཆད་ཀུན་ལས་འཕགས།། ཅེས་པ་ལྟར་མངའ་བདག་མར་པ་ལོ་ཙཱ་ལ་འཕགས་ཡུལ་གྱི་པཎ་ཆེན་ནཱ་རོ་པས་བུ་སློབ་མ་བས་ཀྱང་ཡང་སློབ་བཟང་བར་ལུང་གིས་བསྟན་པ་ཉིད་དངོས་སུ་གྲུབ་ཡིན་ཏེ་དཔེར་ན། འབྲི་ཁུང་གདན་རབས་ལས་སྐུ་ལུས་མ་སྤང་པར་དུས་གཅིག་ལ་དགེ་འདུན་ཁྲི་ཚོ་གཉིས་ལྷག་ནམ་མཁར་འཕུར་ཚུལ་དང་། དཔལ་སྤུངས་གདན་རབས་ལས་དབུ་ཆེ་མགུར་སྒོམ་གྲྭ་ཡོད་པའི་དགོན་པ་མེར་བཞེས་སྐབས་དུས་གཅིག་ལ་དགེ་འདུན་ལྔ་བརྒྱ་ལྷག་ནམ་མཁའ་ལ་འཕུར་ཚུལ་གསལ་བས་མཚོན་སྐུ་ལུས་མ་སྤང་པས་མཁའ་སྤྱོད་དུ་ཕེབས་པའང་ཁྲི་དང་འབུམ་ཞེས་གྲངས་ཀྱིས་ཆོད་པ་མ་ཡིན་ཞིང་དེ་དག་གིས་བཀའ་བརྒྱུད་རིན་པོ་ཆེ་ཡི་ཁྱད་ཆོས་ཕྱོགས་ཙམ་མཚོན་པར་བྱས་ལ་སྐབས་སུ་བབས་པའི་བརྗོད་བྱ་དངོས་ནི།
སྒྲུབ་བརྒྱུད་བསྟན་པ་སྤྱི་དང་ཁྱད་པར་དུ་དཔལ་ལྡན་ཀརྨ་བཀའ་བརྒྱུད་ཀྱི་ཆོས་སྐུ་རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པའི་གསེར་རིའི་ཕྲེང་བ་ཚར་དུ་མངར་བའི་དོན་བརྒྱུད་ཀྱི་བསྟན་པ་ཡང་དག་པར་འཛིན་ནུས་པའི། ཟབ་གསང་རྣལ་འབྱོར་ཆེན་པོས་ཚེ་ལུས་གཅིག་ལ་ཟུང་འཇུག་གི་སྐུ་མངོན་དུ་བྱས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག མ་རིག་མུན་པ་སེལ་བའི་སྒྲོན་མེ། བཀའ་དྲིན་མཚུངས་ཟླ་མ་མཆིས་པའི་དོན་གྱི་སླད་དུ་མཚན་ནས་སྨོས་ན ༧ བླ་མ་ཡེ་ཤེས་འབྱུང་གནས་ཀྱི་རྣམ་ཐར་ཆ་རྡུལ་ཙམ་ཞིག་སྨོས་པ་ཡིན་ཏེ། དེ་ཡང་དམ་པ་འདི་ཉིད་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་སྤྱི་ལོ ༡༩༡༠ ལོར་མདོ་ཁམས་སྡེ་དགེའི་ཆར་གཏོགས་འབྲི་ཀླུངས་དལ་འབབས་ཀྱི་གཡས་ཟུར་དཔེ་ཝར་ཡར་ཤིས་ཞེས་པར་ཡབ་ཆུ་མགུར་བླ་མ་བསོད་ནམས་ཚེ་བརྟན་ཞེས་པའི་མཁས་གྲུབ་ཆེན་པོ་དེ་དང་། ཡུམ་རང་བཞིན་གྱི་རྣལ་འབྱོར་མ་ཟབ་དམག་བུ་མོ་སྟག་ལོ་ཞེས་པའི་སྲས་སུ་སྐུ་བལྟམས་པ་ཡིན། ཡབ་རྗེ་དམ་པ་འདིས་རྩ་བའི་གདན་ས་དཔལ་སྤུངས་སུ་མཛད་པ་ལྟ་བུའི་ཀཿཐོག་དང་དཔལ་ཡུལ་སོགས་ངེས་མེད་ཀྱི་གདན་ས་རི་ཁྲོད་རྣམས་སུ་ཀུན་སྤང་བྱ་བྲལ་གྱི་སྤྱོད་པས་སྒྲུབ་པའི་རྒྱལ་མཚན་འཛིན་ཏེ་བླ་མའི་གཙོ་བོ་འཇམ་མགོན་མཁྱེན་ཀོང་གཉིས་དང་མི་ཕམ་པར་མཛད། མི་ཕམ་རིན་པོ་ཆེའི་དངོས་སློབ་རྣམས་ལས་མཁས་པའི་ཡང་རྩེ་ཡིན་ཞེས་ཤོད་སྲོལ་ལ་ལར་སྣང་། གསུང་ཆོས་གུ་རུའི་རྟོགས་བརྗོད་ཆེན་མོ་སོགས་ཕལ་ཆེ་བ་སྡེ་དགེའི་སྤར་ཁང་དུ་བཞུགས། དཔལ་སྤུངས་གདན་སར་བསྟོད་པ། འདི་གནས་རྐང་གཉིས་ལྟ་ཅི་སྨོས།། མཁའ་དང་ས་ལ་འཛུལ་རྣམས་ཀྱང་།། འབྲུམ་ནད་བྱང་བའི་འགྲོ་བ་བཞིན།། རྟེན་འབྲེལ་བཅུ་གཉིས་འཆིངས་ཐག་ཀློད།། སོགས་ཤོ་ལོ་ཀ་མང་ཙམ་ཡོད་པའི་ལྗགས་རྩོམ་ཤིན་ཏུ་ངོ་མཚར་བ་ཅན་ཞིག་ཡོད་སྐད་ཀྱང་དེང་སང་མི་སྣང་། གཞན་ཡང་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་འཐོར་བུ་ཕྱོགས་བསྡུས་གནང་བས་དེང་སང་དབང་ལུང་ཁྲིད་དང་དཔེ་རྒྱུན་ཆ་ཚང་བ་བཞུགས་པ་ནི་བླ་མ་ཁོང་གི་བཀའ་དྲིན་ཡིན་པར་འདུག སྲས་བླ་མ་རིན་པོ་ཆེ་དང་བླ་མ་ཚེ་དབང་བཀྲ་ཤིས། (མ་གཅིག་པའི་སྤུན་ཡིན) བླ་མ་ཀརྨ (མ་གཞན་ཡིན) བཅས་གསུམ་ནི་དཔལ་སྤུངས་སྒྲུབ་བླ་ཡིན་ལ་རྟོགས་པ་ཉམས་འོག་དུ་ཆུད་ཤིང་བཙུན་ཚུལ་འགྲོ་དོན་ནུས་པ་ཅན་ཤ་སྟག་སྟེ་དེ་མིན་གཞན་པའི་སྲས་ཕོ་མོ་སུ་ཡང་མེད་སྐད། གང་ལྟར་མཁས་གྲུབ་ཀྱི་རྣམ་ཐར་ཡོངས་སུ་གྲགས་པས་འདིར་ཟློས་པའི་ངལ་བ་ཆེར་མ་བྱས། རྗེ་ཉིད་སྐུ་ན་ཆུང་དུས་འབྱོར་བས་དབུལ་ཞིང་མ་སྨད་གཉིས་ལས་མེད་ཀྱང་སྒྲུབ་བརྒྱུད་བསྟན་པའི་རྩ་ལག་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་གྲྭ་སར་ཞུགས། དབྱར་ཁར་རི་ལས་ཤོག་བུ་ལས་སྤྱད་རིས་གྱང་ཕྲན་བུ་ལོན་པ་རྣམས་བཙོང་ནས་གོས་དམར་མདོག་ཙམ་ཐོན་པས་བྱམས་མགོན་དབང་མཆོག་རྒྱལ་པོའི་མདུན་དུ་གཙུག་ཕུད་ཕུལ་བས་མཚན་ལ ༧ ཡེ་ཤེས་འབྱུང་གནས་སུ་གསོལ། རིམ་གྱིས་དཔེ་རར་ཞུགས་ཤིང་ཀཾ་ཚང་རང་ལུགས་དཀྱིལ་འཁོར་བཅུ་གཉིས་སོགས་ཆོ་ག་ཆོས་སྤྱོད་རྣམས་བློ་ཐོག་ཐོན་པར་མཛད་པས་དཔལ་སྤུངས་དགོན་སྒྲིགས་ལ་ཆོ་ག་རྣམས་བློར་བྱང་ན་ནས་མང་བར་སྩལ་སྲོལ་ཡོད་པས་དེ་ནས་བཟུང་ལྟོག་བསྔལ་མ་བྱུང་གསུངས། སླར་ཡང་མར་ལུགས་རྒྱུད་སྡེ་རྣམས་དང་ཀཾ་ཚང་རང་ལུགས་ཆོ་གའི་འགྲིགས་དབྱངས་ཕྱག་རྒྱ་གཏོར་བཟོ་དཀར་རྒྱན་ཐིག་རྡུལ་བཤམ་བཀོད་འབུད་རྡུང་དཀྲོལ་བ་བཅས་ཕྱག་ལེན་ཕྲ་མོ་ཡན་ལ་རང་བྱན་དུ་ཆུད་པར་མཛད། དེ་དག་རྣམས་སུ་འཚོ་བ་ནི་བྱ་འཚོ་ཙམ་གྱིས་ཆོག་པར་བྱས་ལ་ཐོག་མའི་རྟེན་བཞེངས་སུ་བཀའ་བརྒྱུད་སྔོན་འགྲོའི་ཚོགས་ཞིང་དང་སྨྱུང་གནས་ཀྱི་ཞལ་ཐང་བླ་མ་ཚེ་དབང་ལ་ཤོག་བུའི་ཡོན་སྦྱོར་ཕྲན་བུས་ཕྱག་བྲིས་སུ་བཅོལ། ལར་ཡང་རྗེ་འདིས་སྐུ་ཚེ་གང་བོར་བཞེངས་པའི་ཐང་སྐུ་རྣམས་བླ་མ་ཚེ་དབང་ནས་བྲིས་པ་དང་ཞལ་བཀོད་ལས་བྱུང་བ་ཁོ་ན་ཡིན་ལ་ཡོན་འབུལ་ཡང་ཕྲན་བུ་ལས་བཞེས་མི་མཛད་དེ་ཁོང་རྣམ་གཉིས་ཐུན་མོང་གི་རྟེན་བཞེངས་ཡིན་གསུངས།
མགོན་ཁང་ཆེན་མོར་ལོ་གཅིག་ལྷག་བཞུགས་རིང་མགོན་པོའི་བསྙེན་ཚད་མཐིལ་བསྐྱེལ་དང་རྗེ་དྷཱརྨ་ཀ་རའི་ཕྱག་བཟོས་མགོན་པོའི་སྐུ་ཤིན་ཏུ་ངོ་མཚར་ཅན་དེའི་མདུན་དུ་ནུབ་རེར་རྐྱང་ཕྱག་བརྒྱ་རེ་དང་སྦྲེལ་བཀའ་བརྒྱུད་གོང་མ་རྣམ་པ་ལྟ་བུའི་བླ་མ་ཞིག་སྐུ་ཚེ་འདི་ཉིད་དུ་འགྲུབ་པར་གསོལ་བ་ཕུར་ཚུགས་སུ་བཏབས་པ་ཡིན་གསུངས། དེ་ནས་བཟུང་ཐུགས་དམ་གྱི་གཙོ་བོ་ཞིག་བླ་མགོན་དབྱེར་མེད་དུ་མཛད་པར་སྣང་ལ་མགོན་པོའི་སྐུ་དེ་ཡང་མཐོང་སྣང་འདྲ་མིན་བྱུང་ཡོད་ཚུལ་མཁན་པོ་བློ་ཆོས་ཀྱིས་གསུངས། དེ་ནས་རྣམ་འདྲེན་སྟོབས་བཅུའི་དཔལ་མངའ་བྱམས་མགོན་ཀྭན་ཏིང་ཏཱ་ཡེ་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་ལས་ཚེགས་གསུམ་རིམ་ནོད་ཀྱིས་སོར་ཐར་གྱི་སྡོམ་པ་བཞེས་པས་མཚན་ལ ༧ ཀརྨ་ཚུལ་ཁྲིམས་བཙོན་འགྲུས་སུ་གསོལ། སླར་ཡང་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་ལྟར་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཡང་རྗེ་དེ་ཉིད་ལས་བཞེས་པས་མཚན་ལ ༧ ཀརྨ་བྱང་ཆུབ་བློ་གྲོས་སུ་གསོལ་བ་དང་གཞན་ཡང་སྒྲུབ་བརྒྱུད་རིན་པོ་ཆེ་ཡི་ཟབ་ཆོས་མར་ལུགས་རྒྱུད་སྡེ་རྣམས་ཀྱིས་གཙོས་གསར་རྙིང་སྨིན་གྲོལ་དབང་བཀའ་རྗེས་གནང་དང་བཅས་པ་མང་དུ་ནོས། འཇམ་མགོན་བེ་རི་མཁྱེན་བརྩེ་རིན་པོ་ཆེ་ལས་ཀཾ་ཚང་རང་ལུགས་དཀྱིལ་འཁོར་བཅུ་གཉིས་སོགས་རང་ལུགས་ཆོ་ག་ཆོས་སྤྱོད་ཡོངས་སུ་རྫོགས་པའི་དབང་ལུང་ཁྲིད་དང་རྒྱལ་བཀའ་རིན་པོ་ཆེའི་ལྗགས་ལུང་བཅས་ལེགས་པར་མནོས། སྔར་ཕྱིར་རྒྱལ་སྲས་འཇམ་མགོན་རིན་པོ་ཆེ་ལས་འཇམ་མགོན་གོང་མའི་མཛོད་ལྔའི་དབང་ལུང་ཁྲིད་སོགས་རྫོགས་པར་ཐོབ། དེ་ནས་སྙིགས་དུས་ཀྱི་མཁན་ཆེན་ཞི་བ་འཚོ་དབོན་སྟོད་མཁྱེན་རབ་བསྟེན་ནས་དཔལ་སྤུངས་བཤད་གྲྭར་ལོ་ངོ་དྲུག་ལྷག་གི་རིང་ལ། འདུལ་བ་མདོ་རྩ་བ། སོར་མདོ་དང་ཀཱ་རི་ཀ་རྒྱས་བསྡུས། འདུལ་བ་མེ་ཏོག་ཕྲེང་མཛེས། ངེས་ལེགས་སྡོམ་གསུམ། དབུ་མ་རིགས་ཚོགས་ལྔ། མཛོད་གོང་འོག