དཔལ་སྤུངས་ཤེས་རབ་གླིང་གི་བཤད་གྲྭའི་དབུ་འབྱེད་མཛད་སྒོ།
སི་ཏུ་རིན་པོ་ཆེ་མཆོག་གིས་ཤེས་ཡོན་སློབ་གཉེར་ཐོག་ཁ་ཡོད་ལག་ཡོད་གནང་གི་འདུག
དེ་རིང་དཔལ་སྤུངས་ཤེས་རབ་གླིང་རྟེན་བརྟེན་པ་ལེགས་འགྲུབ་རབ་གནས་ཀྱི་མཛད་སྒོ་ཆེན་མོ་ཞིག་ཚོགས་པའི་སྟེང་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཡོད་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་ཆེད་ཕེབས་གནང་སྟེ་གསུང་བཤད་གནང་སོང་།
དེ་རིང་སྔ་དྲོར་རྒྱ་གར་བྱང་ཤར་ཧི་མ་ཅལ་མངའ་ཁུལ་སྦིར་ས་གནས་སུ་ཕྱག་བཏབས་པའི། དྭགས་བརྒྱུད་བསྟན་པའི་གསལ་བྱེད་བྱམས་མགོན་ཀྭན་ཏིང་ཏཱཡི་སི་ཏུ་སྐུ་ཕྲེང་བཅུ་གཉིས་པ་པདྨ་ཉིན་བྱེད་དབང་པོ་མཆོག་གི་གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་རྟེན་དང་བརྟེན་པ་ལེགས་འགྲུབ་ཀྱི་རབ་གནས་མཛད་སྒོ་ཚོགས་པའི་སྟེང་༧གོང་ས་མཆོག་ཆིབས་བསྒྱུར་བསྐྱངས་ཏེ། བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་གི་རྟེན་གསུམ་དང་དཔེ་མཛོད་ཁང་སོགས་རབ་གནས་སོང་བ་དང་། མཛད་སྒོའི་སྟེང་ཤེས་རབ་གླིང་གི་དབུ་བླ་བྱམས་མགོན་སི་ཏུ་རིན་པོ་ཆེ་མཆོག་གིས་དབུས་མཁན་སྤྲུལ་གྲྭ་བཙུན་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དབུས་པའི་བཀའ་བློན་ཁག་ཅིག བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གྱིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་ཅིག་གི་སྐུ་ཚབ་དང་། ཕྱི་རྒྱལ་རོགས་ཚོགས་ཁག་དང་ནང་ཆོས་དོན་གཉེར་བ། ཕྱོགས་མཐའ་ཁག་ནས་ཡོང་བའི་སེར་སྐྱ་མི་མང་ ༤༠༠༠ ལྷག་འདུ་འཛོམས་གནང་སོང་།
དབུ་འཛུགས་མཛད་སྒོའི་ཐོག་བྱམས་མགོན་སི་ཏུ་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་དང་འཚམས་འདྲིའི་གསུང་བཤད་གནང་ཡོད་པ་དང་། མཁན་པོ་རྒྱལ་མཚན་ཕུན་ཚོགས་དང་སློབ་དཔོན་ཀརྨ་གྲགས་པ་སོགས་ནས་གདན་ས་ངོ་སྤྲོད་དང་མདོ་དང་འབྲེལ་བའི་ཆོས་བཤད། དེ་བཞིན། གསོ་བ་རིག་པའི་བྱུང་རིམ། རྩིས་རིག་པའི་བྱུང་རིམ་བཅས་ཀྱི་གསུང་བཤད་གནང་སོང་།
བྱམས་མགོན་སི་ཏུ་རིན་པོ་ཆེ་མཆོག་གིས་འཚམས་འདྲིའི་གསུང་བཤད་གནང་དོན།༸གོང་ས་མཆོག་གིས་དུས་ནས་དུས་སུ་ལམ་སྟོན་བཀའ་སློབ་གནང་བ་ལ་བརྟེན་ནས་རིན་པོ་ཆེ་མཆོག་ནས་བོད་དང་རྒྱ་བལ་འབྲུག་གསུམ་གྱིས་གཙོས་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཐུབ་པ་བྱུང་ཡོད་ལ།༸གོང་ས་མཆོག་གིས་འགྲོ་བ་ཀུན་གྱི་བདེ་སྐྱིད་ཀྱི་གཞི་མ་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། འཛམ་གླིང་ཁྱོན་ཡོངས་དང་དམིགས་བསལ་ཁ་བ་རི་བའི་ཆོས་རིག་གཅིག་ཏུ་འདྲེས་པའི་སྐྱེས་བོ་སྤྱི་བྱེ་བྲག་ཡོངས་ལ་ཡ་རབས་སྤྱོད་ཚུལ་དང་མཐུན་པའི་ཀུན་སྤྱོད་དང་། གཞན་ཕན་གྱི་ལྷག་བསམ་ལྡན་པའི་ཀུན་སློང་། རྒྱལ་ཁབ་དང་ལུང་ཚན། ཆོས་དང་མི་རིགས་ཕན་ཚུར་བར་བརྩི་བཀུར་སྐྱོང་རེས་དང་མཛའ་མཐུན་ཡོང་བར་ཐུགས་ཁུར་ཆེར་བཞེས་ཀྱིས་བླ་ན་མེད་པའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་དང་། ༸མགོན་པོ་གང་གི་ཐུགས་རྗེ་སྐྱབས་འོག་ནས་ནམ་ཡང་མི་འདོར་བའི་གསོལ་འདེབས་བཅས་གནང་སོང་།
༸གོང་ས་མཆོག་གིས་སི་ཏུ་རིན་པོ་ཆེ་མཆོག་ཆུང་དུས་སློབ་གཉེར་ལ་ཐུགས་སྣང་ཆེན་པོ་ཡོད་པ་ལྟར་ད་ལྟ་བསླབ་པ་སློབ་གཉེར་གྱི་ལྟེ་གནས་མང་པོ་བཙུགས་གནང་སྟེ། སློབ་གཉེར་ཐོག་མཛད་རྗེས་ཆེན་པོ་བཞག་ཡོད་པའི་སྐོར་ལ་ཁོང་གིས། རིན་པོ་ཆེ་ཆུང་ཆུང་ཡིན་སྐབས་ནས་སློབ་གཉེར་སྐོར་ལ་དམིགས་བསལ་གྱིས་ཐུགས་སྣང་གནང་སོང་བར་ང་རང་དོ་སྣང་བྱུང་། རིན་པོ་ཆེ་སློབ་གཉེར་ཐོག་ཐུགས་སྣང་ཡོད་པ་དེ་ད་ལྟ་དངོས་སུ་ལག་ལེན་བསྟར་ཏེ། གཞི་མེད་ས་ཞིག་ལ་རྟེན་གཞི་འདི་འདྲ་ཞིག་འཛུགས་སྐྲུན་གནང་ཡོད་པ་རེད། སྤྱིར་བཏང་དགོན་པ་དང་ལྷ་ཁང་རྒྱག མཁན་མང་པོ་ཡོད་ཀྱང་། བསླབ་པ་སློབ་གཉེར་གྱི་ཐོག་ལ་དམིགས་བསལ་གྱིས་ནུས་ཤུགས་འཁུར་མཁན་ཞེ་དྲག་ཉུང་ཉུང་རེད་འདུག
