༢༠༡༤ ལོའི་བཙན་བྱོལ་བོད་མིའི་གནས་ཚུལ་ཆེ་ཁག་བཅུ།
༢༠༡༤ ལོའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་གནས་ཚུལ་ཆེ་ཁག་བཅུ།
ཡོང་ཁུངས་བོད་ཀྱི་དུས་བབ།
༼གཅིག༽
ཟླ་ ༣ ཚེས་ ༢༤ ཉིན་རྒྱ་གར་ལྷོ་ཕྱོགས་ཨན་ཌ་ར་མངའ་སྡེའི་རྒྱལ་སའི་ནང་མགོྲོན་ཁང་ཞིག་ཏུ། རྒྱ་གར་གྱི་བྷེ་ཨེ་ཊི་ཨ་ཡེ་ (BETI) ཞེས་པའི་ཐེབས་རྩ་ཁང་གིས་ཐེངས་ ༡༣ པའི་རླབས་ཆེན་བུད་མེད་ཀྱི་གཟེངས་རྟགས་ (GR8! WOMEN AWARDS 2014) ཞེས་པ་ཕུལ་བའི་ཁྲོད། སྐུའི་གཅུང་མོ་བཀའ་ཟུར་རྗེ་བཅུན་པདྨ་མཆོག་གི་གཙོས་རྒྱ་གར་ནང་གི་བུད་མེད་བྱས་རྗེས་ཅན་ ༡༡ བདམས་ཡོད།
༼གཉིས།༽
ཕྱི་ཟླ་ ༤ ཚེས་ ༡ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོཊ་པས་༼རྒྱ་ནག་གི་གྲིབ་གཟུཊ་འོག་གི་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་སུན་གཙེར།༽ ཞེས་པའི་ཤོག་གྲངས་ ༡༠༠ ཅན་གྱི་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གི་གནོན་ཤུགས་འོག་བལ་ཡུལ་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་བལ་གཞུང་གིས་བོད་མི་བྲོས་བྱོལ་བ་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱིན་ཡོད་པར་སྐྱོན་བརྗོད་བྱས།
༼གསུམ།༽
ཕྱི་ཟླ་ ༧ ཚེས་ ༣ ནས་ ༡༤ ཉིན་བར་༧གོང་ས་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཐེངས་ ༣༣ པ་བསྩལ་སྐབས། བོད་ནང་དང་རྒྱ་ནག་སྐམ་ས་ཆེན་མོ། དེ་བཞིན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཆོས་ཞུ་བ་ ༡༢༥༠༠༠ ཙམ་འདུ་འཛོམས་བྱུང་ཡོད་ཅིང་། དུས་དབང་དངོས་གཞིའི་སྔོན་དུ་༧གོང་ས་མཆོག་གིས་ཆོས་བརྒྱུད་ཁག་མཐུན་པོ་ཡོང་དགོས་ན་ཕན་ཚུན་གྱི་གཞུང་ལ་སློབ་སྦྱོང་གནང་དགོས་སྐོར་སོགས་གསུངས།
༼བཞི།༽
ཕྱི་ཟླ་ ༨ ཚེས་ ༡༡ ནས་ ༡༣ ཉིན་བར་འབྲས་ལྗོངས་རྒྱལ་ས་སྒང་ཏོག་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༥ པ་ཚོགས་པའི་སྟེང་། མོན་གྷོ་དང་སྦེལ་ཀོབ། ལ་དྭགས། ཀོ་ལི་གྷལ། ཧོན་སོར། ཌལ་ཧོར། སྤོན་གྲོ བྷེང་ལོར་བཅས་ས་གནས་ཁག་བརྒྱུད་ཀྱི་གནས་ཚུལ་དང་འབྲེལ་བའི་ཆོད་ཅིག་བཞག་ཡོད་ཅིང་། ཟླ་ ༩ ཚེས་ ༡༧ ཉིན་ས་གནས་བརྒྱད་ཀྱིས་རྒྱུན་ལས་ཚོས་གྲོས་ཆོད་དེ་ངོས་ལེན་མེད་པའི་གསལ་བསྒྲགས་བྱས།
༼ལྔ།༽
ཕྱི་ཟླ་ ༩ ཚེས་ ༡༢ ནས་ ༢༤ བར་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཚོགས་པའི་སྟེང་། ཤེས་ཡོན་སྲིད་བྱུས་ལག་བསྟར་ཐད་རྟོག་ཞིབ་ཚོགས་ཆུང་འཛུགས་མིན་ཐོག་བཀའ་སྤྱི་གཉིས་ཀྱིས་རྩོད་པ་བརྒྱབ་མཐར་མང་མོས་ཐོག་ཚོགས་ཆུང་དེ་འཛུགས་རྒྱུའི་ཐག་གཅོད་བྱུང་། དེ་བཞིན། སྦེལ་ཀོབ་འཕྲོད་བསྟེན་སྨན་ཁང་གི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དང་འབྲེལ་ཏེ་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་གསལ་བཤད་གནང་།
༼དྲུག༽
ཕྱི་ཟླ་ ༡༠ ཚེས་ ༢ ཉིན་གྷན་དྷིའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་དྷ་ས་གཙུག་ལག་ཁང་དུ། ༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ ༢༥ འཁོར་བའི་དུས་སྟོན་སྲུང་གཙི་ཞུས་སྐབས། སྐུ་མགྲོན་དུ་ཨ་རི་ནས་ཡིན་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་ཇོ་ཌེ་ཝི་ལེམ་སི་མཆོག་དང་ཨི་རིན་ནས་ཡིན་པའི་ལྕམ་ཤེ་རེན་ཨི་བྷ་ཌི་མཆོག་རྣམ་གཉིས་དྷ་སེར་ཆེད་ཕེབས་གནང་།
༼བདུན།༽
ཕྱི་ཟླ་ ༡༠ ཚེས་ ༡༢ ནས་ ༡༥ ཉིན་བར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པར་གྷུ་ནང་དུས་རབས་ཉེར་གཅིག་གི་གླེང་སྟེགས་ཞེས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་སྟེང་མཉམ་ཞུགས་གནང་སྟེ། ཁོང་གིས་༼ ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་མཆོག་གི་བཟང་སྤྱོད་ལ་གཞི་བཅོལ་བའི་ཕྱི་འབྲེལ་སྲིད་བྱུས་ཀྱི་གལ་གནད།༽ཅེས་པའི་བརྗོད་གཞི་དང་འབྲེལ་ཏེ་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་ལ་གཏམ་བཤད་གནང་།
༼བརྒྱད།༽
ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གར་དབུས་ནང་སྲིད་ལྷན་ཁང་གིས་༼ ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྤྲོད་ཕྱོགས་ཀྱི་སྲིད་ཇུས༽ཞེས་པའི་གཏན་འབེབས་ཡིག་ཆ་ཞིག་བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་མཆོག་ལ་གནང་ཡོད་ཅིང་། ཡིག་ཆ་དེའི་ནང་རྒྱ་གར་གཞུང་གིས་མང་ཚོགས་བདེ་དོན་དང་འབྲེལ་བའི་ལས་འཆར་གང་ཞིག་སྤེལ་ཡང་། བོད་མི་སྐྱབས་བཅོལ་ལག་དེབ་ RC ཡོད་མཁན་ཡོངས་ཀྱིས་རྒྱ་གར་ཡུལ་མི་དང་གཅིག་མཚུངས་ཀྱིས་ཐོབ་ཐང་བླངས་ཆོག་ཚུལ་འཁོད་ཡོད་འདུག
༼དགུ།༽
ཕྱི་ཟླ་ ༡༡ ཚེས་ ༢༢ ནས་ ༣༠ ཉིན་བར། དྷ་སའི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་གི་ཚོགས་ཁང་དུ། རྗེ་ཙོང་ཁ་པས་དཔལ་གསང་བ་འདུས་པའི་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་དེ་ལོ་ ༦༠༠ འཁོར་བའི་རྗེས་དྲན་དང་འབྲེལ་ཏེ། སྔགས་ཀྱི་མཁས་པའི་བགྲོ་གླེང་ཆེན་པོ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུ་དབུ་འཛུགས་སྟེང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་དུས་དྲན་དངོས་གཞིའི་ཉིན་༧གོང་ས་མཆོག་ཆིབས་སྒྱུར་བསྐྱངས།
༼བཅུ༽
ཕྱི་ཟླ་ ༡༢ ཚེས་ ༡༢ ནས་ ༡༤ ཉིན་བར། ༧གོང་ས་མཆོག་གིས་ཨི་ཊ་ལིའི་རྒྱལ་ས་རོམ་དུ། འཛམ་གླིང་གི་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་རྣམ་པའི་ལྷན་ཚོགས་ཐེངས་ ༡༤ པའི་ཐོག་མཉམ་ཞུགས་གནང་སྟེ། ལྷན་ཚོགས་ཐོག་༧གོང་ས་མཆོག་ཡུན་གནས་ཐུབ་པའི་འགྲོ་བ་མིའི་འཕེལ་རྒྱས་ལ་མཁོ་བའི་དོན་དམ་གྱི་ཞི་བདེ་དང་། སའི་གོ་ལ་སྲུང་སྐྱོབ་ཆེད་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་རྩོད་རྙོག་སེལ་རྒྱུ་དང་དམག་འཁྲུག་སྔོན་འགོག་བྱས་ཏེ་དོན་དམ་གྱི་ཞི་བདེ་བསྐྲུན་རྒྱུ། ཨ་ཧྥི་རི་ཀའི་དམག་འཁྲུག་གཙོས་རྒྱལ་སྤྱིའི་ཐོག་ཡུན་རིང་གནས་པའི་དམག་འཁྲུག་ཁག་གི་དཀའ་ངལ་སེལ་ཐབས་བཅས་ཀྱི་བརྗོད་གཞི་ཁག་གསུམ་གྱི་ཐོག་གསུང་བཤད་གནང་ཡོད།
གསར་འགོད་པ། དོན་གྲུབ།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།