བྱམས་ཆོས་སྡེ་ལྔ། དྭགས་པོའི་ཐར་རྒྱན། ཚད་མ་རིག་གཞུང་རྒྱ་མཚོ་སོགས་མདོ་ཕྱོགས་སྐོར་དང་། ནང་བརྟག་གཉིས། འོད་ཟེར་སྐོར་གསུམ་སོགས་ཐུན་མིན་འབྲས་བུ་སྔགས་རྡོ་རྗེ་ཐེགས་པའི་གཞུང་འགྲེལ་དག་ལ་ཐུགས་བསྐྱེད་བརྩོན་འགྲུས་ཆེན་པོས་བསྒལ་རྟགས་བརྩོད་གླིང་། རྒྱུགས་འབུལ་སོགས་མཐར་ཕྱིན་པས་མ་ཟད་རྒྱུན་དུ་འདོད་ཆུང་ཆོག་ཤེས་ཀྱིས་གང་གསན་ཐམས་ཅད་ཐུགས་ཉམས་སུ་བསྟར་བས་མཁན་སློབ་ཀུན་གྱིས་བསྟོད་པའི་གནས་སུ་གྱུར། མཁན་ཆེན་དམ་པ་དེ་ཉིད་ཀྱི་ནང་ཐུགས་ཀྱི་སྲས་སུ་གྱུར་ནས་རྒྱུན་དུ་དམ་ཆོས་རྣལ་མར་སྒྲུབས་དགོས་པའི་བསླབ་བྱ་དང་མཁན་རིན་པོ་ཆེ་ཁོང་ཆུང་དུས་ཨ་མྱེའི་གོ་བ་ཙམ་ཡོད་པར་ཁྱིམ་གྱི་ར་རྫི་ལ་ཕེབས་ཞོར་རྗེ་བཙུན་མི་ལའི་མགུར་འབུམ་བྲིས་མ་ཞིག་ཡོད་པར་ཡང་ཡང་མཇལ་བས། སྔོན་ལས་ལྟ་བུའི་རྗེ་བཙུན་མི་ལར་དགའ་དད་དང་དེའི་དོན་རྣམས་ལ་ལེགས་པར་བསམ་པས་མི་ཚེ་འདིར་དམ་པའི་ཆོས་ཡང་དག་པ་ཞིག་མ་འགྲུབ་ཐབས་མེད་དུ་དགོངས་ཏེ་རྫི་བོ་ནས་རྫོགས་ཆེན་དུ་བླ་མ་གཞན་དགའི་རྩར་དྲོས་ཕེབས་པས་ཟླ་ཤས་བར་བླ་མ་མ་མཇལ་ཞིང་། དེ་ནས་མཇལ་ཏེ་རིམ་གྱིས་ཐུགས་ལ་བཏགས་པས་བླ་མ་རྫོང་གསར་དང་དཔལ་སྤུངས་སུ་ཕེབས་པ་དང་ལྷན་དུ་ཁྲིད་གནང་ཤིང་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་བགྱིས་ཚུལ་གསུངས་པ་ཡིན་ཞེས་བླ་མ་རིན་པོ་ཆེས་རྒྱུན་དུ་སྐྱན་ཆབ་ཕྱུང་ལ་ཕྱག་སྤྱི་བོར་བཀོད་ཅིང་གསུངས་གནང་། དེ་ནས་མཁན་རིན་པོ་ཆེ་མཁྱེན་རབ་དང་དཔལ་སྤུངས་ཕྱག་མཛོད་རྒྱ་བླ་བློ་གྲོས་ནས་ཞུ་སྣེ་མཛད་ནས་དཔལ་སྤུངས་སྒྲུབ་སྡེ་འོག་མ་བསམ་གཏན་ཆོས་གླིང་དུ་ཞུགས་རྒྱུ་ཐོབ་སོང་གསུངས། (འདི་མར་ལུགས་སམ་ཀཾ་ཚང་རང་ལུགས་སྒྲུབ་ཁང་ཡིན) སྒྲུབ་ཁང་དུ་དེལ་ཆུང་བླ་མ་བཀྲ་ཤིས་ཚེ་རིང་ཞབས་ཏོག་བརྙེས་པ་གསུམ་གྱིས་བསྟེན་པ་ཡིན་ལ་སྒྲུབ་བརྒྱུད་རིན་པོ་ཆེའི་ཟབ་ཆོས་ཐུན་མོངས་ཕྱི་ཡི་སྔོན་འགྲོ་ནས་ཐུན་མིན་ནང་གི་རྣལ་འབྱོར་མར་མི་དྭགས་པོའི་བླ་སྒྲུབ། རྒྱལ་བདེ་ཕག་གསུམ་དང་སྒྲོལ་དཀར་སོགས་ཡི་དམ་རྣམས་དང་། མགོན་པོ་བེར་སོགས་ཆོས་སྐྱོང་རྣམས་ཀྱི་བསྙེན་སྒྲུབ་ཁ་སྐོང་ཡན་དང་། གཞན་ཡང་གཅོད་ཚོགས་རིན་ཆེན་ཕྲེང་བ་དང་ཡོན་ཏན་ཀུན་འབྱུང་སོགས་སྔགས་གསར་མའི་རྩ་གསུམ་སྐོར་དང་། ཡོན་དགེ་སྐོར་གསུམ་དང་རོལ་རྡོར་སྐོར་གསུམ། རཏ་གླིང་དང་གནམ་ཆོས་སྐོར་སོགས་ལས་སྔགས་རྙིང་མའི་བཀའ་གཏེར་རྩ་གསུམ་རྒྱ་མཚོར་ཕྱག་བཞེས་ཉམས་ལེན་བསྙེན་སྒྲུབ་ཁ་སབ་ཡན་ལེགས་པར་གྲུབ་པར་མཛད། ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་རྗེ་བཀྲས་རྣམ་སོགས་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཡིག་ཆ་ཤིན་ཏུ་མང་པོ་དང་འཕྲུལ་འཁོར་དམིགས་རིམ་ཕྱག་ལེན་རྗེ་པདྨ་ཉིན་བྱེད་དང་འཇམ་མགོན་བེ་རི་མཁྱེན་བརྩེའི་ཡིག་ཆ་སོགས་ལ་གསན་བཞེས་མཛད་པས། རྩ་ཐིག་རླུང་སོགས་ལ་རང་དབང་ཐོབ་པའི་རྟགས་དེ་ནས་བཟུང་སྐུ་མ་གཤེགས་ཀྱི་བར་སྐད་ཅིག་ཡུད་ཙམ་ཞིག་ལའང་གཟིམས་པའི་རྣམ་པ་མེད་པས་ཚོགས་ཕེབས་སོགས་ཡར་མར་ཕེབས་པ་ཕུད། ཉིན་མཚན་ཁོར་མོ་ཡུག་ཏུ་དཀྱིལ་སྐྲུང་ཁོ་ནས་བཞུགས་ཤིང་ཞལ་ནས་ཐུགས་དམ་རྒྱུན་ཆད་མེད་པས་མདུན་དུ་ཕྱག་དཔེ་བཀྲམ་ཞིང་ཕྱག་གཡས་ཀྱིས་ཐར་མདོ་དང་མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་ཅན་གྱི་འཁོར་ལོ་རིམ་བརྩེགས་ཅན་འཐེན་པ་དང་། གཡོན་གྱིས་དམ་ཚིག་རྡོ་རྗེའི་བཟླས་པས་ཕྲེང་རྡོག་རེ་རེ་ནས་བགྲང་ཅིང་ན་བཟའ་སྐུ་ཆས་ཀྱང་ཧྲུལ་པོ་ལས་བཞེས་པ་མ་ཡིན་ལ་སྐུ་ན་བགྲེས་སོང་བར་ཤ་འབྱར་གཏན་ནས་བགོ་མི་མཛད་དེ་དཔེར་ན་སི་ཏུ་པདྨ་དབང་མཆོག་གིས་རྩལ་བའི་རྒྱ་ལྷམ་ཞིག་ཡོད་པ་སྐུ་ཚེར་འཁྱངས་བར་བྱས་པས་མཚོན་པ་ཡིན། གྲོལ་ལམ་ཕྱག་ཆེན་གྱི་ཁྲིད་ངེས་དོན་རྒྱ་མཚོ་སོགས་ཧ་ཅང་མང་པོའི་ཞལ་གདམས་ཉམས་མྱོང་དམར་ཁྲིད་ངོ་སྤྲོད་སོགས་ལེགས་པར་བླ་མ་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་ལས་ནོད་དེ་རྟོགས་པར་མཛད་པས། འཁོར་འདས་མཉམ་ཉིད་དུ་གཟིགས་ཤིང་བདེ་གསལ་མི་རྟོག་པའི་ཏིང་འཛིན་ཆེན་པོར་ལ་བཟླ་བའི་མངོན་རྟགས་ངོ་མཚར་བ་སྐད་ཅིག་མ་ཙམ་ལའང་ཡེངས་པ་མེད་པའི་རྣམ་པ་ཐུན་མོང་གདུལ་བྱའི་སྣང་ངོར་ཡང་མཇལ་ཐུབ་པ་ཡིན་ལ། སྒྲུབ་བརྒྱུད་གོང་མའི་ཕ་རྗེས་བུས་འབྲངས་ཀྱི་ཚུལ་དུ་བླ་མ་ལ་མོས་གུས་བཅོས་མ་མ་ཡིན་པས་རྒྱུན་དུ་བླ་མའི་མཚན་ཐོས་པ་དང་གསུང་པའི་ཚེ་ན་སྤྱན་ཆབ་བསྙིལ་བས་སྐུ་ན་བགྲེས་ཤིང་སྨྱུང་གཞི་སོགས་ལ་དོགས་པས་རྒྱུས་ཡོད་སུས་ཀྱང་བླ་མའི་མཚན་ནས་སྨོས་མི་ཕོད། རྗེ་དེ་ཉིད་ལས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་འདུག་ལ་ཞིབ་པར་དོན་བརྒྱུད་དགོངས་རྒྱན་ལྟར་ལས་འདིར་རྗེས་ཟློས་ཀྱི་ངལ་བས་ཡིག་ཚོགས་མང་བར་མ་བྱས། སྒྲུབ་ཁང་དུ་ལོ་གསུམ་ཕྱོགས་གསུམ་རིང་སྨྱུང་གནས་ཁོ་ནས་སྨྲ་དང་དམར་ཟས་བཅད་ནས་དཀོར་ནག་ཕྲན་བུ་བྱུང་པ་རྣམས་རྟེན་གསུམ་ལ་མཆོད་འབུལ་ཁོ་ན་བགྱིས་ཤིང་ཐར་མདོ་ཉིན་ཞག་གཉིས་མ་དང་བདུན་པ། མཇའ་ཚོན་དཀོན་སྤྱིའི་ཚོགས་འབུམ་སྒྲུབ་པ་རྣམས་དང་མཉམ་དུ་གནང་ཞིང་སྤྱིར་སྒྲུབ་པ་རྣམས་སྔོན་འགྲོའི་བསགས་སྦྱངས་ཚར་རེ་རེ་ལས་འགྲོ་བ་མིན་རུང་རྗེ་འདིས་ཚར་གཉིས་ཁ་སྐོང་ཡན་ཐོན་པར་མཛད་པས་མ་ཟད་སྐུ་གཤེགས་ཀྱི་བར་ཇི་ལྟར་སྨྱུང་རུང་ཉིན་རེར་བརྒྱ་ཕྱག་རེ་ཚར་བར་གནང་། བླ་མ་རིན་པོ་ཆེ་བཀྲ་ཤིས་ཚེ་རིང་ནི་རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེའི་དབུ་བླར་ཕེབས་སོང་པ་ཡིན།
དེ་ལྟར་ཐུན་མོང་ཕྱི་ཡི་སྔོན་འགྲོའི་བསགས་སྦྱངས་ནས་བླ་མ་ཡི་དམ་ཆོས་སྐྱོང་སོགས་ཀྱི་བསྙེན་སྒྲུབ་ཚད་དུ་འཆོལ་བས་སྒྲུབ་བརྒྱུད་གོང་མའི་བཀའ་སྤྱད་དང་དུ་བླངས། མོས་གུས་རྣལ་མས་ཕྱག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་བསྒོམས་པས་ཉམས་དང་རྟོགས་པའི་རང་ངོ་ཡང་དག་པར་འཕྲོད་པས་སྒྲུབ་པའི་རྒྱལ་མཚན་འཛིན་ནུས་ཀྱི་བླ་མར་གྱུར་ནས་སྒྲུབ་ལས་གྲོལ་བ་ཡིན། སྒྲུབ་ལས་གྲོལ་རྗེས་དཔལ་སྤུངས་དགོན་གཞུང་སྒྲིགས་སྲོལ་བཞིན་ལས་རྡོར་གྱི་འགན་ལོ་གསུམ་གྱི་རིང་བཞེས་པའི་ཞར་བྱམས་མགོན་དབང་མཆོག་རྒྱལ་པོའི་མདུན་ནས་རྟེན་བཞེངས་ཚོགས་རྫོགས་འདྲེན་ཟླ་དང་བྲལ་བས་མཆོད་པའི་ཡོ་བྱད་དང་ན་བཟའ་སྐུ་ཆས་ཡན་བཙེམས་བཟོ་དང་ལྷ་བྲིས་མཚོན་སྦྱོར་སོགས་ཀྱི་ཞབས་ཕྱི་ལེགས་པར་ཞུས་པ་མ་ཟད་མཁྱེན་ཀོང་གཉིས་ལའང་དེ་བཞིན་ཞར་དང་ཞོར་བསྒྲུབས། གཞན་ཡང་རྒྱལ་དབང་རིག་པའི་རྡོ་རྗེའི་མདུན་ནས་བྱང་ཆུབ་སེམས་སྡོམ་དང་བཀའ་བརྒྱུད་རིན་པོ་ཆེའི་ཟབ་ཆོས་དབང་བཀའ་ཁ་ཤས་དང་། བྱམས་མགོན་རྡོ་རྗེ་འཆང་དང་འཇམ་མགོན་དཔལ་ལྡན་མཁྱེན་བརྩེའི་འོད་ཟེར། བེ་རི་མཁྱེན་བརྩེ་འཇམ་དཔལ་རྡོ་རྗེ་དང་བླ་རྒན་ཆོས་བཀྲ། བླ་མ་ནོར་བུ་དང་བླ་མ་བསྟན་འཕེལ། བླ་མ་བསོད་ནམས་ནོར་བུ་དང་བླ་མ་ཀར་ལུ་སོགས་རང་དགོན་དཔལ་སྤུངས་ཀྱི་བསྟན་བདག་སྐུ་མཆེད་རྣམས་དང་བླ་མ་སློབ་དཔོན་འདྲེན་ཟླ་དང་བྲལ་བར་བཞུགས་པ་དག་ལས་གསར་རྙིང་རིས་སུ་མ་ཆད་པའི་དབང་བཀའ་གྲོལ་ཁྲིད་སྔར་མ་ཐོབ་པ་དག་གསན་བཞེས་ཀྱིས་ནོས་པ་རྣམས་ལའང་ཐ་ན་ཕྱག་བཞེས་ཕྲ་མོའི་ཚུན་ནས་ཞུན་ཐར་ཡང་ཡང་བཅད་པར་མཛད་དེ་་དབང་ཁྲིན་སྨིན་གྲོལ་མན་ངག་ལུང་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་ལེགས་པར་གྲུབ། དེ་ཐམས་ཅད་ལས་སྡོམ་པ་གསུམ་དང་བཀའ་དྲིན་ཆེ་བའི་བླ་མ་ནི་བྱམས་མགོན་དབང་མཆོག་རྒྱལ་པོ་ཡིན་ལ། འཇམ་མགོན་བེ་རི་མཁྱེན་བརྩེ་ལས་བླ་མགོན་དབྱེར་མེད་དང་མདོ་སྔགས་རྒྱུད་སྡེ་རྒྱ་མཚོའི་ཞུར་ཐར་ཆོད་པའི་བླ་མ་དང་། རྒྱལ་སྲས་འཇམ་མགོན་ཀོང་སྤྲུལ་ལས་རྒྱལ་དབང་མཁའ་ཁྱབ་རྡོ་རྗེ་ནས་བརྒྱུད་པའི་རང་སེམས་སྤྲོས་མེད་འོད་གསལ་ཕྱག་རྒྱ་ཆེ་པོའི་ངོ་སྤྲོད་ཉེར་བརྒྱུད་ཀྱི་ཚུལ་དུ་གསལ་གདབས་པ་ཡིན་པས་ནང་ཐུན་མིན་གྱི་བླ་མ་རྣམས་ཡིན་ཏེ། ཁྱད་པར་དུ་མདོ་སྔགས་རིག་པའི་གནས་ལ་བླངས་དོར་གྱི་མིག་འབྱེད་པའི་ཐར་པའི་ལམ་སྟོན་ཆེན་པོ་མཁན་ཆེན་ཐམས་ཅད་མཁྱེན་པ་དབོན་སྟོན་མཁྱེན་རབ་ནི་མཚན་བརྗོད་པར་དཀའ་བའི་བླ་མ་དང་། སྒྲུབ་བརྒྱུད་འདི་པའི་ཟབ་ལམ་ནཱ་རོའི་ཆོས་དྲུག་དང་གྲོལ་ལམ་ཕྱག་རྒྱ་ཆེན་པོའི་གདམ་ཟབ་བདུད་རྩིའི་བུམ་བཟང་བཅུད་དུ་རྩལ་བས་གནས་ལུགས་གཞི་ཡི་འོད་གསལ་ལམ་གཉུག་མའི་ཡེ་ཤེས་དེ་ཁོ་ན་ཉིད་མངོན་དུ་བྱེད་པའི་ནང་ཐུན་མིན་རིགས་ཀྱི་བདག་པོའམ་རྩ་བའི་བླ་མ་ནི་སྒྲུབ་དཔོན་དམ་པ་བཀྲ་ཚེ་རིང་ཁོ་ནར་མཛད། སླར་ཡང་དཔལ་སྤུངས་སྒྲུབ་སྡེ་བར་མ་ངན་སོང་སྦྱངས་བའི་རྒྱལ་པོའམ་ཀུན་རིག་སྒྲུབ་སྡེར་བླ་མ་བསོད་ནམས་ནོར་བུར་བསྟེན་ནས་ལོ་གཅིག་ལྷག་བཞུགས་ཤིང་བྱ་རྒྱུད་ཀུན་རིག་དང་མི་འཁྲུགས། རྡོར་སེམས་དང་སྨེ་བརྩེགས་བཅས་སོར་སོའི་སྦྱིན་བསྲེགས་དང་འོད་ཆོག ཐར་ཆོག་དང་སྨན་ཆོག་ཕུར་པ་ལ་སོགས་པར་བསྙེན་སྒྲུབ་ཁ་སྐོང་ཡན་གྲུབ་པར་བགྱིས་ཤིང་། གཞན་ཡང་ཀར་རབས་བླ་སྒྲུབ་སོགས་ཉམས་ལེན་གནད་དུ་སྨིན་ནས་བླ་མ་གཤེགས་རྗེས་སྒྲུབ་དཔོན་གྱི་ཁུར་ལོ་ཤས་བཞེས་མཛད། དཔའ་བོ་རིན་པོ་ཆེ་དང་ཐུགས་ནང་མཐུན་པས་ཐུགས་རེ་བཞིན་གནས་ནང་དུ་སྒྲུབ་དཔོན་དང་ལྷ་ལྡན་སོགས་སུ་གནས་སྐོར་བྱ་བྲལ་གྱིས་གཅིག་པུའི་རི་ལ་སྒོམ་རྒྱུའི་ཐུགས་བསམ་མངའ་ནའང་བྱམས་མགོན་རིན་པོ་ཆེས་དཔལ་སྤུངས་སྒྲུབ་ཁང་འོག་མའི་སྒྲུབ་དཔོན་དུ་བསྐོ་བཞག་མཛད་པས་ཕེབས་མ་གྲུབ།
སྒྲུབ་ཐེངས་རེར་ལོ་གསུམ་ཕྱོགས་གསུམ་དང་སྒྲབ་བར་ཟླ་བ་དགུ་བཅས་སྒྲུབས་ཐེངས་བཞི་ཙམ་བཞུགས་རིང་སུ་ཆོ་ག་ཕྱག་ལེན་དབང་ཁྲིད་ཞལ་གདམས་དང་བཅས་པ་སྒྲུབ་བརྒྱུད་གོང་མའི་ཕ་རྗེས་བུས་ཟིན་དུ་སྩལ་བས་མ་ཟད་སྔར་ཕྱིར་གང་བྱུང་གི་དངོས་པོ་ཐམས་ཅད་སྤང་དག་ཐེངས་མང་སྒོས་སྐུ་རྟེན་གསེར་དངུལ་ལི་མ་སོགས་བཅུ་ཕྲག་ཁ་ཤས་དང་ཐང་སྐུ་གནས་རྟེན་ཉེར་ལྔ་སོགས་བརྒྱ་སྐོར། གསུང་རྟེན་བཀའ་འགྱུར་དང་བླ་མ་དམ་པའི་བཀའ་འབུམ་དཔེ་རྒྱུན་དཀོན་རིགས་སོགས་བརྒྱ་ཁ། ཐུགས་རྟེན་གསེར་དངུལ་ཟངས་ལི་སོགས་ཆུང་འབྲིང་རིགས་བཅུ་ཁ། གཞན་ཡང་བཟང་གོས་གྱི་འཕན་གདུགས་ཡོ་བྱད་དང་ཕྲུག་སྣམ་བུ་གྲུམ་ཙེ་སོགས་ཀྱི་འབོལ་གདན། གསེར་དངུལ་བཀྲ་མའི་མཆོད་ཆས་དུང་རྒྱ་སོགས་དང་དངུལ་དཀར་གྱི་བདུན་ཚར་ཕོར་པ་རེ་ལའང་ཆུ་ཟམ་ཕྱེད་རེ་འགྲོ་བ་ཅན་སོགས་ཆ་གྲངས་གསར་བཞེངས་དང་བསླུས་པ་བཅས་ལེགས་པར་གྲུབ། དེ་དག་གི་ཡོན་གྱི་དངོས་པོ་ཡང་སྒྲུབ་གྲྭའི་དཀོར་བསྐལ་དང་གཤིན་པོའི་བསྔོ་ཞུས། འཕོ་བསྔོའི་ཡོན་སོགས་གཏན་ནས་བཞེས་པ་མིན་ལ་འབུལ་བསྡུད་ཀྱང་དེ་བས་ཕེབས་པར་མི་མཛད་ཅིང་གསོན་རིམ་གཅོད་དང་གཡང་སྐྱབས། བླ་བསླུ་དང་གསོ་ཀའི་སྐྱབས་འཇུག་ཁོ་ནའི་ཡོན་གྱིས་བསྒྲུབས་པ་ཡིན། ལར་ཡང་རྗེ་འདིས་རྒྱུན་དུ་རང་རེ་རྣམས་ལ་དཀོན་མཆོག་གི་བྱིན་རླབས་ནི་དངོས་སུ་ནམ་མཁའ་ནས་ལྷུག་ལྷུག་ཏུ་འབབས་པ་མཐོང་རྒྱུ་མེད་ནའང་ཆོས་རྣམ་དག་སྒྲུབ་པ་ཡིན་ན་་བྱ་བ་གང་བྱས་ལྷུན་གྱིས་གྲུབ་པ་ཡིན་ཞེས་ཡང་ཡང་གསུངས་གནང་། དད་རྫས་དཀོར་ནག་ལ་ཧ་ཅང་གི་དོ་སྣང་དང་དུག་བཞིན་དུ་བལྟ་བས་འཚོ་བ་ནི་བྱ་འཚོ་ཙམ་གྱིས་ཆོག་པར་མཛད་ནས་གང་བྱུང་གི་དངོས་པོ་ཁབ་རྐུད་ཡན་ལ་ཆུད་ཟོས་མེད་པར་ཆོས་རྩ་ཁོ་ནར་བཏང་བས་དྲོན་བརླགས་གཏན་ནས་མེད་ཤིང་། སྒྲུབ་ཁང་དུ་ལོ་དུས་སྒྲུབ་མཆོད་འཕར་མ་དང་ཁྱད་པར་མགོན་པོའི་ཚོགས་འབུམ་དང་དཀོན་མཆོག་སྤྱི་འདུས་ཚོགས་འབུམ་སྒྲུབ་ཐེངས་རེར་ཚར་གཉིས་རེའམ་རེ་རེ་དང་། གཅོད་ཚོགས་འཕར་མ་སོགས་རྒྱུན་དུ་ཚོགས་འཁོར་མཛད་པར་བླ་ལྷག་ཏུ་དགྱེས་པ་ཡིན་ལ་དམ་ཚིག་ཆགས་ཉམས་སྐོང་བར་ཚོགས་འཁོར་ལས་ལྷག་མེད་པས་ཁྱེད་ཅག་ཚོགས་འཁོར་ལ་འབད་དགོས་པ་ཡིན་ཞེས་ཡང་ཡང་གསུངས། མཆོད་མེ་ཉིན་མཚན་བདུན་མ་དང་མཚན་ཐུབ་སོགས་བཅུ་ཕྲག་ཁ་ཤས་ལྷ་ཁང་དུ་རྒྱུན་འཇོག་སྦར་བ་དང་། གཟིམས་ཁང་དུ་མཚན་ཐུབ་ཆུང་འབྲིང་རིགས་བཅུ་ཕྲག་ཁ་ཤས་རྒྱུན་མཆོད་དང་། ཉ་སྟོང་རྣམས་སུ་མཚན་ཐུབ་བརྒྱ་ནས་ལྔ་བརྒྱ་སྟོང་སོགས་སྐུ་གཤེགས་ཉིན་མ་བར་ཟད་མཐའ་མེད། དེ་བཞིན་ཞལ་ཟས་རྣམ་ལྔ་ཉེར་སྤྱོད་སོགས་ཀྱང་རྒྱུན་ཆད་མེད་ལ་སྒྲུབ་ཐེངས་རྣམས་སུ་ཡར་མར་དད་གཤིན་གྱི་མགོར་གཏན་ནས་ཕེབས་མི་མཛད་ཤིང་སྔོན་འགྲོའི་བསགས་སྦྱངས་ནས་མཚམས་གྲོལ་ཉིན་བར་སྒྲུབ་བླ་རྣམས་དང་ལྷན་དུ་བསྙེན་སྒྲུབ་ཉམས་བཞེས་མཛད་པས་སྔོན་འགྲོ་འབུམ་ལྔ་ཡང་ཚར་གཉིས་རེ་འགྲོ་ངེས་སུ་མཛད་པ་ཡིན་ནོ།
བཅོས་བསྒྱུར་སྐབས་གུང་ཁྲན་ནས་བླ་མ་མི་ཆེ་དཔོན་པོ་རྣམས་གཞུང་བསྡུད་བཙོན་འཇུག་བྱས་དུས་རྗེ་འདིས་གང་བྱུང་གི་དངོས་པོ་རྣམས་སྔར་ནས་སྤང་དག་གནང་ཟིན། ན་བཟའ་དང་སྐུ་ཆས་ནི་ཧྲུལ་པོ་ལས་མེད་ལ་འཚོ་བ་ནི་བྱ་འཚོ་ཙམ་གྱིས་བཞུགས་པས་སྤྲང་པོའི་དྲས་སུ་བཞག་པས་ཞྭ་མོ་དང་བཙོན་འཇུག་འཐབ་རྩོད་སོགས་ཀྱི་འོ་རྒྱལ་གཏན་ནས་མྱོང་མ་དགོས་ཤིང་སྐུ་ཡུལ་དུ་སྔར་གྱོན་བདག་མ་དཔལ་མོ་ཅན་རྩར་ཕེབས་ནས། ལྐོག་ཏུ་ཞལ་བཏོན་བཟླས་བརྗོད་ཉིན་བསྟར་སྔོན་འགྲོ་བཞི་སྦྱོར་དང་བླ་མའི་རྣལ་འབྱོར་ནས་ཆབ་གཏོར་དང་བསངས། སྡོམ་གསུམ་གསོ་སྦྱོང་དང་རྒྱུན་ཆགས་གསུམ་པའི་མདོ། རྒྱལ་བདེ་ཕག་གསུམ་དང་སྒྲོལ་དཀར། ཕུར་པ་དང་གྲོ་ལོད། གུར་དྲག་དང་གསོལ་ཁ་གཏོར་བསྔོ། གསུར་དང་གཅོད་ལུས་སྦྱིན་ཡང་སྒྲུབ་ཁང་དུ་བཞུགས་ནས་ཆད་མེད། བདེ་སྨོན་རིགས་དང་བཟང་སྤྱོད་སོགས་སྨོན་ལམ་རྣམ་ལྔ་། གཞན་ཡང་སྨྱུང་གནས་དཀར་པོ་ཆ་བརྒྱ་རྩ་ཅན་ལན་གྲངས། ཐར་མདོ་ཉིན་ཞག་གཉིས་མ་ལན་གྲངས་དང་བདུན་མ་ཐེངས་གཉིས་སོགས་ཚར་བརྒྱ་ཚོ་ཁ་ཤས། བཅོ་ལྔ་དང་གནམ་གང་ཤར་ལ་མར་མི་དྭགས་པོའི་བླ་སྒྲུབ་དང་མདོ་སྣ་མང་། མགུར་མཚོ་དང་རྒྱལ་བདེ་ཕག་མོའི་ཚོགས་འཁོར། གཞན་ཡང་མགོན་པོའི་བསྙེན་མཚམས་སོགས་བལྟ་སྤྱོད་བཀའ་བཏགས་ཀྱི་ཕྱག་རྒྱ་་བཞི་པོ་ཕྱག་ལེན་དུ་ཐེབས་པར་མཛད། གཤིན་གྱི་དཀར་ནག་ནི་གཏན་ནས་བཞེས་མི་མཛད་ནའང་སྙན་དུ་ཐེབས་ཚད་ལ་རྒྱང་འཕོ་རེ་དང་བསྔོ་སྨོན་འབྲེལ་བ་ཐོག་ཆོག་མའམ་ཡང་ན་བཟང་སྤྱད་སོགས་གསུང་བར་གནང་། གསོན་རིམ་སོགས་ལས་བྱུང་བའི་དངོས་པོ་རྣམས་ཀྱིས་སྐུ་རྟེན་གསེར་དངུལ་ལི་མ་སོགས་ལས་བྱས་པའི་དྲུག་བཅུའི་སྐོར་དང་ཐང་སྐུ་གསར་རྙིང་སྤུས་ལེགས་བརྒྱ་སྐོར། འབུམ་དང་བཀའ་མཛོད་སོགས་་གསུང་རྟེན་པོད་བརྒྱ་སྐོར། ཐུགས་རྟེན་གསེར་དངུལ་ཟངས་རག་ལི་མ་སོགས་ལས་གྲུབ་པའི་ཆུང་འབྲིང་རིགས་བཅུ་ཁ་དང་། ཡར་ཤིས་དྲི་མེད་རྣམ་གཉིས་མཆོད་རྟེན་ཆ་བརྒྱད་སོགས་བཞེངས་དང་བསྐུལ་མ་གཟུངས་བཞུགས་སྒྲུབ་པ་ཕྱག་ལེན་མཛད་པ་སོགས་ནི་སྟོང་ལ་ཉེ་བར་གྲུབ་པས་མ་ཟད་མཆོད་ཆས་གསེར་དངུལ་བཀྲ་མའི་དུང་རྒྱ་སྨན་རཀ་སོགས་སྤུས་ནམ་ལྡན་པ་ཆ་གྲངས། སྤྱན་གཟིགས་འཕེན་གདུགས་གྲལ་གདན་སོགས་གསར་བཞེངས་དང་བསླུས་པ་བཅས་ཀྱིས་ལས་ལེགས་པར་གྲུབ་པ་ཡིན་ནོ།