དཔེར་ན། ང་ཚོ་ནང་པ་ཚོ་ཨ་ཅང་ཅང་རྒྱ་གར་ནང་གི་ཤེས་ཡོན་ཅན་ཚོའི་ཨམ་ཅོག་ནང་དུ་ནལྣེ་ཌ་ཞེས་ལབ་དུས། ཤེས་ཡོན་གྱི་ལྟེ་གནས་ཤིག་བློ་ལ་ཤར་གྱི་རེད་མ་གཏོགས། དགེ་འདུན་པ་མང་པོ་ཚོགས་ཏེ་ཞལ་འདོན་ཀློག་བསྡད་པ་ཞིག་ཕལ་ཆེར་བློ་ལ་ཤར་རྒྱུ་མ་རེད། དེ་ལྟར་བྱས་ཏེ་ང་རང་ཚོ་བོད་པའི་དགོན་པ་ཟེར་བའི་མིང་ཐོས་དུས། ཤེས་ཡོན་གྱི་ལྟེ་གནས་ཤིག་ཡིན་བསམ་པ་ཞིག་བློ་ལ་ཤར་ཐུབ་པ་བྱེད་དགོས་པ་རེད་ཅེས་ངས་ནམ་རྒྱུན་བཤད་ཀྱི་ཡོད། རིན་པོ་ཆེས་ཐུགས་འཁུར་བསྐྱེད་དེ་འདིར་བསླབ་པ་སློབ་གཉེར་ཡོད་པ་མ་ཟད། དེ་ཡང་རྒྱ་ཆེ་ཆུང་ལ་མ་ལྟོས་པར་རིག་པའི་གནས་ལྔ་ལ་སློབ་སྦྱོང་བྱེད་རྒྱུ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དངོས་གནས་སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་ལུང་རྟོགས་ཀྱི་བསྟན་པ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཆེད། རིན་པོ་ཆེ་མཆོག་གིས་ཁ་ཡོད་ལག་ཡོད་ཀྱིས་ལག་ལེན་བསྟར་བཞིན་པ་དེ་ཞེ་དྲག་ཡག་པོ་རེད། ཅེས་གསུངས་གསུངས་སོང་།
དེ་བཞིན་ཁོང་གིས། བོད་ཀྱི་གསོ་བ་རིག་པ་དང་ནང་པའི་ཆོས་ཀྱིས་འཛམ་བུ་གླིང་སྤྱི་ལ་ཕན་བདེ་བསྐྲུན་ཐུབ་ཀྱི་ཡོད་པ་ལྟར། མེས་པོ་དམ་པ་ཚོའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་གཅེས་ནོར་རྣམས་བདག་སྐྱོང་བྱས་ཏེ། བོད་ཙམ་མ་ཟད་འཛམ་གླིང་སྤྱི་ལ་ཕན་བདེ་བསྐྲུན་ཐབས་བྱེད་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།
ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུང་བཤད་གནང་དོན། སྔོན་ཆད་ལོ་ངོ་ ༥༥ ནང་མཁས་པའི་དབང་པོ་མང་པོ་ཞིག་ཕེབས་པ་དེ་ངས་གོང་དུ་བཤད་པ་ལྟར་རེད། ང་ལ་ཆོས་རིག་བཀའ་བློན་གྱི་མིང་ཞིག་དང་འགན་ཞིག་ཡོད་དུས། ཨ་རི་དང་ཨེ་ཤ་ཡ་སོགས་ཀྱི་ནང་གི་ལྟེ་གནས་མང་པོ་ཞིག་ལ་བཅར་རྒྱུའི་གོ་སྐབས་བྱུང་ལ། ལྟེ་གནས་ཁང་དེ་ཚོའི་གནས་སྟངས་ག་འདྲ་འདུག་ལྟ་ཞིབ་བྱེད་ཡོང་དུས། དེང་སྐབས་མང་པོ་ཞིག་ཉམས་ཆག་ཏུ་འགྲོ་བཞིན་པ་མཐོང་གི་འདུག དེ་ཚོ་མཐོང་ཡོང་དུས་སྔོན་ཆད་ཀྱི་སྐྱེས་བུ་དམ་པ་ཚོའི་དམིགས་ཡུལ་དང་ས་གནས་མི་མང་གིས་ཞལ་གྱིས་བཞེས་ཏེ་མཐུན་རྐྱེན་ཕུལ་བའི་དམིགས་ཡུལ་དེ་ཚོ། ད་ལྟའི་ཆར་འགྲུབ་ཐུབ་ཀྱི་ཡོད་དམ་ཟེར་ནས་དྲི་བ་ཆེན་པོ་ཞིག་རང་བཞིན་གྱིས་བསླེབ་ཀྱི་འདུག