ལེགས་བཤད་ལྗོན་དབང་གི་འགྲེལ་བ།
ཨོཾ་སྭ་སྟི།སུམ་ཅུ་པའི་སྙིང་པོའི་དོན་མདོར་བསྡུས་ནི།ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། ཞེས་པ་རྒྱ་གར་ལེགས་སྦྱར་གྱི་སྐད་ཡིན།དེ་བོད་སྐད་དུ་བསྒྱུར་ན་བླ་མ་འཇམ་པའི་ དབྱངས་ལ་ཕྱག་འཚལ་ལོ།།ཞེས་རྒྱ་སྐད་ཀྱིས་མཆོད་པར་བརྗོད་པ་ཡིན།
བླ་མ་མཆོག་དང་དབྱེར་མེད་པའི།།འཇམ་པའི་དབྱངས་ལ་གུས་བཏུད་ནས།།ཞེས་པ་རང་གི་བླ་མ་ དང་རྗེ་བཙུན་འཇམ་པའི་དབྱངས་ངོ་བོ་དབྱེར་མེད་དུ་བལྟས་ནས་ཕྱག་འཚལ་བ་སྟེ་བོད་ སྐད་ཀྱིས་མཆོད་པར་བརྗོད་པ་ཡིན།
ཐོན་ མིའི་ལེགས་བཤད་སུམ་ཅུ་པའི།།སྙིང་པོ་མདོར་བསྡུས་བཤད་པར་བྱ།།ཞེས་བློན་པོ་ཐོན་ མི་སམ་བྷོ་ཊའི་ལེགས་བཤད་སུམ་རྟགས་གཉིས་ནས་སུམ་ཅུ་པའི་སྙིང་པོའི་དོན་མདོར་ བསྡུས་བཤད་པར་བྱ་ཞེས་བརྩམ་པར་དམ་བཅའ་བ་ཡིན།
དབྱངས་ ཀྱི་བྱ་བ་གསལ་པོ་རུ།།བྱེད་པ་ཨི་ཨུ་ཨེ་ཨོ་བཞི།།གསལ་བྱེད་ཀ་སོགས་སུམ་ཅུ་ཡིན།། ཞེས་པ་སྤྱིར་ཡི་གེ་ལ་དབྱངས་དང་གསལ་བྱེད་གཉིས་ཡོད།དེ་ལ་མ་འདུས་པའི་ཡི་གེ་ མེད།དེའི་ནང་ནས་རང་ཅག་བོད་གངས་ཅན་གྱི་སྐད་ལ་ཉེ་བར་མཁོ་བ་ཨཱ་ལི་དབྱངས་ཀྱི་ བྱ་བ་གསལ་པོར་བྱེད་པའི་ཨི་ཨུ་ཨེ་ཨོ་བཞི་ཡོད།མི་གསལ་བའི་ཚུལ་དུ་ཨ་ཡང་ཡོད།ཀཱ་ ལི་གསལ་བྱེད་ནི་ཀ་ནས་ཨའི་བར་སུམ་ཅུ་ཡིན།
ག་ ང་ད་ན་བ་མ་འ།།ར་ལ་ས་རྣམས་རྗེས་འཇུག་བཅུ།།ཞེས་པ་དེ་རྣམས་མིང་གཞིའི་རྗེས་སུ་ འཇུག་པས་ན་རྗེས་འཇུག་བཅུ་ཡིན་ཏེ་དཔེར་ན།རྟག།བཟང་།བཤད།མདུན།བཏབ།བསམ།མདའ།ཤར། དཔལ།བྱས་ལྟ་བུ།
ད་ དང་ས་གཉིས་ཡང་འཇུག་སྟེ།།ཞེས་པ་ད་དང་ས་གཉིས་རྗེས་འཇུག་ཡིན་པ་མ་ཟད་རྗེས་འཇུག་ གི་རྗེས་སུ་ཡང་བསྐྱར་འཇུག་པས་ན་ཡང་འཇུག་ཡིན།སྦྱོར་ཚུལ་ནི།ད་ནི་ན་ར་ལ་གསུམ་ དང་།།ཞེས་པ་ཡང་འཇུག་ད་ནི་རྗེས་འཇུག་ན་དང་ར་དང་ལ་གསུམ་གྱི་མཐར་འཇུག་སྟེ་ དཔེར་ན།ཕྱིནད།གྱུརད།བསྩལད།ལྟ་བུ།ས་ནི་ག་ང་བ་མར་འཐོབ།།ཅེས་པ་ཡང་འཇུག་ས་ནི་ རྗེས་འཇུག་ག་དང་ང་དང་བ་དང་མ་རྣམས་ཀྱི་མཐར་འཇུག་སྟེ་དཔེར་ན།རྫོགས།གངས།བཏབས། ཁམས།ལྟ་བུ།
ག་ད་བ་མ་འ་སྔོན་འཇུག།ཅེས་པ་དེ་རྣམས་མིང་གཞིའི་སྔོན་དུ་འཇུག་པས་ན་སྔོན་འཇུག་ལྔ་ཡིན་ཏེ་དཔེར་ན།གཏོར།དཔལ།བཏབ།མཁས།འཇམ།ལྟ་བུ།
གོ་ ངོ་དོ་ནོ་བོ་མོ་འོ།།རོ་ལོ་སོ་ཏོ་སླར་བསྡུ་སྟེ།།རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་ བྱ།།ཞེས་པ་བཅུ་གཅིག་པོ་དེ་རྣམས་ལ་སུམ་ཅུ་པར་སླར་བསྡུ་དང་།དག་ཡིག་གཞན་ནས་ རྫོགས་ཚིག་དང་།སྨྲ་སྒོ་མཚོན་ཆར་ཟླ་སྡུད་ཟེར།སྦྱོར་ཚུལ་ནི།དྲག་ཡོད་ཏོ་དང་། ཞེས་པ་ད་དྲག་གམ་དའི་ཡང་འཇུག་ཡོད་པར་ཏོ་འཐོབ་སྟེ་དཔེར་ན།ཕྱིནད་ཏོ།།གྱུརད་ ཏོ།།བསྩལད་ཏོ།།ལྟ་བུ།མཐའ་མེད་འོ།།མཐའ་རྟེན་མེད་སར་འོ་འཐོབ་སྟེ་དཔེར་ན། བྱའོ།།ལྟ་བུ།གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར།།ཞེས་པ་གཞན་རྣམས་མིང་གི་མཐར་ རྗེས་འཇུག་གང་ཡོད་ཀྱང་དེ་དང་མཐུན་པར་སྦྱོར་དགོས་ཏེ་དཔེར་ན།སྟག་གོ།བཟང་ངོ་།། བཤད་དོ།།གསན་ནོ།།བཏབ་བོ།།བསམ་མོ།།མདའ་འོ།།ཤར་རོ།།གསལ་ལོ།།བྱས་སོ།།ལྟ་བུ།
སུ་ ར་རུ་དུ་ན་ལ་ཏུ།།ལ་དོན་རྣམ་པ་བདུན་ཡིན་ཏེ།།ཞེས་པ་དེ་རྣམས་ལ་ལ་དོན་གྱི་རྣམ་ དབྱེ་བདུན་ཟེར།དེ་རྣམས་དོན་གང་ལ་འཇུག་ན།རྣམ་དབྱེ་གཉིས་བཞི་བདུན་པ་དང་།།དེ་ ཉིད་ཚེ་སྐབས་རྣམས་ལ་འཇུག།ཅེས་པ།ཤར་ཕྱོགས་སུ་འགྲོ་ལྟ་བུ་རྣམ་དབྱེ་གཉིས་པ་ལས་ སུ་བྱ་བ་དང་།རྟར་རྩྭ་བྱིན་ལྟ་བུ་རྣམ་དབྱེ་བཞི་པ་དགོས་ཆེད་དང་།ལྷ་ཁང་དུ་ རྟེན་གསུམ་ཡོད་ལྟ་བུ་རྣམ་དབྱེ་བདུན་པ་རྟེན་གནས་དང་།འོད་དུ་འཚེར་ལྟ་བུ་རྣམ་ དབྱེ་གཉིས་པའི་ནང་ཚན་དེ་ཉིད་དང་།ཉི་མ་འཆར་ཁ་རུ་འགྲོ་ལྟ་བུ་རྣམ་དབྱེ་བདུན་ པའི་ནང་ཚན་ཚེ་སྐབས་ཏེ་དོན་ལྔ་ལ་འཇུག།སྦྱོར་ཚུལ་ནི།ས་སུ།ཞེས་ས་མཐར་སུ་འཐོབ་ པའི་དཔེ་ནི།གཡས་སུ།ལས་སུ།ལྟ་བུ།ག་བ་དྲག་མཐར་ཏུ།།ཞེས་པ་དེ་རྣམས་ཀྱི་མཐར་ཏུ་ འཐོབ་པའི་དཔེ་ནི།འགག་ཏུ།ལག་ཏུ།རྒྱབ་ཏུ།འགབ་ཏུ།ཀུནད་ཏུ།སྒྱུརད་ཏུ་གསོལ། བསྩལད་ཏུ་གསོལ་ལྟ་བུ།ང་ད་ན་མ་ར་ལ་དུ།།ཞེས་པ་དྲུག་པོ་དེའི་མཐར་དུ་འཐོབ་པའི་ དཔེ་ནི།སྟེང་དུ།བཤད་དུ།མདུན་དུ།ལམ་དུ།གསེར་དུ།དཔལ་དུ་ལྟ་བུ།འ་དང་མཐའ་མེད་ར་ དང་རུ།།ཞེས་པ་འ་མཐའ་རྟེན་ལ་ཡོད་པ་དང་མཐའ་རྟེན་མེད་པར་ར་དང་རུ་གང་རིགས་འཐོབ་ པའི་དཔེ་ནི།རྟ་མདར།རྟ་མདའ་རུ།ཁར།ཁ་རུ་ལྟ་བུ།
གི་ ཀྱི་གྱི་འི་ཡི་ལྔ་པོ།།རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་།།ཞེས་པ་དེ་རྣམས་ས་མཐའ་ མེད་པ་ནི།ཟངས་ཀྱི་ཞག་བླུག་ལྟ་བུ་གཞི་མཐུན་གྱི་དྲུག་པ་དང་།སྟེང་གི་མི་ལྟ་བུ་ རྟེན་བརྟེན་པའི་འབྲེལ་བ་དང་།ལག་པའི་སོར་མོ་ལྟ་བུ་ཡན་ལག་ཅན་དང་ཡན་ལག་གི་ འབྲེལ་བ་སོགས་རྣམ་དབྱེ་དྲུག་པ་ཚིག་སྔ་ཕྱི་འབྲེལ་བའི་སྒྲ་དང་།
དེ་ རྣམས་ས་མཐའ་ཅན་ལྔ་ནི།།རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ།།ཞེས་པ་གི་སོགས་ས་མཐའ་ ལྔ་ནི།རྣམ་དབྱེ་གང་ལ་སྦྱོར་ཡུལ་དེ་རང་གིས་ཉེ་འགྱངས་ཅི་རིགས་སུ་བྱ་བ་ཞིག་ བྱེད་པའི་དོན་རྣམ་དབྱེ་གསུམ་པ་བྱེད་པ་པོའི་སྒྲ་སྟེ་དཔེར་ན།མིག་གིས་བལྟས་ལྟ་ བུ་བྱ་བ་ཉེ་བར་བྱས་པ་དང་།མིག་གིས་ཤེལ་རྩེའི་རྩེ་མོ་ནས་ཕྱོགས་ཐམས་ཅད་དུ་ཡང་ དང་ཡང་དུ་ལེགས་པར་བལྟས་སོ་ལྟ་བུ་བྱ་བ་འགྱངས་པར་བྱས་པའོ།།
