རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་བཅར་འདྲི།
༸རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་ལ་ཆོས་དུང་དཀར་པོ་རྩོམ་སྒྲིག་ཁང་གིས་བཅར་འདྲི་བྱས་པ།
མཁོ་གཏོང་བ། ཆོས་དུང་རྩོམ་སྒྲིག་པ་ཁང་སྨིན་གྲོལ་རྒྱ་མཚོ།
ཆོས་དུང་། རིན་པོ་ཆེ། བཀྲ་ཤིས་བདེ་ལེགས། ཐོག་མར་སྐུ་ཉིད་ཀྱིས་གཙོ་འགན་བཞེས་བཞིན་པའི་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ངོ་སྤྲོད་མདོར་བསྡུས་ཤིག་གསུངས་རོགས།
ལན། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ཟེར་བ་དེ་སྤྱིར་བཏང་ང་རང་ཚོ་ནང་པའི་ནང་ལ་མཆོད་གཞིས་བྱ་བ་ཞིག་ཡོད་པ་བཞིན། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ཞལ་བཞུགས་པའི་སྐབས་སུ་ཡང་དགེ་འདུན་པ་ཚོའི་འཚོ་བ་དེ་བསོད་སྙོམས་ལ་བརྟེན་ནས་ཡོད་པ་རེད་ལ། དངོས་ནས་བྱས་ན་ཡང་དག་པའི་འཚོ་བ་ཞེས་པ་དེ་འདྲ་ཞིག་དགོས་ཀྱི་ཡོད་ས་རེད། ཡིན་ནའང་དེང་སང་དུས་ཚོད་དང་ས་ཆ་གང་ས་ཅི་ཐད་ནས་བསམ་བློ་བཏང་བ་ཡིན་ནའང་། འབར་མ། ཤྲིལིངྐ་། ཐེ་ལནྜི་ལྟ་བུའི་ནང་པའི་རྒྱལ་ཁབ་ཤུགས་ཆེན་པོ་དེ་ཚོའི་ནང་ལ་དེང་སང་ཡིན་ནའང་ནང་པའི་དགེ་འདུན་པ་ཚོ་འཚོ་བ་བསོད་སྙོམས་གནང་གི་ཡོད་པ་རེད། དེ་འདྲ་མཇལ་རྒྱུ་ཡང་ཡོད་རེད། ཡིན་ཡང་ཡིན་ས་རེད།
ཡིན་ནའང་དེ་ཚོའི་གྲས་ཏེ་དུས་ཚོད་ཀྱི་དབང་གིས་འགྱུར་བ་ཆེན་པོ་ཆགས་ནས། དཔེར་ན། ཐེ་ལནྜི་དང་། ཤྲིལིངྐ་དེ་ཚོའི་ནང་ལ་ཉུང་དུ་འགྲོ་ཡི་ཡོད་རེད། དེ་ནས་འཚོ་བ་བསོད་སྙོམས་ལ་བརྟེན་ནའང་བསོད་ནམས་སྙོམས་སྤྲོད་མཁན་གྱི་སྤྱིན་པའི་བདག་པོ། དཔེར་ན། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་བཞུགས་པའི་སྐབས་སུ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན། མ་སྐྱེས་དགྲ། གསལ་རྒྱལ་སོགས་འདྲ་མིན་ཞིག་ཡོད་སྐད་རེད། དེ་འདྲ་ཡིན་དུས། དཔེར་ན། ང་རང་ཚོས་སྨོན་ལམ་རྒྱབ་པའི་སྐབས་ལ་ཡང་། བསྟན་པའི་སྦྱིན་བདག་དེ་མངའ་ཐང་དར་དགོས་ཀྱི་ཡོད་ཅེས་སྨོན་ལམ་རྒྱག་གི་ཡོད་རེད། དེ་ལའང་གོ་རྒྱུ་ཞིག་ཡོད་པ་རེད། བསྟན་པའི་སྦྱིན་བདག་ཟེར་བ་དེ་ངེས་པར་དུ་དགོས་རྒྱུ་རེད།
དེ་འདྲ་མིན་ན་ཆོས་ཐམས་ཅད་རྒྱུ་དང་རྐྱེན་ལ་རག་ལས་པ་ཡིན་དུས། བསྟན་པ་འཕེལ་འགྲིབ་དང་། བཤད་པ་དང་སྒྲུབ་པ་ཟེར་བ་དེ་དཀའ་ལས་ཁག་ཙམ་ཆགས་ཀྱི་རེད། དཔེར་ན། ཆོས་རྒྱལ་མྱ་ངན་མེད་འདྲ་བོ་ཞིག་ཡིན་ནའང་། བསམ་བློ་བཏང་ཡོང་དུས།དུས་རྒྱུན་ང་རང་ཚོས་བསྟན་པ་གནས་པ་དང། བསྟན་པ་རྒྱུན་སྐྱོང་བ་དང་།བསྟན་པ་སྤེལ་ཡ་དེ་སྟོན་པའི་གཏབ་རབས་དང་། རྒྱན་དྲུག་མཆོག་གཉིས། གནས་བརྟན་བཅུ་དྲུག་དེ་ཚོ་དཔེ་མི་སྲིད་པའི་རྩ་ཆེན་པོ་བརྩིས་ཏེ་ལོ་རྒྱུས་ནང་ལ་ཡང་དེ་ཚོ་བྲིས། གསོལ་བ་ཡང་དེ་ཚོ་ལ་བཏབ། བསྟོད་པ་ཚིགས་བཅད་གཅིག་མ་གཏོགས་ཕུལ་རྒྱུ་མེད་ནའང་དེ་ཚོ་ལ་ཕུལ་བ་ལས། ཆོས་རྒྱལ་མྱ་ངན་མེད་ལ་བསྟོད་པ་ཕུལ་བ་ཞིག་ཕལ་ཆེར་ང་ཚོ་མེད་པ་ལྟ་བུ་རེད། ཡིན་ནའང་ཆོས་རྒྱལ་མྱ་ངན་མེད་ན་ནང་པ་སངས་རྒྱས་པའི་བསྟན་པ་ཕལ་ཆེར་མེད་པ་ཆགས་ཡོད་པ་རེད། ཆགས་སྲིད་པ་རེད། དེ་བཞིན་དུ་ཀཎིཤིཀཱ། དེའི་ཕྱིས་སུ་སོག་པོའི་རྒྱལ་པོ། འཇར་པན། ཝེ་ཐི་ནམ། ང་རང་ཚོ་བོད་ལ་མཚོན་ན། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། སྲོང་བཙན་སྒམ་པོ། ཁྲི་རལ་བ་ཅན་དེ་ཚོ་མེད་པ་ཡིན་ན། མཁས་གྲུབ་བླ་མ་ཧ་ལས་པ། ཧོན་འཐོར་བ་ག་འདྲ་ཞིག་ཕེབས་པ་ཡིན་ནའང་ཕལ་ཆེར་དཀའ་ལས་ཁག་པོ་རེད།
དེ་འདྲ་ཡིན་དུས་བསྟན་པའི་སྦྱིན་བདག་ཟེར་བ་དེ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་རེད། དེ་གཅིག་རེད། དེ་འདྲ་ཡིན་དུས། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ཟེར་བ་དེ་གཙོ་བོ་དང་པོ་མགོ་འཛུགས་དུས་ང་རང་གི་རྫོང་སར་དགོན་པ་དང་། བཤད་གྲྭ། དེ་ཚོ་ཁ་ཤས་ཤིག་ལ་མུ་མཐུད་མཐུན་རྐྱེན་སྦྱར་རྒྱུའི་ཆེད་དུ་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་ཟེར་བ་དེ་མགོ་འཛུགས་བྱས་པ་རེད། དེའི་མཇུག་ལ་ཅུང་བློ་སྟོབས་རྒྱ་སྐྱེད་བྱས་ནས་ང་རང་ཙམ་གྱི་མ་ཡིན་པར། ཆོས་ལུགས་ཡིན་ནའང་རང་ཉིད་གཅིག་པུ་མ་ཡིན་པ། ཆོས་ལུགས་ཁག་འདྲ་མིན་ནས་སློབ་གཉེར་བྱེད་འདོད་ཡོད་པ་དང་། ཉམས་ལེན་འདྲ་བྱེད་འདོད་ཡོད་མཁན་ཚོར་ང་རང་ཚོའི་ནུས་པ་གང་ལྕོགས་ཀྱིས་རྒྱབ་སྐྱོར་དང་འཚོ་བའི་མཐུན་རྐྱེན་སྦྱར་ཨེ་ཐུབ་བལྟས་པ་རེད། དེའི་རྗེས་སུ་ད་དུང་བློ་སྟོབས་རྒྱ་སྐྱེད་བྱས་ནས་དེང་སང་ཕྱི་རྒྱལ་ཁག་ནས་ང་ཚོ་ནང་པའི་ཆོས་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་རྗེའི་འཇུག་པ་མ་ཟད་པའི་རྒྱུ་མཚན་གྱིས་སྔོན་ནང་པ་སངས་རྒྱས་པའི་མཚན་གོ་ཡང་མ་མྱོང་བའི་རྒྱལ་ཁབ་དེ་ཚོའི་ནང་ལ་ནང་པའི་ཆོས་ལ་དོན་གཉེར་དང་། དེ་མིན་ཚོད་ལྟ་ཙམ་རེ་བྱེད་མཁན་དེ་འདྲ་རེ་ཡོད་ནའང་ཡག་པོ་ཞེ་དྲག་རེད། ཚོད་ལྟ་བྱེད་མཁན་ཡོད་ན་ང་ཚོ་ནང་སངས་རྒྱས་པ་ལ་རྐུབ་རྡོལ་ཡོང་རྒྱུ་ནི་མེད། ད་དུང་དེ་ལས་ཡག་ཏུ་འགྲོ་གི་རེད། དེ་འདྲའི་ཚོད་ལྟ་བྱེད་མཁན་མང་པོ་ཞིག་ལ་མཐུན་རྐྱེན་སྦྱར་གི་ཡོད་རེད།
ཕྱོགས་གཅིག་ནས་ང་ཚོ་སྐྱབས་བཅོལ་བ་ཡིན་དུས་སྐྱོ་བོ་ཡིན་ཆགས་རེད། ཡིན་ནའང་ཕྱོགས་གཅིག་ནས་བསམ་བློ་བཏང་ན། ཕྱི་རྒྱལ་གྱི་ནང་ཆོས་དོན་གཉེར་བ་དེ་ཚོའི་ནང་ལ་ང་ཚོ་ལས་ཀྱང་སྐྱོ་བ་དེ་འདྲ་ཡོད་རེད། ཆོས་ལ་དོན་གཉེར་ནི་ཧ་ཅང་ཆེན་པོ་དེ་འདྲ་ཡོད་པ་རེད། དེ་ཚོ་ལ་མཐུན་རྐྱེན་སྦྱར་ཡ་དེ་གནད་འགག་ཆེན་པོ་ཞིག་རེད་བསམ་ནས་དེ་འདྲའི་ལས་འགུལ་ཞིག་སྤེལ་བ་རེད། དེ་ནས་ད་དུང་བློ་ཁོག་རྒྱ་སྐྱེད་ཅིག་བྱས་ཡོང་དུས། འཛམ་བུ་གླིང་འདི་ལ་ཕྱི་ནང་གང་ས་ཅི་ཐད་ནས་འགུལ་སྐྱོད་རྒྱབ་མཁན་ཆེ་ཤོས་དེ་སློབ་སྦྱོང་བྱེད་སའི་བསྟི་གནས། དེའི་ནས་ཀྱང་གཙུག་ལག་སློབ་གྲྭ་ཆེན་པོ་དེ་ཚོའི་ནང་ནས་ཐོན་ཡོང་མཁན་ཚོ། མ་འོངས་པའི་འཛམ་བུ་གླིང་ཡག་ཉེས་དང་། བསྒྱུར་བཅོས་གཏོང་མཁན་དེ་ཚོའི་ནང་ནས་ཐོན་ཡོང་གི་ཡོད་རེད། དེ་འདྲ་ཡིན་དུས། ང་ཚོ་ནང་ཆོས་ཀྱི་སློབ་སྦྱོང་དེ་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་དང་། གཙུག་ལག་སློབ་གྲྭ་གནད་འགག་ཆེན་པོ་དེ་ཚོའི་ནང་ཆོས་ལུགས་གཞན་ཧིན་དྷི་དང་། དཔེར་ན། ཁ་ཆེ་དང་། ཧིན་དྷི་དེ་ཚོར་སློབ་སྦྱོང་བྱེད་སའི་ཆ་རྐྱེན་ཡོད་རེད། ནང་པའི་ཕྱོགས་ལ་སྤྱིར་བཏང་ཡོད་རེད་དེ། ཧ་ལས་པ་ཞིག་བྱུང་ཐུབ་ཡོད་མ་རེད། ད་དུང་ཡིན་ནའང་དེ་འདྲའི་རྒྱ་ཆེན་པོ་ཞིག་བྱུང་ཐུབ་ཡོད་མ་རེད།
