ནང་འཛིང་མ་གནང་རོགས།
༈ སྤུན་ཟླ་ནང་ཁུལ་དུ་ནང་དམེ་མི་གནང་རོགས། ༈ བརྩེ་བའི་རྒྱ་ཆེའི་སྡེ་དགེ་བ་རྣམ་པ་ལ་གུས་ཞུ། ང་ཚོ་ད་ལྟ་མི་ལུས་རིན་པོ་ཆེ་ཐོབ་ནས། སེམས་ཅན་གཞན་དུད་འགྲོ་སོགས་ལས་ཁྱད་པར་དུ་འཕགས་པའི་བསམ་བློ་དང་། ཐབས་ཤེས་མང་པོ་ཞིག་ཡོད་པ་ཡོངས་གྲགས་རེད། དེ་བཞིན་གཞུང་ལུགས་ཁག་ལས། མི་ལུས་རིན་པོ་ཆེ་འདི་རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་ཐོབ་པ་དཀའ་ཚུལ་གསུངས་ཡོད་ལ། སྤྱི་བཏང་མིའི་འགྲོ་བ་འདི་ལ་མིའི་བཟང་སྤྱོད་ཅེས་པ་ཞིག་ཀྱང་ཡོད་པ་ལྟར་རེད། ཡིན་ནའང་ང་ཚོས་བསམ་བློ་ཞིབ་ཚགས་མ་བཏང་བའི་འཐུས་ཤོར་དང་། དགོས་མེད་ཀྱི་ཁ་ཕོ་རུས་ཟེར་བའི་རང་མགོ་རྡུང་བྱེད་ཀྱི་སྲོལ་ངན་འོག་ཤོར་བ། ད་དུང་རྩྭ་ས་བགོ་འགྲེམ་གྱིས་མཚོན་པའི་བྱུས་ངན་ཁག་གི་གཡོ་འོག་ཚུད་ནས། སྤུན་ཟླ་ནང་ཁུལ་དུ་ནང་དམེ་དང་། ཕུ་ནུ་ནང་ཁུལ་དུ་དགྲ་གྱོད། དེ་བཞིན་ཤོ་བག་རྒྱན་འཛུགས་ཀྱིས་གྱོང་གོད། ཆང་རག་ཚོད་མེད་ཀྱིས་འཁྲུགས་སློང་བཅས་ལྟས་ངན་མང་པོ་ཞིག་སྤྱི་ཚོགས་ནང་དར་ཡོང་གི་འདུག་པས། བོད་མི་རིགས་སྤྱི་དང་། རང་རེ་སྡེ་དགེ་བའི་ལ་རྒྱ་ལ་བསམ་ནའང་སོ་སོའི་མི་ཚེ་འདི་ལ་བྱས་རྗེས་བཟང་པོ་ཞིག་བཞག་མ་ཐུབ་ཀྱང་། ཞབས་འདྲེན་རྫབ་ཆེན་དེ་འདྲ་མི་འཇོག་རྒྱུའི་ཁས་ལེན་དམ་བཅའ་ཐོག་སྤྱོད་ངན་དེ་རིགས་ཉི་མ་དེ་རིང་ནས་མཚམས་འཇོག་དང་། རྒྱུན་དུ་རྙོག་གླེང་ཙག་ཙིག་དང་། ཚིག་མཐོ་དམན་ཤོར་བ་ཙམ་གྱིས་སྲིན་པོ་ལྟར་ཁྲོ་ཞིང་། དགྲ་བོ་ལྟར་ངར་ཡོང་བའི་སྤྱོད་ངན་དེ་རིགས་མི་གནང་རྒྱུའི་རེ་སྨོན་དང་འབོད་བསྐུལ་འདི་སྙིང་ཁོངས་རུས་པའི་གཏིང་ནས་ཞུ་བཞིན་ཡོད་པས། དེ་ལུགས་ཅི་ནས་ཀྱང་དགོངས་འཇགས་ཐོག་ལག་བསྟར་གནང་རོགས་ཞུ་ཞུ་ཞུ། ཞེས་སྡེ་དགེ་ཕུ་ནུ་གྲོས་རའི་ཚོགས་མི་ཡོངས་ནས་༢༠༡༣་༦་༡ ཉིན་ཕུལ།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
- ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
- སྡེ་དགེ་པ་འཛིན་གྲྭ་བཅུ་པའི་སློབ་མ་ཡོངས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཆེ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་འབུལ་འགོ་བཙུགས།