དེའི་ཕྱིར་དེ་རིང་ངས་འདིར་ཞུ་རྒྱུར། ཆོས་བརྒྱུད་ཆེན་པོ་བཞི་ཡི་ནང་ནས་བཀའ་བརྒྱུད་གཅིག་པུར་ཨ་རི་དང་ཡུ་རོབ། ཨེ་ཤ་ཡའི་ནང་དུ་ཆོས་ཚོགས་ ༣༨༠ ལྷག་འདུག མ་འོངས་པར་རྩ་ཆེན་པོ་དང་གལ་ཆེན་པོར་བརྩི་དགོས་པ་ཞིག་ནི། ཆོས་བརྒྱུད་སོ་སོས་ས་གནས་ཁག་ཏུ་ཡོད་པའི་ཆོས་ཚོགས་དེ་ཚོར་ཉམས་ཞིབ་བྱས་ཏེ། མི་མང་ལ་ཆོས་འཆད་ཐུབ་མཁན་དང་མཁས་པ་ཚད་ལྡན། གང་ས་ཅི་ཐད་ནས་མིའི་སེམས་ལ་ཞི་བདེ་ བསྐྲུན་པ་དང་རེ་བ་སྐོང་ཐུབ་མཁན་གྱི་མཁས་པ་སྐྱེས་ཆེན་དམ་པ་དེ་འདྲ་གཏོང་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་འདུག ཅེས་གསུངས་སོང་།
དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ང་ཚོའི་བྱུང་རབས་ནང་ཧ་ཅང་ཉམས་དམའ་བའི་དུས་ཚོད་དེ་སོ་སོའི་ལུང་པ་བཞག་ནས་བྱེས་སུ་གྱར་དགོས་པའི་གནས་སྟངས་ཁྲོད་༸གོང་ས་མཆོག་གི་གཟི་བྱིན་འོག སི་ཏུ་རིན་པོ་ཆེ་ལྟར་གྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་པོ་ཞིག་གིས་གདན་ས་མང་པོ་གསར་དུ་བཙུགས་ཏེ། སློབ་གཉེར་བྱེད་པའི་གོ་སྐབས་བསྐྲུན་པ་དེ་ཚོ་ཧ་ཅང་གིས་རྗེས་སུ་ཡི་རངས་ཞུ་དགོས་པ་ཞིག་རེད། གོང་དུ་དགོན་པའི་ལོ་རྒྱུས་ངོ་སྤྲོད་གནང་སྐབས་སུའང་གསུངས་པ་ལྟར། འདས་པའི་ལོ་ངོ་ ༣༨ རིང་སི་ཏུ་རིན་པོ་ཆེ་མཆོག་གིས་སྐུ་ལས་མང་པོ་བསྐྱོན་ཏེ་གཙུག་ལག་ཁང་བཙུགས་པ་དང་། དེ་བརྒྱུད་ནས་སྒྲུབ་གྲྭ་དང་བཤད་གྲྭ་གསར་དུ་ བཙུགས་པ། དེའི་ཐོག་ད་དུང་མཐོ་སློབ་དང་སྔོན་འགྲོའི་སློབ་གྲྭ་བཅས་བསླབ་པ་སློབ་གཉེར་གྱི་ཆ་རྐྱེན་ཆ་ཚང་ཞིག་འགྲུབ་སྟེ། དེ་རིང་༸གོང་ས་མཆོག་སྐུ་དངོས་སུ་ཞབས་སོར་འཁོད་ཐུབ་པ་དེ་ང་རང་ཚོ་ཚང་མར་ཧ་ཅང་སྐལ་བ་བཟང་པོ་རེད་བསམ་གྱི་འདུག ཅེས་སོགས་གསུངས་སོང་།