དེ་འདྲ་ཡིན་དུས་ང་ཚོ་མཁྱེན་བརྩེ་ཐེབས་རྩ་ཚོགས་པས་དམིགས་བསལ་གྱིས་ཤུགས་ག་རེ་རྒྱབ་ཀྱི་ཡོད་རེད་ཅེ་ན། ཨ་མི་རི་ཀ་དང་། ཨོསིཁྲོལིཡ། དེ་འདྲའི་རྒྱལ་ཁབ་འདྲ་མིན་ནང་གཙུག་ལག་སློབ་གྲྭ་གནད་འགག་ཆེན་པོ་དང་། དཔེར་ན། ཚོང་པ་ཤུགས་ཆེན་པོ་དང་། སྲིད་དོན་གྱི་དབུ་ཁྲིད་དེ་ཚོའི་བུ་ཕྲུག་ཚོས་སློབ་སྦྱོང་བྱེད་ས་དེ་ཚོའི་ནང་ལ་ནང་ཆོས་ཀྱི་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་དང་ཆ་རྐྱེན་ཞིག ད་ང་ཚོས་ཁ་ཤས་འཛུགས་ཐུབ་ཡོད་པ་རེད། དཔེར་ན། ཨ་རིའི་ནཱདཱིལིའི་གཙུག་ལག་སློབ་གྲྭ་ཟེར་བ་དེ་གཙུག་ལག་སློབ་གྲྭ་ཆེན་པོ་ཞིག་ཆགས་ཡོད་རེད། དེའི་ནང་དུ་ནང་ཆོས་སློབ་སྦྱོང་བྱེད་སའི་ཆ་རྐྱེན་ཞིག་གཏན་འཇགས་བཙུགས་ཐུབ་ཡོད་རེད། འཇར་པན་གྱི་ཧམ་བིརིཇེ་གཙུག་ལག་སློབ་གྲྭ། ཉེ་ཆར་ཨོཀསིཕྷོར་དང་དེ་ཚོའི་ནང་ལ་བཙུགས་དང་འཛུགས་བཞིན་པ་ཡིན། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་འཛུགས་དགོས་པའི་རྒྱུ་མཚན་གཅིག་འདི་ཡིན། སྔོན་མ་ཡིན་ན་བསྐལ་པ་བཟང་པོའི་སྐབས་སུ་བླ་མ་ཡང་ཡག་པོ་བྱུང་ཡོད་རེད། སློབ་མ་ཡང་དད་པ་མོས་གུས་ཤུགས་ཆེན་པོ་ཡོད་མཁན་དེ་འདྲ་བྱུང་ཡོད་རེད། ཡིག་ལྐོག་ནང་ལ་དངུལ་ག་རེ་བཙུད་ཡོད་ཡོད་པ་དེ་རྩིས་ཁྲ་ལ་སོགས་པ་གང་ཡང་མེད་པར་ཡར་ཕུལ་ན། བླ་མས་ཀྱང་གཟིམས་ཁྲིའི་འོག་ལ་བླུགས་ན། ལྕགས་སྒམ་ནང་ལ་བླུགས་ན་དད་རྫས་ཆུད་མ་གཟན་པ་ཞིག་ཡོང་གི་ཡོད་རྒྱུ་རེད། མ་གཞི་འདྲ་མིན་སྣ་ཚོགས་རེད། གང་ལྟར་དེ་འདྲ་ཆགས་པའི་དབང་གིས་ད་ལྟའི་བར་དུ་བོད་གངས་ཅན་གྱི་ལྗོངས་སུ་བསྟན་པ་གནས་དང་གནས་བཞིན་པ་རེད། དེ་དུས་མི་རྣམས་ཀྱང་དོགས་པ་དེ་འདྲ་ཞེ་དྲག་ཡོད་མ་རེད།
ཡིན་ནའང་དེང་སང་དུས་ཚོད་འགྱུར་ཚར་རེད། བླ་མ་ཡང་སྤྲུལ་སྐུ་འདྲ་མིན་སྣ་ཚོགས་གསར་པ་མང་པོ་ཐོན། མ་གཞི་ནས་གང་ཟག་གི་ཚོད་སུས་བཟུང་ཤེས། དེ་ཚོའི་ནང་ལ་ཡག་པོ་དང་སྡུག་ཅག་འདྲ་མིན་ཡོད་རེད། ཆོས་བེད་སྤྱད་བཏང་ནས་འཚོ་བ་རོལ་མཁན་དེ་འདྲ་ཡང་ཧ་ཅང་མང་པོ་ཞེ་དྲག་ཅིག་ཡོད་རེད། སྦྱིན་བདག་དེ་ཚོའི་ནང་ལ་ཡང་ཆོས་ལ་དད་པ་བྱས། ཡིན་ནའང་བསམ་བློ་ཡག་པོ་བཏང་མ་ཤེས་དུས་དད་རྫས་ཆུད་ཟོས་འགྲོ་བའི་གནས་ཚུལ་དེ་འདྲ་རྟག་པར་གོ་བསྡད་ཀྱི་ཡོད་རེད། སྤྱི་ཚོགས་ཀྱི་དངུལ་ཟེར་བ་དེ་རྩིས་ཁྲ་ཕྱི་གསལ་ནང་གསལ་ཡོད་པ། སྤྱི་ཚོགས་ཀྱི་དངུལ་གྱི་བེད་སྤྱད་དེ་དངོས་ནས་བྱས་ན། སྤྱི་ཚོགས་རང་གི་མང་གཙོའི་སྟེང་ནས་ཐག་གཅོད་ཀྱི་ཡོད་རེད། དེ་དེང་སང་འཛམ་གླིང་གི་ལུགས་སྲོལ་ཞིག་ཆགས་བསྡད་ཡོད་པ་རེད་ལ། ལུགས་སྲོལ་ཡག་པོ་ཞིག་ཀྱང་རེད། ད་མི་རེ་གཉིས་བྱང་ཆུབ་སེམས་པ་ཆེན་པོ་དེ་འདྲས་ཐག་གཅོད་ཐུབ་ན་ཡག་པོ་ཞེ་དྲག་རེད་དེ། དེ་སུ་ཡིན་གང་ཟག་གི་ཚོད་བཟུང་ཐུབ་ཀྱི་མ་རེད། སུ་ཡིན་ཧ་གོ་གི་མ་རེད། དེ་འདྲ་ཡིན་དུས། མཁྱེན་བརྩེ་ཐེབས་རྩ་ཚོགས་པ་འཛུགས་དགོསཔའི་རྒྱུ་མཚན་གཅིག་དེ་ང་ཚོས་མ་འོངས་པར་དགོན་པ་དང་། བཤད་གྲྭ། སྒྲུབ་གྲྭ་དེ་ཚོའི་སྒྲིག་འཛུགས། ཆོས་ཀྱི་སྒྲིག་འཛུགས་དེ་ང་རང་ཚོ་ལ་ཡོད་བསྡད་པ་ཡིན་དུས་བཤད་མ་དགོས་པ་རེད། ཡིན་ནའང་འཚོ་བ་དང་མཐུན་རྐྱེན་གྱི་སྐབས་སུ་དཔལ་འབྱོར་གྱི་སྒྲིག་འཛུགས་ཐད་མིག་དཔེ་ཞིག་ཐོན་མི་ཡོང་ངམ་སྙམ་ནས་བཙུགས་པ་ཞིག་རེད།
ཆོས་དུང་། མཁྱེན་བརྩེ་སྐུ་གོང་མ་གཉིས་ལ་མཚོན་ན། བོད་ཀྱི་ལོ་རྒྱུས་སྟེང་རིས་མེད་མཁས་པ་ཀུན་གྱི་གཙུག་རྒྱན་ལྟ་བུར་གྱུར་ཡོད་པ་མ་ཟད། ཕྱག་རྗེས་ཀྱི་ཆ་ནས་ཀྱང་རིས་མེད་ཀྱི་དབང་ལུང་མན་ངག་བསྡུ་སྒྲིག་དང་། འཆད་ཉན། བསྒོམ་བསྒྲུབས་ཀྱིས་གཏན་ལ་དབབ་སྟེ་གསུང་འབུམ་ཡང་མང་པོ་བཞག་པ་སོགས་རླབས་ཆེན་གྱི་མཛད་པ་བསམ་ཡུལ་ལས་འདས་པ་བསྐྱངས་ཡོད། སྐུ་ཉིད་དེ་གཉིས་ཀྱི་སྐྱེ་ཕྲེང་ཡིན་པའི་ཆ་ནས། ཆོས་ལུགས་རིས་མེད་ཅེས་པའི་ཐད་གོ་བ་ཇི་ལྟར་ལེན་གྱིན་ཡོད་དམ།
ལན། ད་ཆོས་ལུགས་རིས་མེད་ཟེར་བ་དེར་ངས་བསམ་བློ་འདི་འདྲ་བཏང་གི་ཡོད། དངོས་ནས་བྱས་ན་དགོས་རྒྱུ་ངེས་ཅན་ཞིག་རེད། ཡིན་ན་ཡང་ཆོས་ལུགས་རིས་མེད་ཟེར་དུས་སྐྱབས་འགྲོ་དེ་ས་སྐྱའི་སྐྱབས་འགྲོ། སེམས་བསྐྱེད་དེ་རྙིང་མའི་སེམས་བསྐྱེད། འདོན་པ་དངོས་གཞི་དེ་དགེ་ལུགས་ཀྱི་འདོན་པ་ཟེར་བ་འདྲ་བོ་དང་། སྨོན་ལམ་དེ་བཀའ་བརྒྱུད་ཀྱི་སྨོན་ལམ་ཟེར་བ་ལྟ་བུའི་ཆ་ལ་ཆོ་ལེ་དཔེར་ན། ཐུག་པ་འདྲ་བོ་དེ་ཞིག་རྩ་བ་ནས་ཡིན་ས་མ་རེད། དཔལ་ལྡན་ས་སྐྱ་པ་འདྲ་ཞིག་ཡིན་ན། ས་སྐྱ་པའི་ཆོས་ག་འདྲ་ཡིན་པ་དེ་ཇི་འདྲ་ཞིག་ཡིན་པ་དེ་ཇི་མ་ཇི་ལྟ་བ་བཞིན་ཉམས་སུ་བླངས་པ་ཡིན་ན། ས་སྐྱ་པའི་ནང་ལ་ཞེན་པ་བཞི་བྲལ་འདྲ་བོ་ཞིག་ལ་བསམ་བློ་བཏང་བཞག་པ་ཡིན་ན་ཡང་། ཞེན་པ་བཞི་བྲལ་དེ་དངོས་སུ་ཁ་ཡོད་ལག་ཡོད་ཉམས་སུ་བླངས་བཞག་པ་ཡིན་ན། རིས་མེད་ཏན་ཏན་ཆགས་འགྲོ་གི་རེད། ཚེ་འདི་ལ་ཞེན་ན་ནི་ཆོས་པ་མ་རེད་གསུངས་ཡོད་པ་རེད། འཁོར་བ་ལ་ཞེན་ན་ནི་སོགས་གསུངས་ཡོད་རེད། དེ་འདྲ་ཡིན་དུས་རིས་མེད་ཏན་ཏན་ཆགས་ཀྱི་ཡོད་ས་རེད། ཡིན་ན་དམིགས་སུ་བཀར་ནས་རིས་སུ་མ་ཆད་པ་ཞིག་དགོས་ཀྱི་རེད་གསུངས་མཁན་དེ། སྔོན་མ་བོད་ལ་བཀའ་མོལ་དེ་འདྲ་བྱུང་སོང་བ་རེད།
གཙོ་ཆེ་བ་ཤུགས་རྒྱབ་མཁན་དེ་འཇམ་དབྱངས་མཁྱེན་བརྩེ་དང་། འཇམ་མགོན་གོང་སྤྲུལ་རྣམ་པ་གཉིས་ཡིན་རྒྱུ་རེད་བསམ་གྱི་འདུག ཡིན་ན་ང་རང་སྒེར་གྱི་བསམ་བློ་བཏང་སྟངས་བྱས་པ་ཡིན་ན། རིས་མེད་ཟེར་བ་དེ་དཔེ་མི་སྲིད་པའི་དཀའ་ལས་ཁག་པོ་ཞིག་རེད། དེའི་ནང་ནས་ང་ཚོ་བོད་པའི་གོམས་གཤིས། བོད་པའི་མིའི་གོམས་གཤིས་ལ་རིས་མེད་ཟེར་བ་དེ་སྡུག་ཅག་གི་གྲས་ལ་སླེབས་བསྡད་ཡོད་རེད། མི་མདོ་མེད་ཀྱི་གྲས་ལ་སླེབས་བསྡད་ཡོད་རེད། རིས་མེད་ཟེར་བ་དེ་གལ་སྲིད་སྙན་མོ་ཞིག་བཤད་ན། དེ་སྲིད་དོན་གྱི་སྐད་ཆ་རེད། ཡོང་ཡ་མེད་པའི་སྐད་རེད་ཅེས་དེ་འདྲ་དྲན་མཁན་མང་པོ་རེད། བོད་མིའི་གོམས་གཤིས་དེ་ལ་ལ་ཕར་ནང་ཚུར་ནང་། ཆུ་ཕར་ནང་ཚུར་ནང་ལ་ཡང་ཁོང་ཚོ་དང་ང་ཚོ་ཟེར་ནས། ཁ་ཕོ་རིས་དང་སྣ་ཕོ་རིས་ཟེར་ནས་དེ་འདྲའི་སྐད་བཤད་ཡ་ལ་དགའ་བོ་ཞེ་དྲག་རེད། ང་ཆོས་ལུགས་འདི་འདྲ་རེད། ཁོ་ཆོས་ལུགས་དེ་འདྲ་རེད། ཁ་དོག་དཀར་དམར་ཡན་ཆད་ནས་ང་ཚོས་ཞྭ་མོ་དམར་པོ་གྱོན་གྱི་རེད། ཁོ་ཚོའི་ཞྭ་མོ་སྔོན་པོ་གྱོན་གྱི་རེད།
