ལུས་སེམས་བདེ་ཐང་འདོད་ན་རླུང་སྦྱོང་ལ་འབད་རོགས།
ལུས་སེམས་གཉིས་ཀ་བདེ་ཐང་འདོད་ན་རླུང་སྦྱོང་ལ་འབད་རོགས།
འདས་པའི་ལོ་མང་ལ་བོད་པའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་བཞིན་པའི་རླུང་སྦྱོང་ངམ་‘རླུང་སྦྱོར’ཡོ་གྷ་ (Yoga) ཡི་སློབ་དཔོན་བློ་བཟང་ཡོན་ཏན་ལགས། ད་ལོ་སླར་ཡང་ཕྱི་རྒྱལ་ནས་རྒྱ་གར་ནང་ཆེད་ཕེབས་གནང་སྟེ། དྷ་སར་རམ་ས་ལའི་པདྨ་ཐང་གི་རླུང་སྦྱོང་ཚོམས་ཁང་དུ། ཉིན་ལྟར་ཞོགས་པའི་ཆུ་ཚོད་གཉིས་ཀྱི་རིང་དྷ་སའི་བོད་མི་ཚོར་རིན་མེད་ཐོག་རླུང་ སྦྱོང་སློབ་ཁྲིད་གནང་གི་འདུག
གསར་འགོད་པ་ཆེད་དུ་རྒན་བློ་བཟང་ཡོན་ཏན་ལགས་ཀྱི་གམ་དུ་བཅར་ཏེ། རྒན་ཁོང་གིས་རླུང་སྦྱོང་འདི་ཐོག་མ་ག་དུས་ནས་སྦྱངས་བ་དང་ཐོག་མའི་དམིགས་ཡུལ་ ག་རེ་ཡིན་པ་དྲིས་པར། ཁོང་གིས་འདི་ལྟར་ངོ་སྤྲོད་གནང་བྱུང་། ང་སྐྱེས་ཡུལ་ལྷོ་བྲག་རེད། ཟླ་གསུམ་ཙམ་ཡིན་དུས་ངའི་ཕ་མ་གཉིས་རྒྱ་གར་དུ་ཡོང་པ་དང་། ༡༩༧༧ ལོར་ང་དྷ་རམ་ས་ལའི་མཚན་ཉིད་སློབ་གྲྭར་འཛུལ་བཞུགས་བྱས་ནས་ལོ་ ༡༥ རིང་སློབ་སྤྱོང་བྱས་པ་དང་ཆབས་གཅིག དགེ་རྒན་སེ་ར་སྨད་གྲུབ་ཐོབ་རིན་པོ་ཆེ་ལ་ཞབས་ཞུ་ཞུས་པ་རེད། ༡༩༨༣ ལོ་ནས་རྒན་རིན་པོ་ཆེ་དང་མཉམ་དུ་ཨི་ཊ་ལིར་ཐེངས་མང་པོ་ཞིག་ལ་ཕྱིན་པ་ཡིན། སློབ་སྦྱོང་ཕར་ཕྱིན་རབ་འབྱམས་པ་དང་དབུ་མ་རབ་འབྱམས་པ་ཐོན་པ་རེད། ༡༩༩༩ ལོར་རྒན་རིན་པོ་ཆེ་དགོངས་པ་རྫོགས་རྗེས་ང་འདི་ནས་ལོ་གཉིས་ལྷག་ལ་བསྡད་པའི་ སྐབས་ལ་ང་ལ་མཆིན་པའི་ན་ཚ་བྱུང་སོང་། སྐབས་དེ་དུས་སྤྱི་ཚོགས་ནང་ནད་ཚ་དེ་བྱུང་བ་ཡིན་ན་སང་ཉིན་ཤི་རྒྱུ་ཡིན་པ་འདྲ་ བོ་ལབ་ཀྱི་ཡོད་པ་རེད། སྐབས་དེར་ངས་ཉི་མ་ལྔ་དྲུག་ཅིག་ལ་ཕྱི་ལུགས་སྨན་ཟས་ཀྱང་སྨན་དེ་གཟུགས་པོར་ འཕྲོད་ཀྱི་མི་འདུག