ང་ཏག་ཏག་ལོ་གཉིས་ལ་བཙོན་དུ་བཅུག་སོང་།
ང་ཏག་ཏག་ལོ་གཉིས་ལ་བཙོན་དུ་བཅུག་སོང་།
“ངའི་མིང་ལ་བསྟན་པ་བློ་གྲོས་སུ་འབོད་ཅིང་། པིར་མིང་ལ་གངས་འཁྱམ་དུ་འབོད། ཕ་ཡུལ་ཆབ་མདོ་དཔལ་འབར་ནས་ཡིན། ད་ལྟ་གྱོན་ཆས་ཚོང་ཁང་ཞིག་གཉེར་གྱིན་ཡོད། དེའི་ཞོར་ཡར་མར་དུ་སོང་ནས་སྨན་རྩྭ་དང་རླངས་འཁོར་གྱི་ཚོང་རྒྱག་པ་དང་། ལུང་ཁོག་ཏུ་སོང་ནས་ཅ་ལག་འཚོང་གིན་ཡོད།”
“ང་སྔོན་མ་གྲྭ་བ་ཞིག་ཡིན། མདོ་སྨད་དཔལ་ཡུལ་བཤད་གྲྭ་དང་བླ་རུང་སོགས་སུ་སློབ་སྦྱོང་གང་འཚམས་རེ་བྱས་མྱོང་། ང་རང་རྩོམ་རིག་ལ་ཧ་ཅང་དགའ་བོ་ཡོད་པས། སློབ་ཞོར་དུ་ངས་ད་རུང་གསར་རྩོམ་ལ་སྦྱང་བ་བྱས་ཏེ་ཁྲིན་ཏུའུ་རུ་དུས་དེབ་གཅིག་དང་སྒེར་དེབ་གཉིས་ཀྱང་ཕུད་མྱོང་།”
ད་སྐབས་ཚོང་ག་འདྲ་འདུག
“ཚོང་བྲིན་པོ་མི་འདུག སྤྱིར་ང་ལ་མ་རྩ་མང་པོ་མེད། དེའི་ཐོག་ངས་ཆབ་སྲིད་བཙོན་མ་ཞིག་གི་མིང་འཁུར་ཚར་ཡོང་དུས། ཚོང་ལས་གཉེར་བར་བཀག་རྒྱ་མང་པོ་ཞིག་ཐེབས་ཡོང་གི་འདུག དཔེར་ན་ང་ས་གནས་གཞན་པར་འགྲོ་དགོས་དུས་དུས་བཀག་གི་དགོངས་པ་ཞུ་དགོས་ཀྱི་ཡོད། དུས་ཆེན་སོགས་སུ་དགོངས་པ་ཡང་མི་རེག་པ་ཧ་ཅང་མང་། ”
རེད་རེད། དང་ཐོག་ཁྱེད་རང་བཙོན་དུ་བཟུང་བའི་སྐོར་ནས་ཁ་བརྡ་ཞིག་བྱོས་དང་།
“གྲྭ་ལོག་བྱས་རྗེས་ངས་དབྱར་རྩྭ་དགུན་འབུ་འདང་ཙམ་བུ་ལོན་དུ་བླངས་ཏེ། ལྷ་སར་སོང་ནས་བོད་ཡིག་གི་པར་ཁང་ཞིག་བཙུགས་པ་ཡིན། ཡིན་ན་ཡང་ཡུན་རིང་བོ་མ་འགོར་བར་གཞུང་ཕྱོགས་ནས་ངས་དཔར་བའི་དཔེ་དེབ་དེ་དག་ལ་ཆབ་སྲིད་ཀྱི་གནད་དོན་འདུག་ཟེར་ནས་ཏག་ཏག་ལོ་གཉིས་ལ་བཙོན་དུ་བཅུག་སོང་།”
བཙོན་དུ་བཟུང་རིང་། ཁྱོས་བརྗེད་ཐབས་མེད་པའི་དོན་དག་ཅི་ཞིག་རེད།
“བཙོན་ཁང་ནང་གི་འཇིགས་ཡེར་བའི་བྱ་སྤྱོད་དག་བརྗེད་རྒྱུ་ཞིག་མི་འདུག ད་ལྟ་ཡང་ངའི་རྨི་ལམ་ནང་དུ་ང་རང་འཛིན་བཟུང་བྱེད་པ་རྨིས་ནས་འཇིགས་སྐྲག་སྐྱེས་ཡོང་གིན་འདུག དེ་མིན་བཙོན་ཁང་དུ་ལས་དབང་གཅིག་པའི་བཙོན་གྲོགས་འགའ་ཡོད། དེ་ཚོ་ངས་བརྗེད་ཐབས་མི་འདུག ”
རེད་རེད། མ་འོངས་པར་ཁྱོད་ལ་འཆར་གཞི་ཅི་འདྲ་ཡོད།
“ང་རང་ཚོང་ལས་ལ་དམིགས་བསལ་དགའ་པོ་ཡོད་མཁན་ཞིག་ཡིན། མ་འོངས་པར་གྲོགས་པོ་འགའ་དང་མཉམ་དུ་ཞིང་འབྲོག་མཉམ་སྡེབ་ཚོང་ཁང་ཞིག་གཉེར་ཐུབ་ན་བསམ་ཡོད།”
ད་སྐབས་གྲྭ་རྐྱང་གི་འཚོ་བ་དྲན་གྱི་འདུག་གམ།
“དྲན་གྱི་འདུག ལོ་ཟླ་དེ་དག་ཏུ་ང་ལ་ཐོབ་བྱ་ཅུང་ཟད་ཡོད་རེད། གྲྭ་རྐྱང་གི་ལོ་ཟླ་དེ་དག་ནི་བཙོན་ཁང་གི་འཚོ་བ་དང་ད་ལྟའི་འཚོ་བ་སོགས་དང་ཡེ་ནས་མི་འདྲ་བར་འགན་མེད་འཁུར་མེད་ཡིན་པས་སྐྱིད་པོ་བྱུང་། ཡིན་ན་ཡང་ངས་ཡོད་ཚད་ལ་འཁང་ར་བྱེད་ཀྱི་མེད་ལ། ཡིད་སྨོན་ཡང་སྐྱེ་ཡི་མེད།”
ད་སྐབས་སྣང་བ་མཐུན་སའི་ཞི་མོ་འདྲ་ཨེ་ཡོད།
“ཡོད། ཡོད།”
དང་ཐོག་ཁྱོད་གཉིས་ཇི་ལྟར་འགྲིག་སོང་།
“ངེད་གཉིས་ངོ་ཤེས་ནས་ལོ་མང་པོ་འདྲ་རེད། ང་གྲྭ་བ་ཡིན་དུས་ནས་ངོ་ཤེས་པ་ཡིན། ངེད་གཉིས་ཐོག་མར་ངོ་ཤེས་ནས་གྲོགས་པོ། དེ་ནས་དགའ་རོགས་སུ་ཆགས་སོང་། ད་དུང་ཚེ་རོགས་སུ་མི་འགྱུར་བའི་ངེས་པའང་མེད།”
ས་གནས། ཆབ་མདོ། དཔལ་འབར།