བོད་དེ་ཕྱོགས་གཅིག་ནས་ང་ཚོས་བོད་ཆོས་ལྡན་རྒྱལ་ཁབ་ཅེས་རྒྱ་ཆེན་པོ་དང་རྫིག་པོ་དེ་འདྲ་བཤད་རྒྱུ་ཡོད་རེད་དེ། ཕྱོགས་གཅིག་ནས་ས་ཁུག་ལུང་ཁུག་གི་རྒྱལ་ཁབ་ཅིག་རེད། ལྟ་རྒྱ་མཐོང་རྒྱ་རྩ་ནས་མེད་མཁན། ཕྱིའི་རྒྱལ་ཁག་གི་ནང་དུ་ཡང་ང་དགུ་ལོ་སྔོན་ལ་བྱུས་གཏོགས་རྩ་ནས་མ་བྱས། སེམས་པ་རྒྱ་ཆུང་ཆུང་། བོད་ཀྱི་ཕྱི་ལོག་ཏུ་ཡོད་ཚད་ཐམས་ཅད་ལྐུག་པ། མུན་པའི་གླིང་། ཀླ་ཀློའི་རང་བཞིན་ཅན་དེ་འདྲ་ཞིག་ཏུ་བརྩིས་ནས་ལྷག་བསྡད་པའི་རྒྱལ་ཁབ་ཅིག་རེད། དེའི་གོམས་གཤིས་དེ་དཔེ་མི་སྲིད་པའི་ཁྱད་མཚར་ཞིག་ཡོད་རེད། ང་ཚོ་དང་ཁོང་ཚོ་ཟེར་བའི་སྐད་ཆ་མང་པོ་བཤད་དགོས་མཁན་ཞིག དེ་འདྲ་ཡིན་དུས། བསམ་བློ་དངོས་གནས་ཤིག་བཏང་བ་ཡིན་ན། གྱོང་རག་ཡོད་པ་རེད་དྲན་གྱི་འདུག དཔེ་ཞིག་བཞག་ན། ཕྱི་རྒྱལ་གྱི་གཙུག་ལག་སློབ་གྲྭ་ཞིག་གི་ནང་ལ་ད་ལོ་ཚན་རིག་པ་ཞིག་གིས། དཔེར་ན། དངོས་པོ་རྫས་ག་རེ་ཡིན་ནའང་། གཅིག་གི་སྟེང་ལ་བརྟག་དཔྱད་བཏང་ནས་གྲུབ་འབྲས་གསར་བ་ཞིག་ཐོན་པ་ཡིན་ན། གཙུག་ལག་སློབ་གྲྭ་གཞན་པ་ཚོས་དེ་ལ་ཕྱོགས་རིས་བྱས་ནས་དེའི་སྐོར་ལ་དགག་པ་རྒྱག་རྐྱང་། དེ་མ་རེད་ཟེར་གྱི་མ་རེད་ཟེར་བ་དེ་འདྲ་བྱེད་ཀྱི་མ་རེད། དེ་ཡང་དང་དུ་བླངས། དེ་འདྲ་ཡིན་ས་རེད་བསམ།
དེ་ལ་དོ་སྣང་བྱས་ནས་ཕྱི་རྒྱལ་དེ་ཚོ་ཡར་རྒྱས་འགྲོ་ཡི་ཡོད་རེད། དེ་ཆོས་ཀྱི་སྐོར་ལ་ཟེར་གྱི་ཡོད་མ་རེད། རྫས་དང། ཚན་རིག དཔལ་འབྱོར་གྱི་སྟེང་ནས་རིག་པ་དེ་ག་ས་གང་དུ་ག་འདྲ་ཡོད་ནའང་། དེ་འདྲ་ཡིན་དུས། ང་རང་ཚོས་དངོས་གནས་བྱས་ན། ས་སྐྱ་དང་། བཀའ་བརྒྱུད། རྙིང་མ། དགེ་ལུགས། བསམ་བློ་ཡག་པོ་བཏང་ཡོང་དུས་སྐབས་ལ་ང་ཚོའི་ནང་ལ་ཡོད་པའི་ཉམས་ལེན་ཟེར་ན་རེད། ཤེས་ཡོན་ཟེར་ན་རེད། དེ་ཚོ་ཡོངས་རྫོགས་དེ་མི་ཧ་ལས་པ་དེ་ཚོའི་སྐད་ཆ་རེད། ཌོམ་བུ་ཧེ་རུ་ཀ ནག་པོ་པ། ཏེ་ལོ་པ། དཔེ་མི་སྲིད་པའི་མཁས་པ་བསམ་བློ་མང་པོ་བཏང་ན་གཏོང་ཐུབ་མཁན་གྲུབ་ཐོབ་དེ་ཚོ། མཁས་པ་དེ་ཚོ། བིར་ཝ་པ་ཟེར་བ་འདྲ་བོ། དེ་ཚོ་ནས་མར་བརྒྱུད་པའི་བསམ་བློ་བཏང་སྟངས་ཤིག་རེད་བསྡད་ཡོད་རེད། ཆོས་ཟེར་ན་མ་ཟེར་ན། དེ་འདྲ་ཡིན་དུས། དེ་ཚོ་ཚང་མར་དོ་སྣང་བྱས་ནས་བདག་པོ་རྒྱག་མི་ཐུབ་ནའང་། དེ་ནས་བརྒྱུད་བཞག་པ་དེ་སྡུག་ཅག་རེད། ཡག་པོ་མ་རེད། སྤངས་དགོས་རེད། ང་ཚོའི་དེ་རང་ཡག་ཤོས་རེད་ཟེར་བའི་བསམ་བློ་དེ་གང་ལ་གང་འཚམས་ཀྱི་རྒྱ་ཆུང་ཆུང་རེད་བསྡད་ཡོད་ས་རེད། ཡིན་ནའང་དེ་བསམ་བློ་བཏང་དཔེ་དཀའ་ལས་ཁག་པོ་རེད། བོད་ནང་ལ་ཡང་ལོ་རྒྱུས་སྟེང་ནས་མར་བལྟ་ཡོང་བའི་སྐབས་ལ། ཨ་ཧོ། ཆོས་ལུགས་རིས་སུ་མ་ཆད་པ་དང་། དེ་ཡང་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ལ་རིས་སུ་མ་ཆད་པ་གནང་མཁན་དཔེ་མི་སྲིད་པ་དཀོན་པོ་ཡིན་ས་དྲན་གི་འདུག
ད་དེ་ང་རང་གི་རང་གི་ཆོས་ལུགས་ལ་རང་བསྟོད་འདྲ་ཞིག་ཆགས་ཀྱི་འདུག་སྟེ། ངས་སྔོན་ཡང་འཇམ་དབྱངས་མཁྱེན་བརྩེ་དང་། འཇམ་མགོན་ཀོང་སྤྲུལ་ནང་བཞིན་སྔར་ཡང་བྱོན་ཨེ་ཡོད་ན་བསམ་གྱི་འདུག ཡོད་སྲིད་པ་རེད། ང་མཐོང་རྒྱ་ཆུང་ཆུང་རེད། ཡོད་ན་མཁས་པ་ཚོས་ཞིབ་འཇུག་གནང་དགོས་པ་ཞིག་ཆགས་བསྡད་ཡོད་རེད། དཔེ་དཀའ་ལས་ཁག་པོ་རེད། ངས་བསམ་བློ་བཏང་ན། དེ་ནས་སྔོན་མ་ང་ཚོ་རྫོང་སར་བཤད་གྲྭ་དེ་ལ་ངས་མཁན་པོ་ཀུན་དགའ་དབང་ཕྱུག་ཞལ་བཞུགས་པའི་སྐབས་སུ་ཡང་ཁ་རུ་ཁ་ཐུག་ཞུས་པ་ཡིན།
སྔོན་མ་རྫོང་སར་བཤད་གྲྭ་འདི་ཡང་རིས་མེད་ཡིན་མདོག་མདོག་དེ་འདྲ་གནང་གི་རེད། རྩ་ནས་མ་གནང་རོགས་གྱིས། གང་རེད་ཟེར་ན། ས་སྐྱ་པ་རང་ཡིན་ཞེས་གསུངས་རོགས་གྱིས། རིས་མེད་ཟེར་བ་དེ་དངོས་སུ་ཁ་ཡོད་ལག་ཡོད་བྱེད་མ་ཐུབ་པ་ན། རིས་མེད་ཟེར་བ་དེ་པད་ཤག་བསྡུ་རུབ་བྱེད་རྒྱུའི་ཆེད་དུ་བཀོལ་བ་ཡིན་ན། ཆོས་ཕྱོགས་ནས་ཀྱང་ལོག་འཚོ་ཆགས་ཀྱི་རེད། དེ་འདྲ་ཡིན་དུས་རིས་མེད་ཟེར་བ་དེ་དཔེ་མི་སྲིད་པའི་དཀའ་ལས་ཁག་པོ་ཞིག་ནི་རེད། ཡིན་ནའང་བྱེད་དགོས་པ་ཞིག་ནི་ངེས་པར་དུ་རེད། བཟོ་ཐུབ་ན་ནི། གང་ཡིན་ཟེར་ན། འདི་ཡང་ཡག་པོ་ཡོད་མ་རེད། ཕར་ཡང་ཅེས་རྒྱུ་མཚན་གཞན་ཡང་གང་ཡང་ཡོད་པ་མ་རེད། ལ་ཕར་ནང་ཚུར་ནང་གི་སྐད་ཆ་རེད། ང་ཚོ་ལ་ཚུར་ནང་གི་མིའི་སྐད་ཆ་ཡིན། ཞེས་ལ་ཕར་ནང་གི་མི་ལ་རིག་པ་ཡག་པོ་ཞིག་ཡོད་ནའང་། བསམ་བློ་གཏོང་སྟངས་ཡག་པོ་ཞིག་ཡོད་ནའང་དང་དུ་མི་ལེན་པ། གང་ལྟར་བཤད་ན། ངས་དུས་རྒྱུན་ཁམས་པ་ཚོ་ལ་རྩེད་མོ་རྩེད་ཀྱི་ཡོད།
ཁ་ཕོ་རིས་ཀྱི་མཚན་ཉིད་དེ་གང་ཡིན་ཟེར་ན། རང་ལ་ཡོད་པའི་སྐྱོན་ཞིག་ཡིན་ནའང་ཡོན་ཏན་དུ་བརྩི་བ། གཞན་ལ་ཡོད་པའི་ཡོན་ཏན་ཞིག་ཡིན་ནའང་སྐྱོན་དུ་བརྩི་བ་དེ་ཁ་ཕོ་རིས་ཀྱི་མཚན་ཉིད་རེད། དེ་ཡིན་དུས། དེས་དཔེ་མི་སྲིད་པའི་གྱོང་རག་གི་འདུག་ཅེས་ངས་བཤད་ཀྱི་ཡོད། ཆོས་ཕྱོགས་ནས་བཤད་ན་ཡིན་ད་ཡིན། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྤངས་དགོས་པའི་ལས་ཞིག་རེད་མ་གཏོགས། བསྒྲུབ་དགོས་པའི་ལས་ཞིག་མ་རེད། ཡིན་ནའང་། དཔེ་དཀའ་ལས་ཁག་པོ་རེད། བླ་མ་དབུ་དཀར་པོ་ཕར་མཇལ་ས་ལ་གནས་བརྟན་འོད་སྲུངས་འདྲ་བོ་དེ་ཚོ་ཡང་ཆོས་ལུགས་ལ་སླེབས་ཡོང་དུས་ཕྱོགས་རིས་ཁོང་ཚོ་ལས་ཆེ་ཞིག་མེད་མཁན་དེ་འདྲ་ཤ་སྟག་རེད། དེ་ལས་ང་ཚོ་ཕོ་སར་ཚོ་ཅུང་ཟད་དྲག་གི་འདུག དངོས་གནས་ཡིན། ང་ཚོས་ད་དུང་དེ་འདྲ་བྱས་ན་ཡག་གི་མ་རེད་ཅེས་བསམ་གི་ཡོད། ད་ལྟ་ངས་ཞུས་པ་ནང་བཞིན་གནས་བརྟན་འོད་སྲུངས་འདྲ་བོ་དེ་ཚོ་ཡང་། ཚོགས་འདུ་འདྲ་བོ་ལ་སླེབས་ཡོང་དུས་རིས་མེད་ཡིན་ན་ཅིག་དགོས་ཀྱི་རེད་གསུངས་བསྡད་པ་ལས། ལྐོག་ནས་ཕྱོགས་རིས་ཁོང་ཚོ་ལས་ཆེ་བ་མེད་པ་ཤ་སྟག་རེད།