ནམ་རྒྱུན་ཕྱི་ལུགས་སྨན་དེ་ངའི་གཟུགས་པོར་འཕྲོད་ཀྱི་མེད་པ་མ་ཟད། ང་རང་སྒེར་ལ་ཡིད་ཆེས་ཀྱང་དེ་ཙམ་མེད་སྟབས་མཚམས་བཞག་པ་ཡིན། རྗེས་སུ་ཨེམ་ཆི་རྟ་མགྲིན་ལ་བསྟན་ནས་བོད་སྨན་ལོ་གཉིས་ལ་ཟས་པ་དང་མཉམ་དུ་ཟས་བཅུད་ལ་དོ་སྣང་ཆེན་པོ་བྱས་པ་ཡིན། ངས་ཐོག་མ་ ༢༠༠༢ ལོར་ (Aastha)བརྙན་འཕྲིན་བརྒྱུད་ནས་ཡོ་གྷའི་བླ་ཆེན་བཱ་བཱ་རམ་གྱི་རླུང་སྦྱོང་དེ་ མཐོང་ནས་ཡོ་གྷའི་ཕན་ཡོན་ དེས་ངའི་ཡིད་འཕྲོག་སོང་། གང་ཡིན་ཞེ་ན། ང་འཚར་ལོངས་བྱུང་ས་རྒྱ་གར་ཡིན་དུས་ངས་ཧིན་དྷིའི་སྐད་ཡག་པོ་ཤེས་ཀྱི་ཡོད། དེ་ནས་ང་ཧྭ་རི་ཡ་ན་(Haryana)ཕྱིན་ནས་བཱ་བཱ་རམ་ལ་མཇལ་ནས་ཁོའི་ཟབ་སྦྱོང་དེ་ འདྲར་འཛུལ་ཞུགས་བྱས་པ་དང་། རྗེས་སུ་བཱ་བཱ་རམ་གྱི་དེབ་དང་འོད་སྡེར་མང་པོ་ཉོས་ནས་ལོ་ལྔའི་རིང་ལ་ངས་པདྨ་ ཐང་འདི་ནས་རླུང་སྦྱོར་ཐོག་རང་སྦྱོང་བྱས་པ་ཡིན། ང་རང་གིས་རླུང་སྦྱོར་ཉམས་ལེན་བྱས་པ་ལ་བརྟེན་ཏེ་ངའི་མཆིན་པའི་ནད་ཚ་དེ་རྩ་བ་ ནས་དྲེག་སྐྱེད་བྱུང་སོང་། ད་ལྟ་ཧ་ལམ་ང་ལ་མཆིན་པའི་ནད་ཚ་ཤུལ་ཙམ་ཡང་མེད་པ་ཆགས་ཡོད། ༢༠༠༧ ལོ་ཙམ་ནས་བཟུང་ངས་བོད་པའི་དགེ་འདུན་པའི་སྡེ་གཙོ་བོ་བྱས་ཏེ། མི་མང་ལ་ངོ་སྤྲོད་བྱེད་མགོ་བཙུགས་པ་ཡིན། ཞེས་གསུངས་སོང་།
དེང་སྐབས་འཛམ་གླིང་ཐོག་ཡོ་གྷ་ཟེར་བ་འདི་ཧ་ཅང་དར་ཁྱབ་ཆེན་པོ་ཡིན་ཡང་། བོད་པའི་སྦྱི་ཚོགས་དང་ཕྱི་རྒྱལ་ཁག་ཏུ་ངོས་འཛིན་དང་གདེང་འཇོག་གང་འདྲ་ཡོད་ མེད་དྲིས་པའི་ལན་ཏུ། ཁོང་གིས། ཐོག་མ་ ༢༠༠༧ ལོ་ནས་ངས་སྤྱི་ཚོགས་ལ་སློབ་ཁྲིད་མགོ་བཙུགས་པ་དེ་ཐོག་མ་དགོན་སྡེ་ཁག་གི་གྲྭ་ བ་ཚོར་དོ་སྣང་ཞེ་དྲག་འདུག ལྷག་པར་དུ་བརྒྱུད་སྟོད་ཕྱག་མཛོད་འཇམ་དཔལ་རྒྱ་མཚོ་ཡིན་པའི་སྐབས་ལ། ཕྱག་མཛོད་ཁོ་རང་མི་གུ་ཡངས་པོ་དང་རླུང་སྦྱོར་ལ་དོ་སྣང་ཆེན་པོ་ཡོད་སྟབས། ཁོང་གིས་ང་སྐད་བཏང་སྟེ་དགོན་པའི་ཚོགས་ཡུན་རིང་རླུང་ སྦྱོར་དེ་ངོ་སྤྲོད་བྱེད་བཅུག་སོང་། བརྒྱུད་སྟོད་དགོན་པས་སྦྱིན་བདག་འོག་བརྙན་ཕབ་(CD)་ཁྲི་ ༤ ཙམ་བཏོན་པ་རེད། དེ་དག་གིས་བོད་པའི་སྤྱི་ཚོགས་ནང་ནུས་པ་ཆེན་པོ་ཐོན་ཏེ། ༢༠༠༨ ལོ་ནས་ ༢༠༠༩ ལོའི་བར་ལ་བོད་པའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་ཞེ་དྲགས་གནང་སོང་། དེའི་རྗེས་ ༢༠༡༠ ལོར་སེ་ར་བྱེས་འཕྲོད་བསྟེན་གྱིས་ང་ལ་འབོད་སྐུལ་གནང་བ་ལྟར་ཕྱིན་པ་ཡིན། སྐབས་དེར་དགེ་འདུན་པ་ ༡༨༠༠ ལྷག་ལ་བདུན་ཕྲག་གཅིག་རིང་འཕུལ་བ་ཡིན། དེ་དུས་སེར་བྱེས་འཕྲོད་བསྟན་ཚན་པས་བརྙན་བླངས་ཡོད་སྟབས། དེང་སང་འོད་སྡེར་དེ་ཚོ་འཚོང་གི་འདུག ༢༠༡༡ ལོར་ཤེས་རབ་གླིང་གིས་སྐད་བཏང་སྟེ་སློབ་གཉེར་གནང་མཁན་ཚོར་ཁྲིད་པ་ཡིན། རྗེས་སུ་ཁོ་ཚོས་ཀྱང་ངའི་རླུང་སྦྱོར་བརྙན་བླངས་ཏེ་ཐེ་ཝན་ནས་དཔར་སྐྲུན་སྤུས་ དག་པོ་བཟོས་འདུག ཁོང་ཚོའི་དམིགས་ཡུལ་དེ་བོད་ནང་གཏོང་རྒྱུ་དེ་རེད། ཅེས་གསུངས་སོང་།
ཁོང་གིས་མུ་མཐུད་དུ་གསུངས་དོན། རིམ་པས་ང་ཕྱི་རྒྱལ་ཁག་ལ་སོང་ནས་སློབ་ཁྲིད་བྱ་རྒྱུ་མགོ་བཙུགས་པ་ཡིན། ཨི་ཊ་ལི་དང་སུད་སི། ཧྥ་རན་སི། སི་པན་སོགས་ལ་འགྲོ་བཞིན་ཡོད། ཕྱི་རྒྱལ་དེ་ཚོར་རྒྱ་གར་ལྟ་བུའི་དུས་ཚོད་མང་པོ་མེད་སྟབས། གཟའ་སྤེན་པའི་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ པ་ནས་ཉིན་གུང་ཆུ་ཚོད་ ༡ པའི་བར་འཁྲིད་ཀྱིན་ཡོད། གཅིག་ནས་ང་བོད་པ་ཡིན་པ་དང་། གཉིས་ནས་ང་ནང་པ་ཡིན་པ། གསུམ་ནས་ང་གྲྭ་པ་ཡིན་པ་བཅས་ལ་བརྟེན་ཏེ་ཁོ་ཚོས་ང་ལ་དགའ་བོ་ཞེ་དྲགས་བྱེད་ཀྱི་ འདུག ཅེས་གསུངས་སོང་།
སྤྱིར་བཏང་སྒོམ་སྦྱོ ང་འདིའི་རིགས་ལ་རླུང་སྦྱོང་དང་། ལུས་སྦྱོང་། སེམས་སྦྱོང་ཟེར་བའི་རིགས་ཁ་ཤས་ཡོད་པའི་སྐོར་དྲིས་པར་ཁོང་གིས། ད་ལྟ་ངས་འཁྲིད་བཞིན་པ་འདི་ནི་བཱ་བཱ་རམ་གྱི་རླུང་གི་སྦྱོར་བ་ལ་བརྟེན་ནས་ལུས་ ཁམས་གསོ་བ་དང་། རླུང་གི་སྦྱོར་བ་ལ་ བརྟེན་ནས་སེམས་ཁམས་གསོ་བ་ཟེར་བ་དེ་རེད། རླུང་གི་སྦྱོར་བ་ལ་བརྟེན་སེམས་པ་ཁམས་བདེ་སྐྱིད་ཡོང་བ་བྱེད་པ་སོགས་རེད། དེ་བཞིན། མཆིན་པའི་ནད་ཀྱིས་མནར་པ་དང་མཁལ་མའི་ནད་ཀྱིས་མནར་བ། ཁྲག་ཤེད་ཀྱིས་མནར་བ། ཕོ་བ་མི་བདེ་བ། ལྒང་བ་དང་མཚེར་བ་ན་བ། བུད་མེད་ཀྱི་ནུ་མའི་ན་ཚ་དང་གྲང་བའི་ན་ཚ་སོགས་ལ་རླུང་སྦྱོར་ ‘པྲནཱཡཱམཱ’ ཞེས་པ་འདི་ཧ་ཅང་ཕན་པོ་ཡོད་པ་དང་། རླུང་སྦྱོར་མུ་མཐུད་དུ་ལག་ལེན་བྱས་ན་མིའི་སེམས་ཁམས་དེའང་བདེ་རུ་ཕྱིན་ནས་ རིག་པ་གསལ་དུ་འགྲོ་བ་དང་། རང་བཞིན་གྱིས་ཞི་ཞིང་དུལ་བ་ཡོང་གི་རེད། ‘པྲནཱཡཱམཱ’ རྩེ་ན་ལུས་ཁམས་དང་སེམས་ཁམས་གཉིས་ཀ་གསོ་ཐུབ་པ་ཞིག་རེད། དེའི་ནང་གི་རེ་རེ་སྦྱོང་དུས་བསམ་བློ་མི་འདྲ་བ་རེ་རེ་གཏོང་དགོས་ཀྱི་ཡོད་པ་ རེད། བཱ་བཱ་རམ་ཁོ་རང་ཕྱི་རོལ་བ་ལྟ་བུ་ཡིན་ཡང་ངས་དེའི་ངོ་བོ་ནང་པའི་བསླབ་བྱ་དག་ལ་ སྦྱར་ནས་ནང་ཆོས་ཀྱི་ལྟ་བའི་ཐོག་ནས་འཁྲིད་ཀྱིན་ཡོད། དེ་འདྲ་བྱས་དུས་ཕན་པོ་དང་དགའ་བོ་ཞེ་དྲགས་བྱེད་ཀྱིན་འདུག ཅེས་གསུངས་སོང་།
རླུང་སྦྱོར་འདི་ལ་ནང་གསེས་རིགས་ག་ཚོད་ཡོད་པ་དྲིས་པར་ཁོང་གིས། ངའི་ངོ་སྤྲོད་བྱེད་བཞིན་པའི་རླུང་སྦྱོར་དེ་ལ་ཚན་པ་བདུན་ནམ་བརྒྱད་ཡོད་པ་དང་། རླུང་སྦྱོར་དང་པོས་དབུགས་གསོག་གི་ན་ཚའམ་གློ་བའི་ན་ཚ་ལ་ཧ་ཅང་གིས་ཕན་པ་དང་། རླུང་སྦྱོར་གཉིས་པས་མཆིན་པའི་ནད་གཙོ་བྱས་ཏེ་ནད་རིགས་མང་པོར་ཕན་པ་རེད། རླུང་སྦྱོར་གསུམ་པ་དེས་ཕོ་བ་གཙོ་བོར་ཕན་པ་རེད། བཞི་བས་ཁྲག་ཤེད་ན་ཚ་ལ་ཤིན་ཏུ་ཕན་པ་དང་། ལྔ་བ་དེ་མིད་པའི་ན་ཚར་ཕན་པ། དྲུག་པ་དེས་སྲོག་རླུང་དང་སྙིང་རླུང་གི་ན་ཚར་ཕན་པོ་ཡོད་པ་རེད། བདུན་པ་དེས་ཚེ་ རིང་རྒྱུར་ཕན་པོ་ཡོད་པ་དང་། བརྒྱད་པ་ ‘ཨོ་དྷི་གྷི་དྷི་པྲནཱཡཱམཱ’ ཟེར་བ་དེས་ལུས་སེམས་གཉིས་ཞི་འཇམ་ཡོང་རྒྱུར་ཕན་པ་རེད། རླུང་སྦྱོར་དེ་དག་ལག་ལེན་བྱས་སྐབས་ལུས་སྦྱོང་དེ་ངེས་པར་དུ་རྩེད་དགོས་པ་རེད། ཅེས་གསུངས་སོང་།