སླར་ཡང་བསྟན་དགོན་ཉམས་གསོའི་སྐབས་ཁེལ་བས་རང་དགོན་དཔལ་སྤུངས་སུ་ཕེབས་ནས་གོང་གསལ་གྱི་རྟེན་བཞེངས་དེ་ཚོ་སྒྲུབ་ཁང་གསར་པའི་ནང་དུ་བཞུགས་སུ་གསོལ། འཇམ་མགོན་ཀརྨ་བློ་གྲོས་ཆོས་ཀྱི་སེངྒེ་དང་བྱམས་མགོན་དོན་ཀུན་གྲུབ་རྣམ་གཉིས་ལ་ན་བཟའ་སྐུ་ཆས་ཡན་དང་མཆོད་ཆ་ལག སྐུ་གསུང་ཐུགས་ཀྱི་རྟེན་སྤུས་ནམ་ལྡན་པ་མང་ཙམ་སྔར་ཕྱིར་ཕུལ་ནས་སྨིན་གྲོལ་གྱི་དབང་དང་རྗེས་གནང་འགའ་ཡང་གསན་བཞེས་གནང་། བསྟན་བདག་སྐུ་མཆེད་རྣམ་གཉིས་ཀྱིས་ཀྱང་གུས་པ་ཆེན་པོས་མངོན་པར་བསྟོད་པའི་སྒོ་ནས་སྒྲུབ་སློབ་ཏུ་བཞུགས་པར་བསྐུལ་བ་ལྟར་སྒྲུབ་རེས་གསུམ་ཙམ་བཞུགས་པ་དང་། སྒྲུབས་ཐེངས་དེ་རྣམས་སུ་དབང་ཁྲིད་ཞལ་གདམས་འཐུས་ཚང་བར་སྩལ་བས་མ་ཟད་བསྙེན་སྒྲུབ་འཚོགས་ཕེབས་སོགས་སྒྲུབ་པ་རྣམས་དང་མཉམ་པོར་བགྱིས་ཤིང་། དགུང་གྲངས་བརྒྱད་བཅུ་ཡན་བསྒལ་དང་སྨྱུང་བབས་ཤིན་ཏུ་ལྕི་བ་རེ་བྱུང་བའི་ཚེ་ནའང་ཉིན་བསྟར་བརྒྱ་ཕྱག་དང་ཐུགས་དམ་གྱི་རིམ་པ་ནི་ཆད་མེད་དུ་གནང་མཛད་པ་ཡིན་ལ། དེ་ལྟར་ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པས།། སྒོམ་པ་ལ་ནི་རབ་ཏུ་སྦྱོར།། ཞེས་གསུངས་པ་ལྟར་རང་དོན་དུ་ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་ཡོངས་སུ་རྫོགས་ནས་འབྲས་བུ་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་གྱུར་ཅིང་། གཞན་དོན་འཁོར་ལོ་གསུམ་གྱི་ཕྲིན་ལས་སྐུ་ཚེ་འདི་ཉིད་དུ་རེ་ཞིག་མཐར་ཕྱིན་པའི་ཚུལ་གྱིས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་སྤྱི་ལོ ༡༩༩༣ ལོར་གཟུགས་སྐུའི་བཀོད་པ་ངོ་མཚར་བའི་རྟགས་དུ་མ་དང་བཅས་ཡོངས་སུ་བསྡུས་པའི་ཚུལ་བསྟན་པས།
དགོངས་རྫོགས་མཆོད་འབུལ་ནི་སྒྲུབ་སྡེ་འོག་མའི་སྒྲུབ་པ་རྣམས་ཀྱིས་བསྒྲུབས་པ་དང་ནང་གི་གདུང་རྟེན་གསེར་ཟངས་བརྒྱན་ལྡན་མི་ཚད་མ་དུས་འགྱུར་སྐབས་ཤི་སྲོག་འབེན་ལ་བཟུང་བས་སྐུ་གསུང་ཐུགས་རྟེན་མང་པོ་སྦས་སྐུང་དང་བསྟན་ལ་ལྷག་བསམ་བྱས་རྗེས་བླ་ན་ཆེ་བའི་རྟ་ནོར་སོགས་སློབ་འབངས་སྤྱི་ནས་བཞེངས། ཕྱི་ཡི་གདུང་རྟེན་ནི་ལས་སྨོན་རྟེན་འབྲེལ་ཟབ་མོས་གདུང་རུས་ཆ་ཚང་ཁོ་བོའི་ལག་ཏུ་འབྱོར་བས་ཐོག་བརྩེགས་གསུམ་ཙམ་ཅན་གྱི་རྣམ་རྒྱལ་མཆོད་རྟེན་ཞིག་གདན་ས་རང་དུ་བཞེངས་གྲུབ་པ་ཡིན། གཞན་ཡང་རྗེ་འདི་ཡི་བཀའ་མངག་ལྟར་ཁོ་བོས་ལོ་མང་རིང་འབད་པ་ཆེན་པོས་དཔལ་སྤུངས་ཀུན་རིག་སྒྲུབ་ཁང་གསར་དུ་བསྐྲུན་པས་བླ་མ་ཀརྨ་རྒྱལ་གྱི་བཀའ་དྲིན་ལས་སྒྲུབ་ཐེངས་མང་ཙམ་ལམ་སློང་དུ་སོང་ཤིང་། དཔལ་སྤུངས་ཆོས་ཁྲི་ཐང་གི་མཆོག་གླིང་བཀའ་བབས་མཆོད་རྟེན་གསུམ་དང་ཁང་བརྩེགས་ཚ་ཁང་མཆོད་རྟེན་བཅས། འཛིང་འགག་དུ་དབང་མཆོག་བཀའ་བབས་དགོན་གྱི་བྱད་བཟློག་གདུགས་དཀར་རྡོ་སྐུ་ཐོག་བརྩེགས་མ་སོགས་བླ་མ་རིན་པོ་ཆེའི་བཀའ་བཞིན་ལེགས་པར་གྲུབ་པ་ཡིན་ལ་འཕྲོས་དོན་ཙམ་དང་། སློབ་མའི་ཚོགས་མདོ་དབུས་འཇང་རྒྱལ་རོང་སོགས་ལ་དོན་གཉིས་གྲུབ་པ་མང་རུང་གཙོ་བོ་ནི་རང་དགོན་དཔལ་སྤུངས་ཀྱི་མཁན་ཆེན་ཚུལ་ཁྲིམས་བཟང་པོ་དང་མཁན་བློ་ཆོས། རི་བ་རྟོགས་ལྡན་དང་བླ་མ་ཀུན་བཟང་རྣམ་རྒྱལ་སོགས་མཁས་བཙུན་བཟང་པོས་བསྟན་འགྲོའི་དོན་ཆེན་འགྲུབ་པའི་མཁན་སློབ་མང་པོ། འཇང་སྒྲུབ་དཀར་སྤྲུལ་སྐུ་དང་རི་བ་ཐུབ་རྒྱལ་སྤྲུལ་སྐུ། རྟག་བརྟན་མུ་ར་སྤྲུལ་སྐུ་སོགས་བསྟན་འགྲོའི་དོན་ལ་བསམ་བཞིན་དུ་སྐྱེ་བ་བཞེས་པའི་སྤྲུལ་སྐུ་མང་པོ། གཞན་ཡང་མཁས་དབང་ཁྲོ་རུ་ཚེ་རྣམ་དང་ཐང་བླ་ཚེ་དབང་། མཁན་ཚེ་དབང་རབ་བརྟན་དང་གཏེར་སྲས་མཐུ་སྟོབས། བླ་མ་ཀརྨ་རྣམ་རྒྱལ་སོགས་ཀྱིས་བསམ་མི་ཁྱབ་པའི་བསྟོད་བསྔགས་དང་བཅས་དབང་ལུང་ཁྲིད་སོགས་ཅི་རིགས་པ་ཞུས་ཤིང་ཞབས་ལ་བཏུགས་པ་ཡིན་ཏེ། ཁྱད་པར་བྱམས་མགོན་སི་ཏུ་སྐུ་ཕྲེང་བཅུ་གཉིས་པས་ཀྱང་དབང་དང་ཆོས་འབྲེལ་མཛད་པ་ཡིན་ལ་དེ་འདྲའི་རིགས་ནི་གྲངས་ཀྱིས་ཆོད་པ་མ་ཡིན། བླ་མ་ཚེ་དབང་ལས་ལྷ་བྲིས་དང་མཁན་ཚེ་དབང་རབ་བརྟན་ལས་ནག་རྩིས་དང་མཆོད་རྟེན་ལག་ལེན་སོགས་བསླབས་པས་ཕན་ཚུན་ཐུགས་ཧ་ཅང་གཤིན། གསུང་ཚོགས་ནི་དབང་ལུང་འཆད་ཁྲིད་ཁོ་ནས་དུས་འདའ་བར་མཛད་པས་ཚིག་རིས་སྐམ་པོའི་ལོ་མ་མི་འབྱུང་བས་རྒྱ་ཆེར་མི་བཞུགས་མོད་ཉམས་མགུར་ཚན་པ་རེ་ཟུང་མཇལ་བས་འཕགས་ཡུལ་མཁས་པའི་དོ་ཧཱ་རྣམས་དང་དབྱེར་མི་ཕྱེད་པར་སྣང་ངོ་།
སྤྱིར་ཡང་རྗེ་འདི་ཉིད་ཀྱིས་ལམ་རྟགས་ཀྱི་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་ལྟར་ལས་ཕྱི་ཚུལ་དུ་ཤིན་ཏུ་མངོན་པར་མི་མཛད་ནའང་། ཞར་དང་ཞོར་ལ་བསྟན་དང་དེ་འཛིན་རྣམས་ལ་འབྱུང་འགྱུར་གསུངས་པ་དག་ནི་དེང་སང་པར་བཏབས་པ་ལྟར་སྣང་བས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྲིབ་གཡོས་དང་བྲལ་བ་ཉིད་མངོན་དུ་གྱུར་པར་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཞེས་ཟླས་དབྱེར་བའི་གོ་འཕང་དུ་གྱུར་པའི་འབྲས་རྟགས་ཡང་དག་ཏུ་གོར་མ་ཆག་ཞིང་དེ་རིགས་ནི་གནས་སྐབས་སུ་བཏང་སྙོམས་སུ་བཞག་ལ། དེ་ལྟར་བླ་མའི་རྣམ་ཐར་རགས་ཙམ་ཞིག་བཀོད་པ་ལས་ཞིབ་ཅིང་རྒྱས་པ་ནི་སླད་ནས་འགོད་པར་འགྱུར་ལ་བརྗོད་བྱ་ཚིག་གི་སྦྱོར་སྡེབ་ཡན་ལ་ཕལ་སྐད་ཇི་ཐོན་དང་ས་བཅད་སོགས་ཀྱི་སྤྲོས་པ་ཡོངས་སུ་དོར་བར་བྱས་ནས་གནས་སྐབས་རང་མཉམ་གྱི་བླུན་རྒན་རྣམས་ལ་གོ་བདེ་གཙོར་འདོན་དུ་དམིགས་ཏེ་བཀའ་འབངས་ཀྱི་ཡང་ཐ་ཨ་མཆོག་གམ་རྗེ་དེ་ཉིད་ཀྱིས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་སྩལ་སྐབས་སུ་གནང་བའི་བྱང་ཆུབ་སེམས་དཔའ་བཀྲ་ཤིས་དོན་འགྲུབ་ཏུ་འབོད་པ་དེས། རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་ལོར་མདོ་ཁམས་དར་རྩེ་མདོར་ཞིང་ཆེན་བོད་ཡིག་ལྔ་རིག་སློབ་གླིང་ནས་བླ་མ་དྲན་པའི་རྐྱེན་ལ་བརྟེན་ནས་ཤར་མར་ཆུ་ཚོད་ཕྱེད་ཙམ་གྱི་རིང་ལ་བྲིས་པ་ལགས་ན་ཚིག་གི་དག་སྡེབ་དང་གོ་རིམ་འཆོལ་བ། དོན་ལ་འགལ་འཕྲུལ་བྱུང་རིགས་ཐམས་ཅད་གཟུར་གནས་བློ་ལྡན་སྤྱི་དང་བླ་མ་ལ་བཤགས་ཤིང་ལེགས་པའི་ཆ་དང་རྣམ་དཀར་གྱི་དགེ་བ་གང་མཆིས་པ་དེས་སྐྱེ་དང་ཚེ་རབས་ཀུན་ཏུ་བླ་མ་རྗེ་ཡིས་དགྱེས་བཞིན་རྗེས་སུ་འཛིན་ནས་ས་དང་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་རྒྱུར་གྱུར་ཅིག
སྨྲས་པ།
མཚུངས་མེད་བླ་མའི་རྣམ་ཐར་ཆ་ཤས་ཙམ།།
བདག་འདྲས་བརྗོད་ལ་མཁས་རྣམས་དགྱེས་མིན་ཏེ།།
འོན་ཀྱང་རང་མཉམ་འགའ་ལའང་ཕན་སྙམ་བགྱིད།།
འབད་སོགས་རྣམ་དཀར་དམིགས་པ་མེད་པས་མཆོད།།
སླར་ཡང་མཁྱེན་པའི་སྤྱན་རས་ཡངས་པའི་བསྟན་པའི་རྩ་ལག་དམ་པ་དབོན་སྤྲུལ་རིན་པོ་ཆེས་འཕྲིན་ཕྲན་གྱི་ལམ་ནས་ཡང་ཡང་བསྐུལ་མ་མཛད་པ་ལྟར་ཤིན་ཏུ་བྲེལ་ཟིང་ཆེ་ནའང་སྔར་རྩོམ་ལ་ཕྲན་བུའི་སྣོན་་འཕྲི་དང་བཅས་ཤར་ཕྱོགས་ཤང་ཀང་ནས་རིམ་པར་སེངྒེའི་གླིང་ནས་གྲུབ་པར་བགྱིས་ཏེ་འདུ་ཤེས་གསུམ་པ་གཞན་ཕན་བསྟན་པའི་མར་འབོད་པས་ཕུལ་བ་ཉིད་བཀྲ་ཤིས།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
-
༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་མཛད་རྣམ།
-
འཛི་སྒར་བླ་མ་དབང་རྡོར་རིན་པོ་ཆེའི་རྣམ་ཐར།
-
མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་མཆོག་གི་མཛད་རྣམ།
-
མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་མཛད་རྣམ།