ཆོས་དུང་། མཁྱེན་བརྩེ་ཐེབས་རྩ་ཚོགས་པར་དམིགས་ཡུལ་ཆེན་པོ་ལྔ་ཡོད་པ་ལས་ཡིག་བསྒྱུར་གྱི་ཁོངས་སུ་བཀའ་འགྱུར་ཨིན་བསྒྱུར་བྱེད་རྒྱུ་དེ་ཚུད་ཡོད་ལ། དེ་ནི་ཧ་ཅང་དཀའ་ཁག་ཆེ་བའི་བྱ་བ་ཞིག་ཀྱང་རེད། འོན་ཀྱང་རིན་པོ་ཆེ་མཆོག་གིས་འདི་ལྟ་བུའི་རླབས་ཆེན་གྱི་ཕྱག་ལས་ཤིག་དབུ་འཛུགས་གནང་བར་ཐུགས་སྟོབས་དེ་འདྲ་ཞིག་ཇི་ལྟར་འཁྲུངས་བ་དང་། ལས་གཞི་དེ་ལོ་ཇི་ཙམ་གྱི་ནང་མཇུག་སྒྲིལ་ཐུབ་པ་བྱེད་འཆར་ཡོད་དམ།
ལན། མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་ནང་ལ་བཀའ་འགྱུར་བསྒྱུར་རྒྱུའི་ལས་ཀ་ཞིག་ཡོད་པ་རེད། དེ་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་འདི་འདྲ་རེད། དེའི་སྐོར་ཁྱེད་ཀྱིས་བཀའ་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ལ་བོད་པའི་སྤྱི་ཚོགས་ནང་ནས་ཁ་ཤས་ཤིག་གིས་ཐུགས་སྣང་ཁྱད་མཚར་དེ་འདྲ་ཡོད་ས་རེད། ངའི་དྲྭ་རྒྱ་ནང་ལ་དེ་འདྲ་འདུག་ཅེས་ངས་གོ་སོང་། ཡིན་ནའང་ང་ལ་ལྟ་ཁོམ་མ་བྱུང་། ཡིན་ནའང་འདིར་གསལ་བཤད་ཅིག་བྱེད་རྒྱུ་ཡོད། སྤྱིར་བཏང་ཐོག་མར་མཁྱེན་བརྩེ་ག་རེ་བྱས་པ་རེད་ཅེ་ན། སྐད་བསྒྱུར་གྱི་ཚོགས་འདུ་ཞིག་ལ་ང་ཚོས་འགྲོ་སོང་གཏོང་གི་ཡིན་ཞེས། མཁྱེན་བརྩེ་ཐེབས་རྩ་ཚོགས་པས་སྐད་བསྒྱུར་གྱི་སྟེང་ནས་ལས་ཀ་བྱས་པ་ཡིན་ན། ང་ཚོས་རོགས་པ་བྱེད་ཀྱི་ཡིན་ཟེར་མཁན་གྱི་ཨ་རིའི་མི་ཞིག་ཐུག་བྱུང་། ཁོས་དངུལ་སྤྲོད་ཀྱི་ཡོད་དུས་ང་ཚོས་སྐད་བསྒྱུར་གྱི་ཚོགས་འདུ་ཞིག་འཚོག་གི་ཡིན་ཞེས། སྐད་བསྒྱུར་གྱི་འཚོགས་འདུ་ཞིག་འཚོགས་པ་རེད། གཙུག་ལག་སློབ་གྲྭ་ལྔ་བཅུ་ང་གཉིས་ཙམ་གྱི་མི་སྣ་གནད་འགགས་ཆེན་པོ་མང་པོ་ཞིག ང་ཚོའི་ས་ཁུག་ལུང་ཁུག་སྦིར་ཕེེབས་པ་རེད། ཚོགས་འདུ་ཉི་མ་མང་པོ་འཚོགས་པ་རེད། འཚོགས་འདུ་ཧ་ཅང་ཡག་པོ་བྱུང་བ་རེད།
ཕར་བཤད། ཚུར་བཤད། གང་སྤྱིའི་དོན་དག་གཙོ་བོ་དེ་ག་རེ་བཤད་པ་རེད་ཅེ་ན། ང་རང་ཚོ་བོད་པ་བླ་མ་དེ་ཚོས་ད་ལྟ་ཕྱི་རྒྱལ་གྱི་མགོ་སེར་པོ་དང་། དམར་པོ་དང་། ནག་པོ་དེ་ཚོས་མང་པོ་ཞིག་བསྒྱུར་གི་ཡོད་པ་རེད། དེ་ལ་དོ་སྣང་ཞེ་དྲག་གནང་གི་ཡོད་མ་རེད། ཁག་ཡོད་པ་མ་རེད། བསྟན་པ་དང་དགོན་པའི་ཕྱག་ལས་མང་པོ་རེད། ཕྱོགས་གཅིག་ནས་ང་རང་ཚོ་བོད་པའི་བླ་མ་དེ་ཚོས་ང་རང་ཚོའི་བོད་ཀྱི་ལས་ཀ་དེ་འདྲ་ལ་དབུ་འཐོམ་པ་མ་གཏོགས། ཕྱི་རྒྱལ་གྱི་རེད་ཟེར་ནས་དེ་འདྲའི་བསམ་ཚུལ་ཞིག་ཀྱང་ཡོད་པ་མིན་ནམ་བསམ་གྱི་འདུག གང་ལྟར་ཇུས་གཏོགས་ཞེ་དྲག་མེད་པ་རེད། ཅུང་ཟད་རེ་བསྒྱུར་ནའང་རང་རང་སོ་སོའི་ཆོས་ལུགས་ཀྱི་བླ་མའི་རྣལ་འབྱོར། ཞབས་བརྟན། བསྐང་གསོ། བདེན་ཚིགས་སྨོན་ལམ་ཟེར་བ་དེ་འདྲ་བསྒྱུར་བའི་བསམ་བློ་མ་གཏོགས་མེད་རེད། ད་དཔེར་ན། ཁ་ཆེ་ཡིན་ནའང་རེད། ཡེ་ཤུས་ཡིན་ནའང་རེད། དེང་སང་འཛམ་བུ་གླིང་ལ་རྙོག་དྲ་མང་པོ་ཡོང་གི་ཡོད་རེད།
རྙོག་དྲ་ཆེས་མཐར་ཐུག་པ། ཁ་ཆེ་ཁྱེད་ཚོས་འདྲ་མིན་བྱེད་ཡ་དེ། ཡེ་ཤུས་ཀྱི་ཆོས་ནང་ལ་ཡོད་མེད། ཧིན་དྷུའི་ཆོས་ནང་ལ་ཡོད་མེད། ཁ་ཆེའི་ཆོས་ནང་ལ་ཡོད་མེད། དེ་འདྲའི་རྙོག་དྲ་མང་པོ་ཐུག་ཡོང་དུས་སྐབས་ལ། རྩོད་པ་བརྒྱབ་ནས་མཐར་ཐུག་ཡོང་དུས། ཡེ་ཤུས་འདྲ་ཞིག་ཡིན་ན། བྷེ་བྷར་ལ་ཐུག་འགྲོ་གི་རེད། ཁ་ཆེ་འདྲ་ཞིག་ཡིན་ན་ཀོ་རན་ལ་གཏུགས་འགྲོ་ཡོད་རེད། དེའི་ནང་གང་ཡོད་པ་ཚད་མ་བྱེད་དགོས་རེད་མ་གཏོགས། མིས་འདྲ་མིན་བཤད་པ་དེ་ཚོ་ཚད་མ་བྱེད་རྒྱུ་མེད་པ་རེད། ང་ཚོས་བཀའ་འགྱུར་ལ་གཏུགས་དགོས་ཀྱི་རེད། སངས་རྒྱས་ཀྱིས་གསུངས་འདུག་གམ་མི་འདུག དེ་ལ་མ་གཏུགས་རང་གཏུགས་རེད།
ང་ཚོ་བོད་ཀྱི་བླ་མ་དེ་ཚོས་ཇུས་གཏོགས་གནང་ན་རེད། མ་གནང་ན་རེད། མགོ་སེར་དམར་དེ་ཚོས་དེང་སང་བསྒྱུར་འགྲོ་གི་རེད། ཁོ་རང་ཚོས་ཐག་བཅད་ནས། ཡག་པོ་ཆགས་མིན་ཧ་གོ་ཡ་ཡོད་མ་རེད། བསྒྱུར་ནི་བསྒྱུར་ཡོད་རེད། བསྒྱུར་ཡང་བསྒྱུར། དཔར་ཡང་བརྒྱབ། གོང་དུ་ཞུས་པ་ནང་བཞིན་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་རེད། དེ་ཚོས་དེ་ཀློག་འགྲོ་ཡི་རེད། ཡག་པོ་བྱུང་ཡོད་ན་ཧ་ཅང་ཡག་པོ་རེད། ད་ཡང་ཡག་པོ་བསྒྱུར་མེད་ན། དེའི་ནང་ལ་ག་རེ་ཡོད་པ་དེ་མ་གཏོགས་གོ་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས། ང་ཚོ་རང་གིས་ཀྱང་ཇུས་གཏོགས་ཤིག་གནང་དགོས་པ་ཞིག་ཆགས་ཀྱི་འདུག དེ་ནས་ངས་ག་རེ་བཤད་ཡོད་རེད་ཅེ་ན། དེའི་ནང་ནས་བཀའ་འགྱུར་དེ་གནང་འགགས་ཆེན་པོ་ཞིག་ཆགས་ཀྱི་འདུག
ད་དེ་ང་ཙམ་མིན་པར་བླ་མ་མང་པོ་ཞིག་གིས་གསུངས་པ་རེད། བཀའ་འགྱུར་དང་བཀའ་འགྱུར་བསྟན་འགྱུར་འདྲ་ཞིག་ལ་ཆ་བཞག་པ་ཡིན་ན། ད་ལྟ་བླ་མ་བགྲེས་པ་དང་མཁས་པ་མང་པོ་བཞུགས་ཡོད་པ་རེད། དེའི་སྐབས་སུ་བསྒྱུར་མ་ཐུབ་ན། མ་འོངས་པར་ལོ་ཉི་ཤུ་ཙམ་གྱི་མཇུག་ལ། བོད་ཀྱི་སྐད་ཡིག་ཀྱང་སྲིད་དོན་གྱི་སྟེང་ནས་རེད། མཐུན་རྐྱེན་གྱི་སྟེང་གང་ནས་ཀྱང་སྐད་ཡིག་དེ་ད་མར་ཉམས་འགྲོ་ཡི་ཡོད་རེད། དེ་ནས་དེང་བོད་ནས་རྩོམ་འདྲ་མིན་ཐོན་ཡོང་གི་ཡོད་རེད། དེ་ཚོ་ང་འདྲ་བོ་ཞིག་གིས་བཀླགས་ན་མང་ཆེ་བ་གོ་ཡི་མི་འདུག ད་དེ་ཚོ་རྩོམ་སྟངས་མ་འདྲ་བ་རེད།
བཀའ་འགྱུར་དེ་ཚོ་ཕལ་ཆེ་བ་གོ་ལེན་ཐུབ་མཁན་གོ་བ་ལེན་ཐུབ་མཁན་ཧ་ཅང་ཉུང་དུ་འགྲོ་ཡི་རེད། ངས་དེ་འདྲ་བཤད་རྒྱུ་བྱུང་། དེ་འདྲ་བཤད་དུས་བོད་པའི་བསམ་བློ་གཏོང་མཁན་ཁ་ཤས་ཤིག་གི་ཐུགས་ལ་ཕོག་ཡོད་ས་རེད། ཐུགས་ལ་ཕོག་ཡོད་ན་མེད་ན་ངས་ནི་ཤ་ཚ་བའི་སྐད་ཆ་ཡིན། གང་ལྟར་དེ་ཚོ་མ་ཉམས་པའི་སྔོན་ལ་བསྒྱུར་དགོས་ཀྱི་ཡོད་ན་གང་མགྱོགས་བསྒྱུར་དགོས་ས་རེད་ཅེས་སྐད་ཆ་དེ་འདྲ་ཞིག་བྱུང་། དེ་དུས་གནས་སྐབས་ཀྱི་རིང་ལ་བཀའ་འགྱུར་བསྒྱུར་རྒྱུའི་ལས་དོན་གྱི་མགོ་ལ་བལྟ་མཁན་ང་ཡིན་ཞེས་ཁོ་ཚོ་ཚང་མས་མང་མོས་ཀྱི་ཐོག་ནས་ང་བསྐོས་སོང་། ང་རང་གི་བསམ་ཚོད་ལ་དངོས་གནས་བྱས་ན་ངས་བཀའ་འགྱུར་བསྒྱུར་རྒྱུའི་སྟེང་ལ་ཕྱི་ལོག་ནས་རྒྱབ་སྐྱོར་བྱས་ཏེ། ནང་ལོག་གི་སྐད་བསྒྱུར་བྱེད་རྒྱུ་དང་སྐད་བསྒྱུར་གྱི་མགོ་ལ་བལྟ་མཁན་དེ་ཚོའི་ཐད་ང་རང་ལ་ཉམས་མྱོང་མེད། ངས་ད་དབར་ཤོག་ལྡེབ་གཅིག་ཀྱང་བསྒྱུར་མ་མྱོང་། དངོས་གནས་བྱས་ན་གཞན་པ་ཞིག་གིས་གནང་དགོས་པ་ཞིག་རེད། གནང་ན་ངས་ཕྱི་ལོག་ནས་རྒྱབ་སྐྱོར་བྱས་ན་ཡག་པོ་ཡོང་གི་རེད་བསམ་སོང་སྟེ། དེ་དུས་བྲེལ་བ་འདྲ་བོ་བྱས་ནས་ཕར་བྱས་ཚུར་བྱས་ད་ལྟ་གནས་སྐབས་ཀྱི་རིང་ལ་ངའི་མགོ་ལ་ལྷུང་བསྡད་ཡོད་རེད། བཟོས་ནས་ཚན་པ་ཁ་ཤས་ཤིག་བསྒྱུར་བཞིན་པ་རེད། ཚན་པ་གཅིག་བསྒྱུར་ཚར་ཡོད་རེད།
