ཀཿཐོག་དྲི་མེད་ཞིང་སྐྱོང་རིན་པོ་ཆེ་སྐུ་གཤེགས་པ།
ཀཿཐོག་པའི་གསེར་ཁྲི་དང་པོ་དྲི་མེད་ཞིང་སྐྱོང་སྐུ་གཤེགས་པ།
སྤྲུལ་པའི་གཏེར་སྟོན་བདུད་འདུལ་རྡོ་རྗེའི་སྐུ་ཕྲེང་བདུན་པ་ཤར་རྒྱལ་བ་ཀཿཐོག་པའི་གསེར་ཁྲི་རྣམ་པ་ལྔའི་དང་པོ་སྐྱབས་རྗེ་དྲི་མེད་ཞིང་སྐྱོང་འཇིགས་མེད་ཕྲིན་ལས་མགོན་པོ་མཆོག ཕྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༢༡ ཉིན་རྒྱ་ནག་ཁྲིན་ཏུའུ་རུ་དགོངས་པ་ཆོས་དབྱིངས་སུ་གཤེགས་པའི་ཚུལ་བསྟན། ཕྱི་ཚེས་༢༡ ནས་༢༥ བར་ཉིན་ལྔ་རིང་ཁྲིན་ཏུའུ་རུ་དད་ལྡན་རྣམས་ལ་གདུང་མཇལ་གནང་བ་དང། ཕྱི་ཚེས་༢༥ ཉིན་སྐུ་གདུང་ཀཿཐོག་དགོན་ཆེན་དུ་གདན་འདྲེན་ཞུས་ཡོད་པ་རེད།
རྗེ་འདི་ཉིད་སྐུ་གཤེགས་པར་བརྟེན་ཀཿཐོག་གསེར་ཁྲི་སྐྱབས་རྗེ་རྨོག་ཚ་རིན་པོ་ཆེ་དང། ཀཿཐོག་དགོན་པའི་བསྟན་བདག་ལས་ཐོག་སྤྲུལ་སྐུ་འཇམ་དབྱངས་རིན་པོ་ཆེས་གཙོས་པའི་དཔལ་རྒྱལ་བ་ཀཿཐོག་པའི་བླ་སྤྲུལ་ཚང་འཛོམས་ཐོག་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་གནང་འདུག སྐུ་གདུང་བསྟན་བདག་ལས་ཐོག་སྤྲུལ་སྐུ་འཇམ་དབྱངས་དང། གཞི་ཆེན་སྤྲུལ་སྐུ་ཉི་ཟླས་གཙོས་བླ་སྤྲུལ་རྣམ་པས་གདན་ས་ཆེན་པོ་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་དུ་གདན་འདྲེན་ཞུས་ཤིང། ཕྱི་ཚེས་༢༧ གྱི་དགོང་མོར་མཁན་པོ་ཨ་སངས་དང་དགེ་འདུན་པ་བཞི་བརྒྱ་ལྷག་གིས་སྐུ་གདུང་རིན་པོ་ཆེ་སེར་འཕྲེང་གིས་བསུ་བ་ཞུས། ཉིན་དེ་ནས་བཟུང་བདུན་ཕྲག་གཅིག་རིང་ཤར་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་གཙོས་པའི་ཕྱོགས་ནས་ཕེབས་པའི་དད་ལྡན་སྐྱ་སེར་རྣམས་ལ་སྐུ་གདུང་རིན་པོ་ཆེ་མཇལ་ཁ་གནང་བ་དང་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་དང་གནང་བཞིན་ཡོད་པ་རེད།
དཔལ་ཤར་རྒྱལ་བ་ཀ༔ཐོག་པའི་གསེར་ཁྲི་དང་པོའི་མངའ་བདག སྤྲུལ་པའི་གཏེར་ཆེན་རིག་འཛིན་བདུད་འདུལ་རྡོ་རྗེ་སྐུ་ཕྲེང་བདུན་པ། ཀཿཐོག་དྲི་མེད་ཞིང་སྐྱོང་འཇིགས་མེད་ཕྲིན་ལས་མགོན་པོ་མཆོག་ནི། ཕྱི་ལོ་༡༩༤༦ ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་བཀྲ་ཤིས་པའི་མཚན་ལྟས་དང་བཅས་ཁམས་སྡེ་དགེ་འཇོ་མདའ་རུ་སྐུ་འཁྲུངས། དྲི་མེད་ཞིང་སྐྱོང་སྐུ་ཕྲེང་དྲུག་པ་སྐྱབས་རྗེ་འཇིགས་མེད་བདེ་ཆེན་རྡོ་རྗེ་མཆོག་གི་བརྡ་ལུང་ལྟར། རིས་མེད་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་༸འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