མཛད་སྒོའི་ཐོག་མཁན་པོ་རྒྱལ་མཚན་ཕུན་ཚོགས་ལགས་ཀྱིས་གདན་ས་ངོ་སྤྲོད་གནང་བའི་ནང་། ཕྱི་ལོ་ ༡༩༧༦ ལོར་ཕྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་གསར་བཞེངས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སླར་གསོའི་ཐོག་རང་འཁོས་ཀྱི་ཞབས་འདེགས་སྒྲུབ་པའི་སྒོ་མོ་གསར་དུ་ཕྱེས་པ་ནས། དེང་གི་བར་རྒྱུད་གྲྭ་དཔལ་སྤུངས་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་། བཙུན་པའི་སྒྲུབ་སྡེ་ཏིང་འཛིན་དགེ་འཕེལ་གླིང་དང་བཙུན་མའི་སྒྲུབ་སྡེ་བྱང་ཆུབ་བསམ་གཏན་གླིང་སྟེ་ནཱ་རོའི་སྒྲུབ་སྡེ་ཁག་གཉིས། བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་། རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ། སློབ་གྲྭ་རིག་ལམ་སྐྱེད་ཚལ། དཔལ་སྤུངས་ནང་ཆོས་སློབ་གླིང་། ངན་སོང་དོང་སྤྲུག་བློས་བསླངས་དཀྱིལ་འཁོར་དང་ཀུན་རིག་སྒྲུབ་ཁང་། སི་ཏུ་ཆོས་འབྱུང་གི་གདུང་རྟེན་ལྷ་ཁང་། བདེ་གཤེགས་མཆོད་རྟེན་ཆ་བརྒྱད། བགྲེས་གསོ་ཁང་དང་། ཕྱི་ལུགས་དང་བོད་ལུགས་འཕྲོད་བསྟེན་སྨན་ཁང་། མར་ལུགས་རྒྱུད་སྡེ་བཅུ་གསུམ། རྒྱལ་བ་རྒྱ་མཚོ། དཔལ་དུས་ཀྱི་འཁོར་ལོའི་བློས་བསླངས་སོགས་ཤེས་རབ་གིང་གི་ཁོར་ཡུག་ཏུ་བཞེངས་ཡོད་འདུག
དེ་བཞིན། གདན་སའི་ཡན་ལག་ཏུ་གསར་བཞེངས་དང་བསྐྱར་བཞེངས་བྱས་པ་ནི། ཧི་མ་ཅལ་མངའ་ཁོངས་སུ་ནུ་ལྕང་གོའི་ཡུལ་དུ་ཀཾ་ཚང་ཐུབ་བསྟན་འོད་ཟེར་རབ་རྒྱས་གླིང་། ཧི་མ་ཅལ་ཀུ་ལུའི་རྫོང་ཁོངས་བྷུ་ཇོ་རའི་ས་གནས་སུ་བཙུན་དགོན་དཔལ་སྤུངས་ཡེ་ཤེས་རབ་རྒྱས་གླིང་། གནས་མཆོག་རྡོ་རྗེ་གདན་དུ་གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་། ཨ་རུ་ན་ཅལ་མངའ་ཁོངས་འཇང་ཁར་སའི་ས་གནས་སུ་མོན་དཔལ་སྤུངས་བྱང་ཆུབ་ཆོས་འཁོར་གླིང་། ཨུཏ་རན་ཅལ་གྱི་མངའ་ཁོངས་མན་ཌི་ཝ་ལའི་བོད་གཞིས་སུ་དཔལ་སྤུངས་ཀུན་ཁྱབ་ཆོས་གླིང་བཅས་བཞེངས་ཡོད་པ་དང་། ཤར་ནུབ་ཀྱི་ཕྱི་རྒྱལ་ཆོས་ཚོགས་ཁག་ནི་ཨ་རི་དང་ཁེ་ན་ཌ། དབྱིན་ལན། ཨིར་ལན་ཌི། ཕིན་ལན་ཌི། ནེའུ་ཛི་ལན་ཌི། ཨོ་སི་ཊོ་ལི་ཡ་སོགས་འཛམ་གླིང་གི་རྒྱལ་ཁབ་ཁག་ ༡༥ ནང་ཆོས་ཚོགས་ཁག་ ༣༢ གསར་བཞེངས་གནང་སྟེ། ཆོས་ཚོགས་སོ་སོའི་ནང་དུ་ཆོས་རྗེ་བླ་མ་དང་བླང་ཆེད་གཏོང་གིས་ནང་ཆོས་སློབ་གཉེར་གནང་མཁན་མང་པོར་དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་སྒྲུབ་བཞིན་ཡོད།