རྒན་བློ་བཟང་ཡོན་ཏན་ལགས་སུ་རླུང་སྦྱོང་ལག་བསྟར་བྱེད་པར་འཛེམ་བྱ་དང་དོ་སྣང་ བྱེད་དགོས་པ་གང་དག་ཡོད་མེད་དྲིས་པར་ཁོང་གིས། “འཛེམ་བྱ་དེ་དག་དཔེར་ན་བུད་མེད་ཚོར་མཚོན་ན། མངལ་ཆགས་པའི་དུས་དང་ཟླ་མཚན་འབབ་པའི་དུས། མི་ཁ་ཤས་ཁྲག་ཤེད་དམའ་བ་དང་། ཡང་ན་ཧ་ཅང་མཐོ་ བའི་རིགས། དེ་བཞིན་དུ་གཤག་བཅོས་བཏང་མ་ཐག་བཅས་ཀྱིས་རླུང་སྦྱོར་གཉིས་པ་ ‘ཀཔཱལབྷཏི’ དེ་རྩེད་རུང་གི་མ་རེད། དེ་ནས་ཁ་ལག་གི་ནང་ལ་ཡང་འཛེམ་བྱ་མང་པོ་ཞིག་ཡོད་པ་དཔེར་ན། དེ་ནས་རླངས་རྫས་ཡོད་པའི་ངར་ཁུ་རིགས་དང་ཁ་ཚ་བའི་རིགས། དེ་བཞིན་དུ་ཆང་རག་དང་ཐ་མག་ཤུགས་ཆེན་པོ་འཐེན་པ་སོགས་ལ་འཛེམ་དགོས་པ་རེད། ཅེས་གསུངས་སོང་།
མཇུག་ཏུ་ཁོང་ལ། ཕྱི་རྒྱལ་བ་དང་བོད་པའི་ལུས་སེམས་ཀྱི་འཕྲོད་བསྟན་གནས་སྟངས་ལ་ཁྱད་པར་གང་དག་ ཡོད་མེད་དྲིས་པར་ཁོང་གིས། རྩ་བའི་སེམས་ཁམས་ཀྱི་ཐོག་ནས་བོད་པ་ཚོ་ཞེ་དྲགས་ཡག་པོ་རེད། བསམ་བློ་གཏོང་སྟངས་རྒྱ་ཆེན་པོ་དང་བཟོད་སྲན་ཡོད་པ། ངང་རྒྱུད་རིང་པོ། དཀའ་ངལ་ལ་གདོང་ལེན་བྱེད་ཐུབ་མཁན་དེ་འདྲ་རེད། གཟུགས་པོའི་འཕྲོད་བསྟེན་ཀྱི་ཐོག་ནས་ཕྱི་རྒྱལ་བ་དེ་ཚོ་ལྡབ་འགྱུར་གྱི་ཡག་པོ་རེ ད། ཁོ་ཚོས་ནམ་རྒྱུན་ཟ་མའི་ཐོག་ནས་ཤིང་ཏོག་དང་སྔོ་འཚལ་རིགས་མང་པོ་ཟ་བ་དང་། སྤྱོད་ལམ་གྱི་ཐད་ནས་ལུས་རྩེད་དང་ལུས་པོ་སྦྱོང་བརྡར་ལ་དགའ་བོ་ཡོད་པ་རེད། དེ་འདྲའི་ཐོག་ལ་འགྲོ་སོང་ག་ཚོད་དགོས་ན་གཏོང་རྐྱང་བྱེད་པ་རེད། དེ་ནས་གྱོན་ཆས་མང་པོ་བརྗེ་བོ་རྒྱག་པ་དང་གཙང་འཁྲུད་བྱེད་པ། སྔ་དགོང་ལ་ཡོ་གྷ་རྩེད་པ་སོགས་ལ་དོ་སྣང་ཞེ་དྲག་ཡོད་པ་རེད། བོད་པ་ཚོར་མཚོན་ན། ཟས་དང་སྤྱོད་ལམ་གཉིས་ཀར་དོ་སྣང་མེད་པ་མ་ཟད། ཐ་ན་སྐྲ་དང་སེན་མོ་གཏུབ་པ་དང་། ནམ་རྒྱུན་རྐང་པ་འཁྲུད་རྒྱུའི་གོམས་གཤིས་ཀྱང་ཡོད་པ་མ་རེད། དེ་དག་གིས་འཕྲོད་བསྟེན་ཐོག་ཧ་ཅང་གནོད་ཚབ་ཆེན་པོ་ཡོང་གི་ཡོད་པ་རེད། ཅེས་གསུང་བྱུང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ། ཡོང་ཁུངས། བོད་ཀྱི་དུས་བབ།