་རྗེ་འདི་ཉིད་དགུང་ལོ་གསུམ་ཐོག་དྲི་མེད་ཞིང་སྐྱོང་མགོན་པོ་སྐུ་ཕྲེང་བདུན་པར་ངོས་འཛིན་གྱིས་ཐུགས་ཐག་བཅད། དགུང་ལོ་ལྔའི་ཐོག་མཁན་ཆེན་དམ་པ་རྒྱལ་མཚན་འོད་ཟེར་འཁོར་བཅས་རྗེ་ཉིད་ཀྱི་འཁྲུངས་ཡུལ་དུ་ཕེབས་ཏེ་སྐུ་ཁྲུས་དང་ན་བཟའ་གསོལ། མཁན་ཆེན་མཆོག་དང་བླ་མ་བཀྲ་འཕེལ་གཉིས་ཀྱིས་དགེ་རྒན་གྱི་མཛད་འགན་བཞེས་ཏེ་ཡི་གེ་བསླབ་པ་ན་རྗེ་འདི་ཉིད་སྐུ་ན་ཤིན་ཏུ་ཕྲའང་གཞན་ལས་བློ་རིག་ཁྱད་དུ་འཕགས་པས་གང་བསླབ་པ་རྣམས་ཚེགས་མེད་དུ་མཁྱེན། ལོ་དེར་ཤར་རྒྱལ་བ་ཀཿཐོག་རྡོ་རྗེ་གདན་དུ་གདན་འདྲེན་གྱིས་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོའི་མཆོད་སྤྲིན་རྒྱ་ཆེན་ཞུས། དགུང་ལོ་དགུའི་ཐོག་རྗེ་ཀ་དམ་པ་བདེ་གཤེགས་ནས་བྱིན་རླབས་ཀྱི་དངོས་གྲུབ་ཟམ་མ་ཆད་པའི་རྒྱལ་བའི་གསུང་རབ་ཀུན་འདུས་བཀའ་འགྱུར་རིན་པོ་ཆེའི་སྙན་བརྒྱུད་ཟབ་མོ་གང་དེ་བླ་མ་བློ་བཟང་གི་མདུན་ནས་ཡོངས་སུ་རྫོགས་པ་མནོས། དགུང་ལོ་བཅུའི་ཐོག་ལྷ་ལྡན་ཆོས་ཀྱི་ཞིང་སར་ཕེབས་ཏེ་གནས་མཇལ་དང་མཆོད་སྤྲིན་རྒྱ་ཆེར་བྱས། མཁན་པོ་དཔལ་ལྡན་མདུན་ནས་ཡིག་གཟུགས་དང་ལྷ་བྲིས་སྦྱངས། དགུང་ལོ་བཅུའི་ཐོག་གནས་འགོ་བླ་མ་ཐུབ་བསྟན་འབྱུང་གནས་ཀྱི་སྐུ་མདུན་དུ་ལོ་གཉིས་རིང་ཀཿཐོག་པའི་ཀློང་ཆེན་སྙིང་ཐིག་གི་འདོན་རྟ་དབྱངས། ཆོ་ག་དང་འདུལ་བའི་ཕྱག་ལེན་བཅས་ཐུན་མིན་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྣམས་ལེགས་པར་བསླབས།
དགུང་ལོ་བཅུ་གསུམ་ཐོག་དུས་འགྱུར་གྱི་དབང་གིས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས། མཁའ་འགྲོའི་བྱིན་རླབས་ཀུན་འདུས་ཀྱི་སློབ་དཔོན་ཐུགས་རྗེ་ཅན་གྱི་དབུ་ཞྭ་ཡང་མཉམ་དུ་གདན་འདྲེན་ཞུས། དགུང་ལོ་བཅུ་གསུམ་ནས་སུམ་ཅུ་བར་བགྲང་བྱ་བཅུ་དྲུག་རིང་སྐྱབས་རྗེ་སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེ་དང། མཁན་པོ་ཟླ་ཟེར། མཁན་པོ་ཐུབ་ཆོས། ས་སྐྱ་མཁན་པོ་ཨ་པད་དམ་ཨ་དཔལ་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ་ཐོས་བསམ་གྱི་སྦྱངས་པ་མཛད། རྗེ་འདི་ཉིད་ཀྱི་རྩ་བའི་བླ་མ་དཔོན་སློབ་རྡོ་རྗེ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། སྐྱབས་རྗེ་དགེ་རྩེ་རིན་པོ་ཆེ། དབང་པོ་ཚུལ་ཁྲིམས་ཐུབ་བསྟན་རྒྱ་མཚོ་བཅས་ཀྱི་མདུན་ནས་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང་ཁྱད་པར་སྔ་འགྱུར་རྙིང་མའི་བཀའ་གཏེར་དང་དབང་ལུང་མན་ངག་ཟབ་མོ་མཐའ་དག་གསན།
བོད་ནང་དུ་རྒྱ་གཞུང་གི་སྲིད་བྱུས་ལ་འགྱུར་བ་ཅུང་ཙམ་སོང་བའི་སྐབས་བཙན་བྱོལ་ནས་བོད་དུ་ཕྱིར་ཕེབས་ཏེ། སྔ་འགྱུར་གྱི་བསྟན་པ་སྤྱི་དང། བྱེ་བྲག་ཤར་རྒྱལ་བ་ཀཿཐོག་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐོག་ལ་འགྲོ་དོན་རྒྱ་ཆེར་མཛད། རིག་གསར་སྐབས་ཁམས་ཕྱོགས་ནས་ཀཿཐོག་དགོན་ཆེན་དེ་གཏོར་བཤིག་ཚབས་ཆེ་ཤོས་ཐེབས་པའི་དགོན་ཆེན་གྱི་གྲས་ཡིན་པ་གཞུང་ཡིག་ནང་གསལ་བ་ལྟར་ཉམས་ཉེས་ཆེན་པོ་བྱུང་ཡོད་ཀྱང། ༧སྐྱབས་རྗེ་མཆོག་གིས་སྔ་ཕྱིར་ཚར་བདུན་རྒྱ་ནག་དབུས་གཞུང་ལ་ཀཿཐོག་དགོན་ཆེན་བསྐྱར་གསོའི་ཆོག་མཆན་ཞུས་མཐར། ཕྱི་ལོ་༡༩༨༧ ལོར་སྲིད་གཞུང་རིམ་པས་ཆོག་མཆན་ཐོབ། སྐྱབས་རྗེ་མཆོག་གི་བཀའ་དྲིན་ལ་བརྟེན་ནས། དང་པོ་ཀཿཐོག་དགོན་ཆེན་གྱི་གཞུང་ལམ་གསར་འཛུགས་གྱིས་ཚེ་དཔག་མེད་ལྷ་ཁང་ཆེན་པོ་དང། བཤད་གྲྭ་གོང་འོག་གཉིས་ཞིག་གསོ་ལེགས་པར་མཛད་པ་མ་ཟད། རྒྱུན་བཞུགས་དགེ་འདུན་རྣམ་པའི་འཚོ་བའི་མཐུན་རྐྱེན་ཡོངས་རྫོགས་ཆགས་མེད་དུ་གནང་། གཞན་ཡང་བལ་ཡུལ་དང་ལྷ་ས་སོགས་ནས་བསླུ་ཡོན་ཞུས་པའི་གསེར་སྐུ་སྟོང་ཕྲག་གསུམ་ལྷག་ལས། ཀཿཐོག་དགོན་ཆེན་གྱི་གཙུག་ལག་ཁང་དུ་ཚོགས་བསགས་ཀྱི་ཞིང་དུ་ཐུབ་དབང་སྟོང་སྐུ་ཞིག་མཆོད་འབུལ་གྱི་ཞིང་དུ་བཞུགས་སུ་གསོལ་བ་དང། གཞན་ཚང་མ་ཀཿཐོག་པའི་དགོན་ལག་རྣམས་ལ་གནང་བས་མཚོན་དགོན་ལག་ཀུན་གྱི་བསྟན་པའི་མེ་རོ་སླར་གསོའི་ཐུགས་ཁུར་བླ་མེད་ཞུས།
ཕྱི་ལོ་༡༩༩༣ ལོར་སྐྱབས་རྗེ་མཆོག་གིས་འཛམ་གླིང་ཞི་བདེ་དང་བསྟན་འགྲོའི་སྤྱི་དཔལ་དུ་དམིགས་ནས་སྙན་པར་གྲགས་པའི་ཀཿཐོག་ཁྲི་གྲྭ་ཆེན་མོ་སླར་གསོ་མཛད་དེ་བསྟན་འགྲོའི་དོན་ལ་མཛད་ཕྲིན་ཆེས་ཆེར་བྱས། སྐྱབས་རྗེ་མཆོག་གི་བླ་མེད་ཐུགས་བསྐྱེད་འོག་ཀཿཐོག་བཅུ་ཕྲག་རིག་པའི་སློབ་གླིང་ཞེས་རྒྱ་ཆེ་བའི་ཕྱག་ལས་འདི་ཉིད་ཀྱི་ཆེད་དུ་སྐུ་ཚེགས་ཆེར་བསྐྱེད་གནང་ཡང་སྙུང་གཞི་ལྕི་བས། རེ་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་ཕྱིར་དྲི་མེད་ཞིང་སྐྱོང་སྐུ་ཕྲེང་བདུན་པ་འཇིགས་མེད་ཕྲིན་ལས་མགོན་པོ་ཉིད་ཕྱི་ལོ་༢༠༡༢ ཟླ་༡༡ པའི་ཚེས་༢༡ ལ་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་བསྟན།།
སྟག་རྩེད་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོས་གནས་ཚུལ་སྒྱུར་སྒྲིག་དང་མཁོ་སྤྲོད་གནང། སྔ་འགྱུར་རིག་འཛིན་དུས་དེབ་འདོན་ཐེངས་དྲུག་པ་ལས་དྲངས།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།