ཆོས་དུང་། རིན་པོ་ཆེ་གཙོས་པའི་བོད་ཀྱི་བླ་ཆེན་མང་པོ་ཞིག་གིས་ད་དབར་འཛམ་གླིང་ཤར་ནུབ་ཀྱི་ལུང་པ་གང་སར་ནང་ཆོས་འཆད་ཁྲིད་བྱས་པའི་ཉམས་མྱོང་གི་ཆ་ནས། མ་འོངས་པར་བོད་མི་རིགས་འདི་རྦད་དེ་ཉམས་སོང་བ་ཡིན་ནའང་། བོད་བརྒྱུད་ནང་བསྟན་འདིའི་གཞི་ལམ་འབྲས་གསུམ་ཆ་ཚང་བ་ཞིག་ཕྱི་རྒྱལ་གྱི་སློབ་མ་ཚོས་ཕྱོགས་གང་ནས་རྒྱུན་འཛིན་བྱེད་ཐུབ་པའི་རེ་བ་དང་། གདེངས་སྤོབས་འདྲ་སྐྱེ་མྱོང་ཡོད་དམ།
ལན། ང་ལ་འདིའི་སྐོར་གྱི་སྐད་ཆ་མང་པོ་ཞིག་བཤད་རྒྱུ་ཡོད་དེ། དུས་ཚོད་ཀྱིས་ལྡང་ས་མ་རེད། ཡིན་ན་མདོར་བསྡུས་ཤིག་བཤད་པ་ཡིན་ན། ང་ཚོ་བོད་པའི་བླ་མ་ཚོས་ཐུགས་བསམ་བཞེས་རྒྱུ་གཅིག་འདུག བོད་ཀྱི་རིག་གཞུང་ཟེར་བའི་སྐད་ཆ་ཞིག་ཡོད་པ་རེད། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཟེར་བ་འདི་གཉིས་འབྲེལ་བ་ཤུགས་ཆེན་པོ་རེད་དེ། དེ་གཉིས་ཐ་དད་རེད། ཕྱི་རྒྱལ་མགོ་སེར་དེ་ཚོ་ཚེ་འདི་ལ་བོད་པ་ནམ་ཡང་འགྱུར་ཐུབ་ཀྱི་མ་རེད། མ་འོངས་པ་ལ་བོད་པའི་ཕྲུ་གུ་ཞིག་ཏུ་འགྱུར་བར་ཤོག་ཅེས་སྨོན་ལམ་བརྒྱབ་ན་རང་རང་སོ་སོའི་ལས་དང་སྨོན་ལམ་གྱིས་སྐྱེ་ན་མ་གཏོགས། མགོ་སེར་པོ་དེ་ཚོས་ནག་པོ་རྒྱབ་ནས་བཟོ་རྒྱུ་ཡོད་རེད་མ་གཏོགས། དེ་ཚོ་བོད་པར་འགྱུར་ཐུབ་ཀྱི་མ་རེད། དེ་ངས་བཤད་དོན་གནད་འགགས་ཆེན་པོ་ཞིག་ཡོད། བོད་པའི་བླ་མ་མང་ཆེ་བས་ཕྱི་རྒྱལ་བ་ཚོར་བོད་ཀྱི་ལུགས་སྲོལ་ལབ་བསྡད་ཡོད་རེད། ཁ་བཏགས་ལྟེབ་བརྩེགས་རྒྱག་སྟངས་འདྲ་བོ་དང་། འབྲས་སིལ་བཟོ་སྟངས། གསོལ་ཇ་བཟོ་སྟངས་དེ་ཚོ་ལབ་བསྡད་ཡོད་རེད། དེ་ངས་ནོར་བ་རེད་དྲན་གྱི་ཡོད།
གང་ཡིན་ཟེར་ན། བོད་ཀྱི་སྲོལ་ཟེར་ན། ལུགས་སྲོལ་ནི་ལུགས་སྲོལ་རང་རེད། མིས་བཟོས་པ་རེད། མཐའ་བཙན་པོ་གང་ཡང་མེད་རེད། ང་རང་ཚོ་བོད་པས་ཀྱང་དེང་སང་འཇོན་གྱི་མེད་རེད། ཕྱི་རྒྱལ་ཚོར་དེ་ལབ་ནས་ག་རེ་བྱེད་དགོས་རེད། བོད་པའི་ཇ་བཟོ་སྟངས་དང་། འབྲས་སིལ་བཟོ་སྟངས་ཡག་ཐག་ཆོད་ཤེས་ནའང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཀྱི་མ་རེད། དངོས་ནས་བྱས་ན། དེ་ལས་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བའོ་ཞེས་དེ་ཕར་བཤད། ཁོ་རང་ཚོ་རྐང་པ་བརྐྱངས་ནས་བསྡད་ནའང་བསྡད། རྐང་པ་བརྐྱངས་པ་མ་གུས་པ་འདྲ་ཡིན་ན་ཅི་ཤེས། ཕྱི་རྒྱལ་མིའི་བྱེད་སྟངས་ཤིག་ཡོད་པ་རེད། གོམས་གཤིས་ཁ་ཁ་རེད། བོད་པ་ནང་བཞིན་ལྕེ་བརྐྱངས་དགོས་པ་མེད་རེད། དེ་དང་དེའི་སྐོར་ལ་ཐུགས་བསམ་ཞིག་བཞེས་པ་དགོས་པ་རེད་བསམ་གྱི་ཡོད།
ཆོས་དུང་། སྐུ་ཉིད་ནས་ད་དབར་(ཕོར་བ་)དང་། (ཆང་ཧུབ་ཐེངས་ཤིག་གི་འཁྲུལ་སྣང་)གིས་མཚོན་པའི་གློག་བརྙན་འགའ་བཟོ་བསྐྲུན་བྱས་ཡོད་ལ། བོད་མི་ཚོའི་ངོས་ནས་བླ་མ་ཞིག་གིས་གློག་བརྙན་བཟོ་བསྐྲུན་བྱས་པ་དེ་ཧ་ཅང་གི་དམིགས་བསལ་བ་ཞིག་ཀྱང་ཆགས་ཡོད། གློག་བརྙན་དེ་དག་གིས་སྤྱི་ཚོགས་ཁྲོད་དོན་ངོ་མར་གདན་དོན་གང་ཞིག་འགྲེལ་བཤད་རྒྱག་འདོད་པ་ཡིན་ནམ།
ལན། ངས་གློག་བརྙན་བཟོས་པ་དེ་བསྟན་པ་དང་སེམས་ཅན་ལ་ཕན་པའི་ཀུན་སློང་ཐིགས་པ་གཅིག་སྐྱེ་མ་མྱོང་། གློག་བརྙན་བཟོས་པ་དེ། ང་རང་སྒེར་སྤྱིར་སྟངས་ནས་ང་མི་དྲན་རྒྱུ་རྒོད་པོ། འཇིག་རྟེན་པའི་བསམ་བློ་ཤུགས་ཆེན་པོ། ཆོས་ཀྱི་བསམ་བློ་ཕལ་ཆེར་མེད་ཟེར་ན་ཆོག་བསྡད་མཁན། དེ་འདྲའི་ལས་ཀ་འདྲ་མིན་བྱེད་རྒྱུར་ཆུང་ཆུང་སྐབས་ནས་དགའ་བོ་དེ་འདྲ་ཡིན། དེ་འདྲའི་རྒྱུ་མཚན་གྱིས་གློག་བརྙན་ཐེངས་གཉིས་བཟོས་པ་རེད། སྤྱིར་བཏང་མ་འོངས་པ་ལ་ང་རང་ཚོའི་སངས་རྒྱས་ཤཱཀྱ་ཐུབ་པའི་རྣམ་ཐར་གཞིར་བཟུང་ནས་གློག་བརྙན་བཟོ་རྒྱུའི་སྨོན་ལམ་རེ་རྒྱག་གི་ཡོད། ཡིན་ནའང་དཔེ་དཀའ་ལས་ཁག་པོ་རེད། དངུལ་ཕོན་ཆེན་པོ་དགོས་ཀྱི་རེད། དེ་འདྲ་སྤྲོད་མཁན་ཡོང་གི་ཡོད་མེད་ཅི་ཤེས།
ཡིན་ནའང་ང་རང་ཆོས་ཀྱི་ནང་ལ་ཚུད་པའི་གང་ཟག་ཅིག་ཡིན་དུས། ཆོས་ཀྱི་སྐོར་ཅུང་ཟད་རེ་སླེབས་ཀྱི་རེད། དེ་མ་གཏོགས་སྒྲུང་ཞིག་ངས་ཧ་གོ་ཡི་མེད། ཡིན་ནའང་སང་ལོ་སྤྱི་ཟླ་དང་པོའི་ནང་ལ་ང་ཚོ་བོད་ཀྱི་ནང་ཆོས་དང་འབྲེལ་བ་རྩ་ནས་མེད་པའི་སྒྲུང་གཞི་རྒྱ་གར་གྱི་ཞབས་བྲོ་འཁྲབ་མཁན་ཞིག་གི་སྐོར་གྱི་གློག་བརྙན་ཞིག་བཟོ་རྒྱུའི་མགོ་བཙུགས་ཡོད། དེ་ནས་རྐང་བཙུགས་ནས་བཟོ་ཡི་ཡོད། གང་ཡིན་ཟེར་ན། གློག་བརྙན་བཟོ་མཁན་དེ་ལ་དེ་འདྲའི་བསམ་ཚུལ་དེ་འདྲ་ཡོད་པ་རེད། རང་གིས་དཀའ་ལས་བརྒྱབ་ནས། རང་གི་སེམས་པའི་གཏིང་ནས་ཐུན་མོང་མ་ཡིན་པ་ཞིག་བཟོ་དགོས་བསམ་གྱི་ཡོད་རེད། ད་ཕལ་ཆེར་དེ་ཡིན་རྒྱུ་ཡིན་རེད།
ཆོས་དུང་། རིན་པོ་ཆེས་སློབ་མ་འགས་བཟོ་བསྐྲུན་བྱས་པའི་གློག་བརྙན་དང་། དེ་མཚུངས་སུ་གློག་ཀླད་དང་། ཁ་པར་སོགས་ཀྱི་དྲྭ་བའི་བརྒྱུད་ལམ་མང་པོར་སྐུ་ཉིད་ཀྱི་གྱོན་གོས་སྣ་ཚོགས་མནབ་པའི་དཔར་རིགས་ཀྱང་འདྲ་མིན་ཞིག་འཛེམས་མེད་ངང་བཞག་ཡོད། སྐུ་ཉིད་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེན་པོ་ཞིག་ཡིན་པའི་ཆ་ནས།
ལན། དེ་དངོས་ནས་ཁྱེད་ཀྱི་དྲི་བ་དེ་བདེན་པ་བདེན་རྐྱང་རེད། མ་འོངས་པའི་ནང་བསྟན་ལ་འགན་ཁུར་བའི་སྤྲུལ་སྐུ་དང་། སྤྲུལ་སྐུ་རྐྱང་པ་མ་རེད། བསྟན་པ་འཛིན་པའི་སྐྱེས་བུ་དགེ་ཚུལ་སློང་རྣམས་ལ་མིག་དཔེ་ངན་པ་ཏན་ཏན་ཆགས་ཀྱི་རེད། ངས་ཆ་ཚང་ཤེས་ཀྱི་ཡོད། ང་ཆུང་ཆུང་སྐབས་ནས་ཡར་འཚར་ཡོང་དུས། དུས་རྒྱུན་བླ་མ་སྤྲུལ་སྐུ་དེ་ཚོ་ལ་དགེ་རྒན་ཟེར་བ་ཞིག་ཡོད་རེད། གང་དུ་འགྲོ་ནའང་བ་རྫི་ནང་བཞིན་ག་ས་གང་དུ་འགྲོ་བསྡད་མཁན་ཞིག་ཡོད་རེད། གོ་སོང་ངམ། ང་ལ་དགེ་རྒན་གྱི་བསོད་ནམས་ཞེ་དྲག་མ་བྱུང་རེད། ལོ་བཅུ་གསུམ་བཅུ་བཞི་ནས་དགེ་རྒན་ཤི་རྒྱུ་ཡོད་ཚད་ཐམས་ཅད་ཤི འདས་གྲོངས་མང་པོ་རེད། མང་པོ་ཞིག་བཞུགས་ཡོད་མ་རེད།
གང་ལྟར་དགེ་རྒན་གྱི་བསོད་ནམས་དེ་ཡོད་མ་རེད། ང་ཚོ་ལོ་ཆུང་ཆུང་སྐབས་ཀྱི་བོད་པའི་སྤྱི་ཚོགས་དེ་དེང་སང་གི་དགོན་པ་ནང་བཞིན་ཡོད་མ་རེད། ངོར་དགོན་པ་དེ་ཚོ་གུར་རྒྱབ་ནས་བསྡད་ཡོད་རེད། ས་སྐྱ་ཆོས་ཚོགས་དེ་ཚོ་ཐབས་སྐྱོ་བོ་རེད། ས་སྐྱ་མཐོ་སློབ་ཇང་གལ་པ་བན་ཟེར་བའི་ནང་ལ་དཔེ་མ་སྲིད་པའི་སྐྱོ་བོ་བྱས་ནས་བསྡད་ཡོད་རེད། མཁྱེན་བརྩེ་བླ་བྲང་ཡང་དེ་དུས་སྐྱོ་བོ་རེད། མི་ཡང་མང་པོ་ཡོད་མ་རེད། དེ་འདྲ་ཡིན་དུས། དེང་སང་བླ་མ་སྤྲུལ་སྐུ་དེ་ཚོ་གང་དུ་ཕེབས་ནའང་ཞབས་ཞུ་བཅུ་གྲངས་རེ་གཟིམ་འགག གསོལ་དཔོན། ཕྱག་མཛོད་ཟེར་བ་ལྟ་བུའི་འཁོར་གྱིས་བསྐོར་ནས་བླ་སྤྲུལ་ཚོ་གང་དུ་ཕེབས་ཀྱང་། ང་རང་ཚོ་བོད་པའི་མིག་ནང་ལ་གསེར་སྦྱངས་བཙོ་མ་ཕྱི་དོར་བྱས་པ་ནང་བཞིན་ཟེར་བ་བཞིན་གང་དུ་ཕེབས་ཀྱང་ཡིན་མདོག་ཁ་པོ་བྱས་ཞིག་ཡོད་རེད། ང་ལ་དེ་རྩ་ནས་མ་བྱུང་བ་རེད། དེ་ལ་ངས་ཁག་དཀྲི་ཡི་མེད། གང་ཡིན་ཟེར་ན་རང་རང་སོ་སོའི་ཁྲིམས་དེ་རང་རང་སོ་སོས་བསྡམས། རང་རང་སོ་སོས་བསམ་བློ་བཏང་དགོས་ཀྱི་རེད།
གང་ལྟར་རྐྱེན་འདྲ་བོ་ཞིག་བཤད་ན་ང་ཆུང་ཆུང་ནས་འཚར་དུས་དེ་འདྲའི་ཆ་རྐྱེན་ཞེ་དྲག་མ་བྱུང་བ་རེད། དེས་མིན་འགྲོ། ང་ཆུང་ཆུང་སྐབས་ནས་རྩ་ནས་བསྡད་མ་ཐུབ་མཁན། ཀུན་སློང་ཀུན་སྤྱོད་ཡག་པོ་ཞི་ཞིང་དུལ་བ་བག་ཡོད་པ་དེ་འདྲ་རྩ་ནས་འཛོམས་མི་ཐུབ་མཁན་ཞིག་རེད། ལོ་བཅོ་ལྔ་བཅུ་དྲུག་བཅུ་བདུན་བཅོ་བརྒྱད་ཀྱི་བར་དུ་ང་རང་ཚོ་བོད་པའི་བླ་མ་ཚོས་མེད་ནའང་ཡིན་མདོག དཔེར་ན། བུ་མོ་ཚོར་དགའ་གི་མེད་མདོག གློག་བརྙན་བལྟ་རྒྱུར་དགའ་ཡི་མེད་མདོག་ངས་ཀྱང་ཞེ་དྲག་བྱས་པ་ཡིན། སེམས་གཏིང་ནས་བསྟན་བཤིག་གི་རྩ་དེ་བཟློག་ཏུ་མེད་པར། གལ་སྲིད་ཀུན་སྤྱོད་ཡག་པོ་ཡོད་མདོག་བྱས་ན་མུ་མཐུད་ནས་ཉི་མ་བཅུ་ཉི་ཤུ། ལོ་བཅུ་དང་ཉི་ཤུའི་རིང་བྱེད་དགོས་རེད་མ་གཏོགས་ཉིན་འགའ་བྱས་པས་གང་ཡང་ཕན་གྱི་མ་རེད།
ངས་ནི་ཧ་ལས་པ་ཞིག་བྱས་ན་ཟླ་བ་རེ་རེ་ལས་བྱེད་ཐུབ་ཀྱི་མི་འདུག གང་ལྟར་གཡས་ལ་བཟོ་ཐུབ་ན་གཡས་ལ་བཟོ་ཐུབ་ཀྱི་མི་འདུག ཤར་ལ་བཟོ་ཐུབ་ན་ནུབ་ལ་བཟོ་ཐུབ་ཀྱི་མི་འདུག དེ་ཡིན་དུས་ང་རང་རྒྱུད་གྱོང་པོ། མ་རབ་ཟེར་དགོས་པ་རེད། དེ་འདྲའི་གོམས་གཤིས་ཤུགས་ཆེ་ཐག་ཆོད་ནས་དེ་འདྲ་ཆགས་པ་རེད། ཕྱིས་སུ་སྦས་གསང་གང་ཡང་བྱེད་ཀྱི་མེད། དེ་འདྲ་ཡིན་དུས་དྲ་རྒྱ་སོགས་ཀྱི་ནང་ཆ་ལུགས་ངན་པ་འདྲ་མི་འདྲ་དེ་ཚོ་བཏོན་པ་ཡིན། དེ་ཆ་ལུགས་རྐྱང་པ་མ་རེད།
མི་བསད་ཡོད་མེད་ཅེས་དྲིས་ན། མི་བསད་ཡོད་མ་རེད་ཟེར་ན་ཕལ་ཆེར་ཆོག་གི་རེད་མ་གཏོགས། དེ་མིན་གྱི་སྤྱོད་པ་ངན་པ་ཤ་སྟག་བྱས་ཡོད་རེད། དེ་འདྲ་ཡིན་དུས། ཏན་ཏན་མ་འོངས་པ་ལ་སངས་རྒྱས་ཀྱི་བསྟན་པའི་རྩ་བ་འདུལ་བ་རེད། ༸སྐུ་མདུན་རྒྱལ་བ་རིན་པོ་ཆེ་ཡན་ཆད་ནས་དཔེ་མི་སྲིད་པའི་རྩ་ཆེན་པོ་ཞིག་གནང་གི་ཡོད་རེད། དེ་འདྲ་ཡིན་དུས། དེ་ཚོ་ཐུགས་བརྩེ་ཆེན་པོ་གནང་མཁན་དེ་ཚོས་ང་ཡར་དཔེ་ཞྭ་མོ་ནང་བཞིན་མ་བཞག་པ་བྱས། སྤྱིར་བཏང་བླ་མ་སྤྲུལ་སྐུ་ཆུང་ཆུང་དེ་ཚོའི་དགེ་རྒན་ཚོས་ཁྱོད་ཀྱིས་རྫོང་སར་མཁྱེན་བརྩེ་ནང་བཞིན་མ་བྱེད་ཨ་ཞེས་ལབ་ཀྱི་ཡོད་རེད་ཟེར་གྱི་ཡོད་རེད་ཅེས་གོ་སོང་། ཨོ་ད་རང་རེད། དེ་འདྲ་རང་བྱེད་དགོས་རེད། དངོས་གནས་ཡིན། སྤྱོད་པ་ངན་པ་དེ་འདྲ་རེད།
ཆོས་དུང་། ༸གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་ཆེན་མང་པོ་ཞིག་གིས་ནང་ཆོས་དང་ཚན་རིག་གཉིས་ཀྱི་དབར་སྔ་ཕྱིར་ལོ་བཅུ་ཕྲག་འགའི་རིང་བགྲོ་གླེང་བྱས་ཡོད་ལ། དེས་བོད་བརྒྱུད་ནང་བསྟན་འདི་ཤར་ནུབ་ཀྱི་སྤྱི་ཚོགས་ཁྲོད་སྔར་ལས་ཀྱང་མི་རྣམས་ཀྱིས་དགའ་མོས་བྱ་སའི་ཡུལ་ཞིག་ཏུ་གོམ་པ་སྤོ་བཞིན་ཡོད་པ་ལྟར། རིན་པོ་ཆེ་སྐུ་སྒེར་གྱི་ངོས་ནས་ཕྱོགས་འདིར་ལྟ་ཚུལ་ཇི་འདྲ་ཡོད་དམ།
ལན། ཚན་རིག་དང་ནང་ཆོས་གཉིས་ཀྱི་སྐོར་ལ་བཀའ་དེ་འདྲ་གནང་གི་ཡོད་རེད་ཅེས་ངས་མང་པོ་གོ་མྱོང་། ཚོགས་འདུ་ནང་ལ་ང་བཅར་རྒྱུ་མ་བྱུང་། ཞེ་དྲག་བཅར་འདོད་ཀྱང་མ་བྱུང་། སྤྱིར་བཏང་ང་ལེ་ལོ་ཆེན་པོ་ཡིན་པས་འབད་རྩོལ་ཡང་མ་བྱས། ཡིན་ནའང་ང་རང་གིས་བསམ་བློ་བཏང་ཡོང་དུས་སྐབས་ལ་ཚན་རིག་དང་། དཔལ་འབྱོར་དང་ཤེས་བྱ་རིག་པའི་གནས་ཡོངས་སུ་རྫོགས་པ་འཛམ་བུ་གླིང་ལ་འཛུགས་སྐྲུན་བྱེད་དགོས་པའི་རྒྱུ་མཚན་གཅིག་མ་གཏོགས་ཡོད་མ་རེད། དེ་སྐྱིད་པོ་བཏང་ནས་སྡོད་དགོས་བསམ་པ་དེ་རེད། སྐྱིད་པོ་དེ་ང་རང་ཚོ་ནང་པ་ཚོའི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་སྐྱིད་ཤོས་ཀྱི་གྲལ་ལ་སླེབས་ཀྱི་ཡོད་རེད།
གཞན་པ་ཚོར་འགྲེལ་བ་རྒྱག་སྟངས་མང་པོ་རེད། སྐྱིད་པོ་ཡོང་དགོས་ཀྱི་ཡོད་ན།གང་ལ་བརྟེན་ནས་ཡོང་གི་རེད་ཅེ་ན།དངོས་པོའི་གནས་ཚུལ་ཇི་མ་ཇི་ལྟ་བ་བཞིན་དུ་ཧ་གོ་ཐུབ་ན། དེས་སྐྱིད་པོ་ཡོང་གི་རེད། དངོས་པོའི་གནས་ལུགས་ཇི་མ་ཇི་ལྟ་བ་བཞིན་དུ་ཧ་མ་གོ་པར་བརྫུན་མ་ལ་བདེན་པར་ཞེན་ནས་བསྡད་ན། ནོར། འཁྲུལ། ཚང་མ་སྡུག་བསྔལ་གྱི་རྒྱུ་ཆགས་ཀྱི་རེད་ཅེས་བཤད་སྟངས་ཙམ་མ་གཏོགས་ཕལ་ཆེ་བ་དེ་འདྲ་ཆགས་ཡོད་རེད། དེའི་སྟེང་ནས་བསམ་བློ་བཏང་ཡོང་དུས། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པའི་སྐོར་དང་། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་སྐོར་སངས་རྒྱས་ཀྱིས་གསུངས་པ་ལས་ལྷག་པ་ཞིག་ཚན་རིག་པ་ཚོ་ལ་བཤད་ཡོང་རྒྱུ་རྩ་ནས་ཡོད་མ་རེད་དྲན་གྱི་འདུག
དེ་ཡིན་དུས། སྤྱིར་བཏང་ང་ཚོ་ནང་པ་སངས་རྒྱས་པ་དང་། དེའི་ནང་ནས་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་སྡོམ་འདྲ་ཞིག་བླངས་ཡོད་ན། སེམས་ཅན་གཞན་ལ་གདུལ་བྱ་ཡར་ཁ་དྲངས་རྒྱུའི་ཆེད་དུ་ཐབས་རྣམ་པ་སྣ་ཚོགས་པ་བཟོ་དགོས་པ་རེད། དེ་བཟོ་བར་བྱེད་པ་ལ། སྔ་རྒོལ་ཟེར་ན་རེད། སྔ་རྒོལ་རང་མ་རེད། ཚན་རིག་པ་ཚོ་སྔ་རྒོལ་ཡིན་པས་ཁྱབ་པ་ཡོད་མ་རེད་དེ། ཡིན་ནའང་ཕ་རོལ་པོའི་མིའི་བསམ་ཚུལ་དེ་ཚོ་ཡང་ཧ་གོ་བ་དང་། སྐད་ཡིག་དེ་ཚོ་ཧ་གོ་བ། དེ་ཚོའི་འདོད་ཚུལ་དེ་ཚོ་ཧ་གོ་བའི་ཆེད་དུ་ཚན་རིག་ལ་སོགས་པར་དོ་སྣང་གནང་རྒྱུ་དེ་གནད་འགག་ཆེན་པོ་རེད་དྲན་གྱི་ཡོད། ཡིན་ནའང་། འདི་ཞུ་རྒྱུ་ཡོད། ང་རང་གི་བསམ་པར་ཚན་པ་རིག་པ་ཚོས་ཚུར་མགོ་སྒུར་གྱི་དགོས་ཀྱི་རེད་མ་གཏོགས། ང་ཚོ་ནང་པ་སངས་རྒྱས་པས་ཚན་རིག་པ་ལ་རྩ་ནས་མགོ་སྒུར་དགོས་ཀྱི་མ་དྲན་གི་ཡོད། ང་ཚོ་ནང་པའི་ཆོས་ཚན་རིག་དང་མཐུན་ཨེ་ཐུབ་རྩ་ནས་ལྟ་དགོས་ཀྱི་མ་རེད་ཟེར་གྱི་ཡོད།