གདན་ས་འདིར་ཐོས་བསམ་སྒོམ་གསུམ་གྱི་ལྟེ་གནས་གཙོ་བོ་གྲྭ་ཚང་ སྡེ་ཚན་ཁག་ ༥ ཡོད་པ་ལས། བཤད་གྲྭ་ནས་ད་ལྟའི་བར་ཁྱོན་མཁན་པོ་ ༣༢ དང་། སློབ་དཔོན་དང་སྐྱོར་དཔོན། སློབ་པ་མཐར་སོན་པ་ ༡༧༠ ཐོན། སྒྲུབ་གྲྭ་ནས་ཁྱོན་སྒྲུབ་བླ་ ༡༧༠ རིམ་ཐོན་གྱིས་བོད་དང་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་མཁན་པོ་དང་དགེ་རྒན་གྱི་ལས་འགན་འཁུར་ཏེ། བསྟན་པ་ཡན་ལག་དང་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཞབས་འདེགས་སྒྲུབ་བཞིན་ཡོད་པ་དང་། དཔལ་སྤུངས་གསུང་རབ་པར་སྐྲུན་ཁང་གིས་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོ་དང་དཔལ་སྤུངས་པར་ཁང་དམ་ཆོས་བང་མཛོད་གཉིས་ཀྱི་པར་རྩའི་གསུང་རབ་ཡོད་དོ་ཅོག་མཁོ་སྒྲུབ་བདག་གཉེར་མཛད་པ་ལས། མ་དཔེ་སོར་གནས་ཐོག་དཔལ་སྤུངས་པར་མའི་གསུང་རབ་པོད་གྲངས་ ༢༢༢ དང་། གཞན། དཔེ་རྒྱུན་དཀོན་པ་དང་ཉེར་མཁོ་ཆེ་བའི་དཔེ་དེབ་གྲངས་མང་པོ་པར་སྐྲུན་འགྲེམས་སྤེལ་གནང་གི་ཡོད་སྐོར་སོགས་བཀོད་འདུག
ཉིན་རྒྱབ་ཏུ་༸གོང་ས་མཆོག་དབུ་བཞུགས་ཐོག་དཔལ་སྤུངས་བཤད་གྲྭ་ལུང་རིགས་འཇམ་དཔལ་གླིང་གི་སློབ་མ་ཁག་ཅིག་གིས་དབུ་མ་དང་ཤེར་ཕྱིན་གྱི་གཞུང་དང་འབྲེལ་བའི་རྟགས་གསལ་གཟིགས་འབུལ་དང་། དཔལ་སྤུངས་རིག་གནས་མཐོ་སློབ་ཀྱི་སློབ་མ་ཁག་ཅིག་གིས་བརྡ་སྤྲོད་རིག་པའི་བགྲོ་གླེང་། དཔལ་སྤུངས་ཡེ་ཤེས་རབ་དར་རྒྱས་གླིང་གི་བཙུན་མ་ཁག་ཅིག་གིས་བསྡུས་གཞུང་བློ་གསལ་ཉེར་མཁོ་ལས་རྒྱུ་འབྲས་ཆུང་ངུའི་རྣམ་གཞག་གི་རྟགས་གསལ་གཟིགས་འབུལ་བཅས་ཞུས་སོང་།
གསར་འགོད་པ་པདྨ་མཚོས། སྦིར་ཤེས་རབ་གླིང་ནས་སྤེལ། ཡོང་ཁུངས་བོད་ཀྱི་དུས་བབ།
༼དཔལ་སྤུངས་དགོན་ནི་སྡེ་དགེའི་ཡུལ་གྱི་མཆོད་གནས་ཆེ་ཤོས་ཤིག་དང་། བྱམས་མགོན་ཏཱའི་སི་ཏུ་རིན་པོ་ཆེ་སྐུ་ཕྲེང་ན་རིམ་ནི་སྡེ་དགེ་ཚང་གི་དབུ་བླ་ཁག་ལྔའི་གཙོ་བོ་ཞིག་ཡིན་པ་རེད།༽
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།