རྫ་མཁན་གྱི་ལག་ཤེས།
རྫ་མཁན་གྱི་ལག་རྩལ།
དགེ་རྒྱལ་རབས་ཟླ་ཤེལ་གསར་པའི་མེ་ལོང་ལས་དྲངས། རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་རོང་ཁུལ་དུ་ལག་ཤེས་ཅན་གྱི་མི་མང་པོ་ཡོད་པ་རེད། ཡུལ་འདིར་ཤིང་བཟོ་དང༌། མགར་བ། རྫ་མཁན་སོགས་ལ་ལག་རྩལ་ཅན་གྱི་མི་སྣ་ཞེས་ཐོབ་ཐང་དང་བརྩི་བཀུར་ཡག་པོར་ཡོད་པ་རེད། ང་ཚོས་བཟའ་བཏུང་གཡོས་བཀོལ་བྱེད་སྣོད་ཀྱི་རིགས་ལ་ཐབ་ཆས་ཟེར། དཔེར་ན། ཇ་དམ་དང༌། དགོང་རྫ་དང༌། ཆུ་རྫ་ལ་སོགས་པ་ལྟ་བུ་རྣམས་སོ། །གནའ་དུས་ཐབ་ཆས་མང་ཆེ་བ་དེ་རྫ་སྣོད་ཤ་སྟག་རེད། སྡེ་དགེའི་ཡུལ་སྐད་དུ་ཇ་དམ་ལ་ཨ་འགིས་ཟེར། ཞོ་དང༌། འོ་མ་སོགས་འཇོག་སྣོད་རྫ་མ་ཆུང་ངུ་ལ་རྫི་ལི་ཟེར།
བཟའ་བཏུང་རིགས་རྣམས་གཡོ་བཀོལ་བྱ་སྣོད་ལ་དགོང་རྫ་ཟེར། རྫ་མའི་རིགས་དེ་དག་གཙོ་བོ་སྡེ་དགེའི་ཤར་ཕྱོགས་སུ་རྨེ་ཤོད་སྡེ་པ་དང༌། ནུབ་ཕྱོགས་སུ་མཁར་སུམ་མདོ་གྲོང་པ་ནས་བཟོ་ཞིང་སྡེ་དགེའི་མངའ་ཁོངས་ག་ས་ག་ལ་ཚོང་འགྲེམས་བྱེད་ཅིང་སྡེ་འབངས་མང་ཆེ་བས་ཁོ་ཚོའི་ཐོན་རྫས་དེ་དག་བེད་སྤྱོད་བྱེད་ཅིང་ཡོད་པ་རེད།