དེ་ནས་ཞིབ་ཅིང་ཕྲ་བ་བཤད་ཡོང་དུས་སྐབས་ལ། གནད་འགག་ཆེ་རུ་ཆེ་ཚད། དཔེར་ན། སེམས་ཟེར་བ་ལྟ་བུའི་སྐོར་བཤད་དགོས་ཀྱི་ཡོད་ན། ཚན་རིག་པ་ཚོར་ད་ལྟ་ཡང་སེམས་ཟེར་བ་དེ་འདི་རེད་ཟེར་བ་ཞིག་མཛུབ་མོ་འཛུགས་ས་མེད་པ་ལྟ་བུ་ཞིག་ཆགས་ཡོད་རེད། དེ་ཡིན་དུས། རྒོལ་སྔ་རྒོལ་གཉིས་ཀ་ལ་རྩོད་གཞི་ཆོས་ཅན་མཐུན་སྣང་བ་ཞིག་མེད་བསྡད་པ་ལྟ་བུ་ཞིག་ཡོད་རེད། གང་ལྟར་ངས་དེ་ཚོ་རྒྱ་ཆེན་པོ་ཞིག་མི་ཤེས་ཏེ། གདུལ་བྱ་གཞན་ཁ་དྲངས་བའི་ཆེད་དང་ཐབས་འདྲ་མིན་མཁྱེན་རྒྱུའི་ཆེད་དུ་སློབ་སྦྱོང་བྱེད་ཐུབ་ན་ཡག་པོ་ཡིན་རྒྱུ་རེད་དྲན་གྱི་ཡོད།
ཆོས་དུང་། རིན་པོ་ཆེ་ཤར་ནུབ་ཀྱི་སློབ་གྲྭ་ཆེན་མོ་གང་མང་ཞིག་ལ་ནང་ཆོས་གཙོ་བོར་གྱུར་པའི་ཤེས་རིག་གི་གཏམ་བཤད་དང་། བགྲོ་གླེང་སོགས་ཀྱི་ཆེད་ཕེབས་མྱོང་ཡོད་པའི་དབང་གིས་སློབ་གྲྭ་དེ་དག་གི་ཤེས་ཡོན་གྱི་སྲིད་བྱུས་དང་བསྡུར་ན། ང་ཚོའི་ད་ཡོད་ཀྱི་སློབ་སྦྱོང་གི་བསྟི་གནས་བཤད་གྲྭ་ཁག་དང་། དགོན་སྡེ་ཁག་གི་འཛིན་སྐྱོང་གིས་མ་ལྡང་བའི་ཆ་ཅི་ཞིག་མཐོང་གི་འདུག་གམ།
ལན། གཞི་ཡི་སློབ་སྦྱོང་དེ་ཤུགས་ཆུང་ཐག་ཆོད་ང་ཚོའི་ལུགས་སྲོལ་ལ་ཆུང་ཆུང་སྐབས་ནས་གྲྭ་ཚང་ལ་འཛུལ་ཏེ། གཞི་ཡི་སློབ་སྦྱོང་དེ་ཡིག་རྩ་སྦྱང་རྒྱུ་དང་། ཆོ་ག་ཕྱག་ལེན་སྦྱང་རྒྱུ་ཟེར་བ་ལྟ་བུ་ཅུང་ཟད་རེ་ཡོད་པ་རེད་དེ། ཨང་རྩིས་དང་། ཚན་རིག་དང་། དཔལ་འབྱོར་སོགས་ཀྱི་སྐོར་ལ་སློབ་སྦྱོང་ཞེ་དྲག་མེད་པ། དེ་དང་དེ་འདྲའི་རྐྱེན་བྱས་ནས། ད་ལྟ་ང་ཚོའི་བཤད་གྲྭ་ནང་ལ་ཡོད་པའི་མཁན་པོ་མཁས་པ་ཡིན་ཟེར་མཁན་དེ་འདྲ་ཡོད་པ་རེད། དཔེ་ཆ་ཕར་བཤད་ཐུབ་ཀྱི་ཡོད་ཟེར་མཁན་དེ་ཚོ། སྤྱིར་བཏང་དབུ་མ་འདྲ་བོ་ཞིག་ལ་ཆ་བཞག་ན། དབུ་མའི་ལྟ་བ་ངོ་མ་སུས་རྟོགས་ཐུབ་ཡོད་མིན་ཧ་གོ་གི་མ་རེད། དབུ་མའི་ལྟ་བ་རྟོགས་ན་ས་ཐོབ་གྲབ་བྱེད་ཀྱི་ཡོད་རེད། ཡིན་ནའང་མཁན་པོ་ཆུང་ཆུང་དེ་ཚོས་ཧ་གོ་བསྡད་པ་དང་། བཤད་གྲྭ་བ་ཆུང་ཆུང་དེ་ཚོས་ཧ་བསྡད་པ་དེ། ང་ཚོས་ལོ་དགུ་ཙམ་གྱི་རིང་དཀའ་ལས་བརྒྱབ་བསྡད་པ་དེ། མགོ་སེར་དེ་ཚོས་ཉིན་མ་བཅོ་ལྔ་རེའི་ནང་ལ་ཧ་གོ་འགྲོ་ཡི་འདུག དེའི་རྒྱུ་མཚན་གང་རེད་བསམ་བློ་བཏང་ཡོང་དུས། གཞི་སློབ་སྦྱོང་དེ་ཉུང་དྲགས་པས་མིན་འགྲོ་དྲན་གྱི་འདུག
ཆོས་དུང་། འདི་ག་རྩོམ་སྒྲིག་ཁང་གིས་ད་ལོ་མཁན་ཆེན་ཨ་པད་རིན་པོ་ཆེའི་རྗེས་དྲན་ཆེད་སྒྲིག་ཅིག་འདོན་འཆར་ཡོད་ལ། རིན་པོ་ཆེ་མཆོག་སྐུ་ཆུང་ངུའི་དུས་ནས་མཁན་ཆེན་མཆོག་བླ་མར་བསྟེན་མྱོང་མཁན་ཞིག་ཡིན་པའི་ཆ་ནས། ཁོང་གི་རྗེས་འཇུག་སློབ་མ་ཚོར་དམིགས་བསལ་གྱི་བཀའ་མོལ་འདྲ་གསུངས་རྒྱུ་ཡོད་དམ།
ལན། མཁན་རིན་པོ་ཆེ་ཨ་པད་རིན་པོ་ཆེའི་སྐོར་ལ་སྐད་ཆ་ཐུང་ངུ་ཞིག་མ་གཏོགས་བཤད་རྒྱུ་མེད། མཁན་རིན་པོ་ཆེ་ཨ་པད་ཀྱིས་ལྷག་བསམ་དང་སེམས་ཤུགས་བྱེད་སྟངས་དེར་བསམ་བློ་བཏང་དུས། ང་ཚོ་མཁན་རིན་པོ་ཆེའི་སློབ་མ་དེ་ཚོའི་དེའི་རྗེས་འཇུག་ཡིན་པའི་ཆ་ནས། ཁོང་གི་ལྷག་བསམ་དང་སེམས་ཤུགས་ལ་དཔེར་བྱས་ནས་ཐམས་ཅད་ཀྱིས་དེ་འདྲ་ཞིག་ཡོང་ཨེ་ཐུབ་བལྟ་རྒྱུ་དེ་གལ་ཆེན་པོ་མིན་འགྲོ་བསམ་སོང་།
ཆོས་དུང་། ༸གོང་ས་མཆོག་གིས་དུས་རབས་ཉེར་གཅིག་པའི་ནང་པ་དེ་འདབ་གཤོག་གཉིས་ལྡན་ཞིག་དགོས་ཚུལ་གྱི་བཀའ་སློབ་མང་པོ་ཞིག་བསྩལ་ཡོད་ནའང་། བོད་ཀྱི་གདན་ས་ཆེ་ཁག་གིས་མཚོན་པའི་བོད་མི་ཚོའི་ངོས་ནས་ད་དུང་ཁོང་གི་དགོངས་གཞི་ལེགས་པོ་ཞིག་བསྒྲུབས་ཐུབ་མེད་ལ། སྲོལ་རྒྱུན་རྐྱང་པར་ཨུ་ཚུགས་བྱེད་པའི་དགོན་པ་དང་བཤད་གྲྭ་འགས་དེང་རབས་ཀྱི་སྐད་ཡིག་དང་། ཚན་རིག་ལ་རྦད་དེ་སྣང་མེད་བྱས་ཡོད་པས། རིན་པོ་ཆེའི་དགོངས་པར་ཇི་ལྟར་བྱས་ན་ད་གཟོད་ང་ཚོས་གནའ་དེང་གི་འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་པ་ཞིག་ཏུ་འགྱུར་ཐུབ་པ་དང་། ལྷག་པར་མ་འོངས་པར་བོད་རིགས་སྤྱི་དང་། ཡང་སྒོས་དགེ་འདུན་པ་རྣམས་ཀྱི་འཚོ་བའི་ཁ་ཕྱོགས་ཇི་འདྲ་ཞིག་གི་སྟེང་དུ་ཕྱིན་ན་དགེ་མཚན་ཆེ་བར་མཐོང་གི་འདུག་གམ།
ལན། ངས་དྲི་བ་འདི་གཉིས་བསྡེབས་ནས་བཤད་ཀྱི་ཡིན། ད་དེ་དཔེ་དཀའ་ལས་ཁག་པོ་ཞིག་འདུག བོད་ཀྱི་སྤྱི་ཚོགས་ཀྱི་བསམ་བློ་གཏོང་སྟངས་དང་གོམས་གཤིས་དེ་ང་ཚོ་ནང་པའི་ཆོས་དང་མཉམ་དུ་འདྲེས་ནས་ཡོད་པ་རེད། དེས་དཀའ་ངལ་ཆེན་པོ་ཞིག་མཐོང་གི་འདུག དཔེར་ན། ང་སྔོན་མ་ཁམས་ལ་སོང་བ་ཡིན། གྲྭ་བ་ཁ་ཤས་ཤིག་གིས་གྲྭ་ཆེ་བ་གཞན་ཞིག་ཡོད་པ་དེ་གྲྭ་བ་དཔེ་ཡག་པོ་ཡོད་རེད་ཟེར་གྱི་འདུག བུ་མོ་ལ་རྩ་ནས་དགའ་ཡི་མ་རེད་ཟེར་གྱི་འདུག ཡང་སྐད་ཆ་བཤད་ཡོང་དུས། དཔེ་མི་སྲིད་པའི་དཔའ་བོ་རེད་ཟེར་གྱི་འདུག རྒྱ་གཉིས་གསུམ་ཞིག་བསད་ཡོད་རེད་ཟེར་གྱི་འདུག གོང་སོང་ངམ། ཨོ་དེ་རེད། ལུང་པའི་གོམས་གཤིས་ནང་ལ་བུད་མེད་ཧ་ཅང་གི་སྡུག་ཅག་བརྩི་ཡི་ཡོད་རེད། དེའི་ནང་ནས་དགོན་པ་དང་གྲྭ་ཚང་སོགས་འདུལ་བའི་ཕྱོགས་གཏོགས་ཚོས། ཡིན་ནའང་ཁམས་ཀྱི་ལུང་པ་ཚོར་མི་བསད་ན་དཔའ་བོ་རེད་ཟེར་ཚུལ་གོམས་གཤིས་ཤིག་ཡོད་པ་རེད། དཔེ་དེ་ཡིན།
གོམས་གཤིས་ཀྱི་དབང་གིས་ང་ཚོའི་ཆོས་སྒྲུབ་སྟངས་ཀྱང་གོམས་གཤིས་ཀྱི་དབང་དུ་མ་གྱུར་བ་ཞིག་ཧ་ཅང་གལ་ཆེན་པོ་མིན་འགྲོ་བསམ་གྱི་འདུག དེ་སྔོན་དཔེར་ན། ངའི་ཀུན་སློང་ཀུན་སྤྱོད་ཀྱི་སྐོར་ཞུས་པ་ཡིན་ནའང་། ང་ཚོའི་དགེ་ཚུལ་སློང་གི་སྡོམ་རྒྱུན་ཞིག་ཡོད་པ་རེད། དེ་རྒྱལ་བ་རིན་པོ་ཆེ་མན་ཆད་ནས་ཚང་མས་སྲུང་དགོས་ཀྱི་རེད་གསུངས་ཀྱི་ཡོད་རེད། དེ་དངོས་གནས་དགོས་རྐྱང་རེད། ཡིན་ནའང་ང་ཚོའི་ནང་དགེ་ཚུལ་སློང་གྲྭ་བ་ན་གཞོན་མང་པོ་རེད། དེ་དག་ཐམས་ཅད་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་རེད་ཅེས་བཤད་ཐུབ་ཀྱི་མ་རེད།རྒྱུད་འདོད་ཆགས་ཞེ་སྡང་གཏུ་མིག་ང་རྒྱལ་གྱིས་ཁེངས་བསྡད་པ་དེ་འདྲ་ཡང་མང་པོ་ཡོད་རྒྱུ་རེད། ཡིན་ནའང་བོད་པའི་སྤྱི་ཚོགས་ནང་ལ་ད་ང་གྲྭ་བ་བྱེད་ཐུབ་ས་མ་རེད།
གནས་སྐབས་ཤིག་ང་གྲྭ་བའི་ཁོངས་གཏོགས་ནས་དགོངས་པ་ཞུས་ནས་སྡོམ་པ་ཡར་ཕུལ་གྱི་ཡིན་ཞེས་སྐད་ཆ་བཤད་མཁན་ཡོད་ན། ཁོ་ཞབས་འདྲེན་གྱི་གྲས་ལ་བརྩིས་ནས། དེའི་གྲས་ལ་བརྩི་བཀུར་བྱེད་ཀྱི་མ་རེད། དེའི་གྲས་ལ་ཆེ་གྲགས་ཐམས་ཅད་ཀྱིས་དམའ་འབེབས་གཏོང་གི་རེད། དངོས་གནས་བྱས་ན་འདུལ་བའི་ལས་ཆོག་ལ་ནང་ལ་དེ་བཟོ་ཆོག་གི་ཡོད་རེད། དེ་ལྟར་བཟོས་ན་ཤིང་ཏ་ལའི་མགོ་བོ་བཅད་པ་ནང་བཞིན་ཆགས་ཀྱི་མ་རེད། མང་ཆེ་བ་མི་ཁ་ལ་སྐྲག་ནས་དེ་བཟོ་ཐུབ་ཀྱི་ཡོད་མ་རེད། དེ་ནས་རྒྱུད་ཉོན་མོངས་པ་ཤུགས་ཆེ་དྲགས་པས་དབང་གིས་བྱེད་སྤྲོ་ཚད་ཐམས་ཅད་བྱེད་ཀྱི་ཡོད་རེད།
ཕྱོགས་གཅིག་ནས་སྤྱི་ཚོགས་ནང་ལ་བཤད་མ་ཕོད། དངོས་སུ་ཕར་སྟོན་མ་ཕོད། མེད་ནའང་ཡིན་མདོག་བཟོས་ནས་འདུལ་བའི་བསྟན་པ་ལ་ཧ་ཅང་གི་རྨ་ཆེན་པོ་བཟོ་ཡི་ཡོད་རེད། གྲྭ་སར་ལོ་ཆུང་དེ་ཚོ་གཅིག་པུ་མ་རེད། བླ་རྒན་མན་ཆད་ནས་རེད། དངོས་གནས་ཡིན། དཔེ་མི་སྲིད་པའི་བྱེད་ཁག་པོ་ཆགས་ཀྱི་ཡོད་རེད། ཡིན་ནའང་། དེ་སྔོན་གོང་དུ་ཞུས་པ་བཞིན་སྤྱི་ཚོགས་ཀྱི་གོམས་གཤིས་ཀྱི་དབང་གིས་བཤད་མ་ཕོད། ལབ་མ་ཕོད་པ་དེ་འདྲ་བྱེད་ཀྱི་ཡོད་རེད།
མ་གཞི་ནས་ངས་འདུལ་བའི་ཆོ་ག་དེ་ཆོ་ཞེ་དྲག་ཤེས་ཀྱི་མེད་དེ། དངོས་གནས་བྱས་ན་འདུལ་བའི་ནང་ལ་ཁ་ཤས་ཀྱིས་གསུངས་ཡ་ལ་སྡོམ་པ་ཡར་ཕུལ། དེ་ནས་རང་གིས་གང་བྱེད་འདོད་པ་བྱས། དེ་ནས་བསམ་བློ་ཞིག་འཁོར་ནས་གྲྭ་བ་རང་བྱས་ན་དགའ་ས་རེད་ཅེས་ཡང་བསྐྱར་ཚུར་སླེབས་ན། ཕར་ཆེར་སྡོམ་པ་གནང་ཡ་ཡོད་པའི་སྐད་ཆ་དེ་འདྲ་ཡང་ཡོད་པ་རེད། དེ་འདྲ་ཡོད་པ་རེད་ཅེས་བཤད་ས་དེ་ཡང་གྲྭ་བ་རྐྱང་པ་མ་ཡིན་པར་སྤྱི་ཚོགས་ཡོངས་རྫོགས་ལ་དེ་འདྲའི་ལུགས་སྲོལ་ཡོད་པ་རེད་ཅེས་དེ་འདྲའི་སློབ་སྦྱོང་སྤྲད་པ་ཡིན་ན། དེ་ནས་དམའ་འབེབས་གཏོང་མཁན་མེད་པའི་སྟེང་དུ་གཟེངས་བསྟོད་དབུགས་དབྱུང་ཡང་ཡོང་སྲིད་ཀྱི་རེད། དེས་འདུལ་བའི་བསྟན་པ་ཡང་ཧ་ཅང་གཙང་དུ་འགྲོ་ཡི་རེད་དྲན་གྱི་འདུག དེ་ངས་དཔེ་བྱས་ན་བཤད་ཀྱི་ཡོད།
ང་ཚོའི་ནང་པའི་ཆོས་དེ་མ་ཉམས་པར་རྒྱུན་སྤེལ་རྒྱུའི་ཆེད་དུ་བསམ་བློ་གཏོང་དགོས་པ་མང་པོ་ཞིག་ཆགས་ཀྱི་འདུག སློབ་སྦྱོང་ཡང་དགོས་ཀྱི་འདུག མཐུན་རྐྱེན་ཡང་དགོས་ཀྱི་འདུག་སྟེ་ཕྱོགས་གཅིག་ནས་ང་ཚོའི་སྤྱི་ཚོགས་ཀྱི་གོམས་གཤིས་རྙིང་པ་དེ་ཚོ། ཕྱོགས་གཅིག་ནས་ང་ཚོའི་རིག་གཞུང་ཟེར་ནས་བདག་པོ་ཡང་རྒྱག་དགོས་ཀྱི་ཡོད་རེད། ཕྱོགས་གཅིག་ནས་ཁ་ཤས་དེ་སྔོན་ངས་ཁམས་ཀྱི་བླ་རྒན་གྱི་དཔེ་ཞུས་པ་ལྟ་བུ་ཡང་མང་པོ་འདུག
ཆོས་དུང་། རིན་པོ་ཆེ་མཆོག་གི་ཉིན་གཅིག་གི་འཚོ་བའི་གོ་རིམ་ཇི་ལྟར་ཡིན་པ་དང་། ཆེས་དགའ་སའི་མཁས་པ་དང་། ལོ་རྒྱུས་མི་སྣ་གྲགས་ཅན། སློབ་ཚན། རྩེད་མོ། གློག་བརྙན། འཁྲབ་སྟོན་པ། སྒྲུང་དེབ། ལུང་པ་བཅས་གང་ཡིན་གསུངས་ན་འགྲིག་གམ།
ལན། ངའི་ཉིན་གཅིག་གི་འཚོ་བའི་གོ་རིམ་ལ་ངེས་པ་གང་ཡང་མི་འདུག བྱ་སྒྲོ་རླུང་གིས་སྤུར་བ་ལྟ་བུའི་གར་འགྲོ་རང་དབང་མེད་པ་བར་དོའི་སེམས་ཅན་ལྟ་བུ་དེ་ང་ཡིན། དེ་ལ་དམིགས་བསལ་ཞུ་རྒྱུ་ཡང་མེད། ཆེས་དགའ་སའི་མཁས་པ་དེ་མ་གཞི་ནས་འགྱུར་བ་ཐེབ་འགྲོ་ཡི་འདུག ད་ཡུན་ཤོས་ཀྱི་རིང་ལ་དགའ་ས་དེ་དགེ་འདུན་ཆོས་འཕེལ་ཡིན། ཁོང་དངོས་གནས་ཧ་ལས་པ་ཞིག་ཡིན་ས་རེད་དྲན་གྱི་འདུག ལུང་པ་གཅིག་གི་ནང་ལ་གང་དུ་འགྲོ་ནའང་རྒྱ་གར་ལས་དགའ་ཞིག་མི་འདུག ནང་པ་སངས་རྒྱས་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན་ནམ། ཡང་ན་ཆུང་ཆུང་སྐབས་ནས་འདི་བསྡད་པའི་རྒྱུ་མཚན་གྱིས་ཡིན་ནམ་གང་ཡིན་མི་ཤེས། ལུང་པ་འདི་དངོས་གནས་རིག་པའི་འབྱུང་གནས། ཆོས་ཀྱི་འབྱུང་གནས། སེམས་པ་བག་ཕེབས་པོ། མེ་འཁོར་དང་། རླངས་འཁོར་དུ་འགྲོ་ས་ཕྱི་རྒྱལ་ནང་བཞིན་མཐུན་རྐྱེན་ཧ་ལས་པ་མེད་ནའང་། སེམས་པ་བགས་ཕེབས་པོ། ལུང་པ་དགའ་ཤོས་དེ་རྒྱ་གར་ཡིན། ང་ཆུང་ཆུང་སྐབས་ནས་ཡར་འཚར་ཡོང་དུས་བླ་མ་སྤྲུལ་སྐུའི་མཚན་ཞིག་ཁུར་ནས། རྩེད་མོ་རྩེད་རྒྱུ་ཕར་ཞོག འདྲ་མིན་གྱི་རིགས་རྩ་ནས་མི་ཆོག་ནས་འཚར་བ་རེད། ཡིན་ནའང་ རྩེད་མོར་ལྟ་རྒྱུ་དགའ་ཤོས་དེ་རྐང་རྩེད་སྤོ་ལོ་ཡིན། སྒྲུང་དེབ་དང་དེ་ཚོའི་རིགས་དེ་འདྲ་མི་འདྲ་རེད། ངེས་པ་ཡང་མི་འདུག
ཆོས་དུང་། མཐའ་དོན་ཆོས་དུང་དཀར་པོ་འདོན་ཐེངས་བདུན་པ་འདི་བརྒྱུད་ནས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བ་སྤྱི་དང་། ལྷག་པར་དུ་མ་འོངས་ནང་བསྟན་གྱི་སོན་རྩར་གྱུར་པའི་ཀློག་པ་པོ་ན་ཆུང་དགེ་འདུན་པ་རྣམས་ལ་རེ་སྐུལ་འདྲ་གསུངས་རྒྱུ་ཡོད་དམ།
ལན། ཆོས་དུང་ཟེར་བ་ལྟ་བུའི་ནང་ཆོས་དང་འབྲེལ་བའི་དུས་དེབ་མང་པོ་ཞིག་ཐོན་གྱི་ཡོད་པ་དེ་གནད་འགགས་ཆེན་པོ་རེད་དྲན་གྱི་ཡོད། དེའི་ནང་དུ་དཔེ་བཤུས་པ་ལྟ་བུའི་ཀ་བཤད་འདྲ་བོ། བླ་མ་རྒྱང་འབོད་ཟེར་བ་ལྟ་བུ་འདྲ་མིན་ཞིག་བྲིས་ཡོད་པ་དེ། མ་གཞི་ནས་སློབ་སྦྱོང་ལ་ཕན་གི་ཡོད་རྒྱུ་རེད། མ་འོངས་པ་ལ་ངས་བསམ་བློ་བཏང་ཡོང་དུས་བོད་པའི་བླ་མ་སྤྲུལ་སྐུ་དེ་ཚོས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སྟངས་དེ་ཚོ། ད་དུས་ཚོད་འགྱུར་བ་ཆེན་པོ་འགྲོ་ཚར་བ་ཡིན་དུས། སྐྲག་ས་བརྩི་ས་ཡོད་མ་རེད། སྔོན་མ་འདྲ་ཞིག་ཡིན་ན་སྐྲག་ས་བརྩི་ས་མང་པོ་རེད།
ད་སྒེར་རང་གི་ངོས་ནས་རྩ་བའི་བླ་མ་ལ་སྐྲག་དགོས་པ་རེད། བརྩི་དགོས་པ་རེད། དེ་མ་བརྩིས་ན་རྗེས་མ་དམྱལ་བ་ལ་འགྲོ་དགོས་རེད། མ་གཏོགས་སྤྱི་ཚོགས་ཀྱི་ངོས་ནས་སྐྲག་ས་བརྩི་ས་ཉིན་རེ་ནས་ཉིན་རེར་ཧ་ཅང་ཉུང་དུ་འགྲོ་ཡི་ཡོད་རེད། གོང་མ་བརྩི་བཀུར་དང་སྐྲག་ས་ཧ་ཅང་ཉུང་དུ་འགྲོ་ཡི་ཡོད་རེད། ད་སྐྲག་ས་བརྩི་ས་འཛམ་བུ་གླིང་ལ་གཅིག་མ་གཏོགས་ཡོད་མ་རེད། ཚགས་པར་རེད། དེ་ཡིན་དུས། འདིའི་ཆེད་དུ་ཧ་ཅང་གནད་འགགས་ཆེན་པོ་རེད་དྲན་གི་འདུག དེ་ཡང་གོང་དུ་ཞུས་པ་བཞིན་རྩོམ་འདྲ་བོ་དང་། ཕ་ཡུལ་དྲན་པའི་གླུ། ཞབས་བརྟན་ཟེར་བ་ལྟ་བུ་རྐྱང་པ་མ་ཡིན་པར། བླ་མ་ཚོས་འདྲ་མིན་གནང་གི་འདུག་ཅི་རེད། དེ་འདྲའི་སྐད་ཆ་གླེང་བསླངས་ན། རྙོག་དྲ་ཡོང་གི་རེད་ལོས་ཡོང་ང་དང་ཁྱོད་ཟེར་ནས་དེའི་སྟེང་ནས་རྙོག་དྲ་ཡོང་གི་རེད་དེ། འདིའི་དབང་གིས་གཟབ་གཟབ་བྱེད་དགོས་པ་ཞིག་ཆགས་ཀྱི་རེད། ད་ལྟ་འཛམ་བུ་གླིང་ལ་བསམ་བློ་བཏང་ཡོད་དུས་ཨ་མི་རི་ཀའི་དཔོན་པོ་དེ་ཚོ་ཡང་སྐྲག་ས་གཅིག་མ་གཏོགས་ཡོད་མ་རེད། དེ་གསར་ཤོག་རེད། དེ་མ་གཏོགས་སྐྲག་གི་ཡོད་མ་རེད། ཡ་ད་ཐུགས་རྗེ་ཆེ།