དྲུག་ གསུམ་གཉིས་ཀའི་སྦྱོར་ཚུལ་ནི།སྦྱོར་ཚུལ་ན་མ་ར་ལ་གྱི།།ཞེས་པ་དེ་རྣམས་ཀྱི་མཐར་ དྲུག་གསུམ་གྱི་འཐོབ་པའི་དཔེ་ནི།མདུན་གྱི།མདུན་གྱིས་བལྟས།གཏམ་གྱི་འགོ།གཏམ་ གྱིས་བཤད།ཆར་གྱི་ཟེགས་མ།ཆར་གྱིས་ཚོས།ཆོས་དཔལ་གྱི་ཕྱག།ཆོས་དཔལ་གྱིས་གསུངས་ ལྟ་བུ།ད་བ་ས་ཀྱི།ཞེས་པ་དེ་རྣམས་ཀྱི་མཐར་དྲུག་གསུམ་ཀྱི་འཐོབ་པའི་དཔེ་ནི། ཁྱོད་ཀྱི་གདོང་པ།ཁྱོད་ཀྱིས་བཤད།རྒྱབ་ཀྱི་གོས།རྒྱབ་ཀྱིས་ཁྱེར།གོས་ཀྱི་ཆ་ག། གོས་ཀྱིས་གཡོགས་ལྟ་བུ་དང་།ཤུགས་ཀྱིས་གོ་དགོས་པ་ད་དྲག་ཡོད་པར་ཡང་ཀྱི་འཐོབ་ བོ།།ག་ང་གི།ཞེས་པ་དེ་གཉིས་ཀྱི་མཐར་དྲུག་གསུམ་གི་འཐོབ་པའི་དཔེ་ནི།བདག་གི་ ནོར།བདག་གིས་བཤད།ཆང་གི་སྦང་མ།ཆང་གིས་ར་རོ།ལྟ་བུ།འ་དང་མཐའ་མེད་འི་དང་ཡི།། ཞེས་པ་འ་མཐའ་རྟེན་ལ་ཡོད་པ་དང་མཐའ་རྟེན་མེད་པར་དྲུག་གསུམ་འི་དང་ཡི་གང་རིགས་ འཐོབ་པའི་དཔེ་ནི།མདའི་ལྟོང་།མདའ་ཡི་ལྟོང་།མདས་བསད།མདའ་ཡིས་བསད།ཁའི་སོ།ཁ་ཡི་ སོ།ཁས་ཟས།ཁ་ཡིས་ཟས།
ཀྱང་ ཡང་འང་གསུམ་རྒྱན་སྡུད་དེ།།ཞེས་པ་དེ་གསུམ་ཚིག་རྒྱན་གཉིས་དང་།སྡུད་པའི་དོན་ གསུམ་ལ་འཇུག་པ་ལས།དང་པོ་ཚིག་སྔ་ཕྱི་མཐུན་པར་སྟོན་པའི་མཐུན་པའི་ཚིག་རྒྱན་ལ་ འཇུག་པའི་དཔེ་ནི།མཛེས་ཀྱང་མཛེས།དྲི་མ་ཁ་ཡང་ཁ།ཤ་ཟའང་ཟ་ལྟ་བུ།ཚིག་སྔ་ཕྱི་མི་ མཐུན་པར་སྟོན་པའི་མི་མཐུན་པའི་ཚིག་རྒྱན་ལ་འཇུག་པའི་དཔེ་ནི།མཛེས་ཀྱང་གོས་ མེད།ཀུན་གྱི་ལྷ་ཡང་མཆོད་མཁན་མེད།རྒྱན་དགའང་ཕྱིས་བདར་མེད་ལྟ་བུ།ཀྱང་སོགས་ ཀྱི་ནུས་པས་དོན་གཞན་ཞིག་སྡུད་པའི་དོན་ལ་འཇུག་པའི་དཔེ་ནི།ལྷས་ཀྱང་བཏུད་དོ།། ཤ་ཡང་ཟ།ལྕེའང་ཚིག་ལྟ་བུ།ག་ད་བ་ས་དྲག་མཐར་ཀྱང་།།ཞེས་པ་དེ་རྣམས་ཀྱི་མཐར་ཀྱང་ འཐོབ་པའི་དཔེ་ནི།བདག་ཀྱང་འགྲོ།བཤད་ཀྱང་མི་ཉན།རྒྱབ་ཀྱང་ན།ཆོས་ཀྱང་ཤེས།ཕྱིནད་ ཀྱང་མ་བསླེབ།བཀའ་བསྒྱུརད་ཀྱང་མི་ཉན།བཀའ་བསྩལད་ཀྱང་མི་གོ་ལྟ་བུ།ང་ན་མ་ར་ལ་ མཐར་ཡང་།།ཞེས་པ་དེ་རྣམས་ཀྱི་མཐར་ཡང་འཐོབ་པའི་དཔེ་ནི།ལྷ་ཁང་ཡང་ཡོད།ལན་ཡང་མི་ འདེབས།ལམ་ཡང་ནོར།ཁར་ཡང་བཅུག།དཔལ་ཡང་ཆེ་ལྟ་བུ།འ་དང་མཐའ་མེད་འང་དང་ཡང་།།ཞེས་ པ་འ་མཐའ་རྟེན་ལ་ཡོད་པ་དང་མཐའ་རྟེན་མེད་པར་འང་དང་ཡང་གང་རིགས་ཐོབ་པའི་དཔེ་ནི། མདའང་ཤེས།མདའ་ཡང་ཤེས།སྣའང་རིང་།སྣ་ཡང་རིང་།ལྟ་བུ།
ཏེ་ དེ་སྟེ་གསུམ་ལྷག་བཅས་ཏེ།།ཞེས་པ་མིང་མཐའི་ཏ་རྐྱང་ཏེ་དང་།དེ་དང་།ས་སྟེ་གསུམ་ མདོར་བསྡུ་ན།ཕྱག་འཚལ་ཏེ་བཤད།ཆོས་བཤད་དེ་གོ།སོང་སྟེ་བསླེབས་ལྟ་བུ།བསྟན་བྱ་ ལྷག་མ་འདྲེན་པའི་དོན་ཡིན་ནོ།།སྦྱོར་ཚུལ་ནི།ན་ར་ལ་ས་དྲག་མཐར་ཏེ།།ཞེས་པ་བདུན་ པོ་དེའི་མཐར་ཏ་རྐྱང་ཏེ་འཐོབ་པའི་དཔེ་ནི།ཉན་ཏེ་གོ།འཕར་ཏེ་འགྲོ།དགྲ་བཏུལ་ཏེ་ ཡོང་།རྔོས་ཏེ་ཚིག།ཕྱིནད་ཏེ་བསླེབས།ཆོས་བསྒྱུརད་ཏེ་བཤད།བསྩལད་ཏེ་ཡི་རང་ལྟ་ བུ།ད་དེ།ཞེས་པ་དའི་མཐར་དེ་འཐོབ་པའི་དཔེ་ནི།བསད་དེ་ཟ་ལྟ་བུ།ག་ང་བ་མ་འ།།མཐའ་ མེད་རྣམས་ལ་ས་སྟེ་འཐོབ།།ཅེས་པ་དྲུག་པོ་དེའི་མཐར་ས་སྟེ་འཐོབ་པའི་དཔེ་ནི།ཆུ་ བཀག་སྟེ་བསྐྱིལ།འཕང་སྟེ་འཕོག།འབྲུ་བཏབ་སྟེ་སྐྱེས།དོན་བསམ་སྟེ་སྒོམ།ལུང་པའི་ མདའ་སྟེ་གུ་ཡངས།རྡོ་སྟེ་ཤིན་ཏུ་སྲ།ལྟ་བུ།
གམ་ ངམ་དམ་ནམ་བམ་མམ་འམ།།རམ་ལམ་སམ་ཏམ་འབྱེད་སྡུད་དེ།།ཞེས་པ་གམ་སོགས་བཅུ་གཅིག་པོ་ དེ་དབྱེ་གཞི་ཐོག་མར་བྱས་ནས་དབྱེ་བ་མང་པོ་འབྱེད་པའི་དོན་ལ་འཇུག་པའི་དཔེ་ནི། བུམ་པའི་རྒྱུ་ནི་གསེར་རམ།དངུལ་ལམ།ཟངས་སམ།རག་གམ།རྫ་ལས་བྱའོ་ལྟ་བུ།དབྱེ་གཞི་ མཇུག་ཏུ་བྱས་ནས་དབྱེ་བ་མང་པོ་སྡུད་པའི་དོན་ལ་འཇུག་པའི་དཔེ་ནི།གསེར་རམ།དངུལ་ ལམ།ཟངས་སམ།རག་གམ།རྫ་ལས་བུམ་པ་བྱའོ་ལྟ་བུ།ཡང་ཡིན་ནམ་མིན།ཡོད་དམ་མེད་ལྟ་བུ། ཡིན་མིན་དང་ཡོད་མེད་ཀྱི་དབྱེ་བ་འབྱེད་པ་འབྱེད་པའི་དོན་དུ་གསུངས།དེ་རྣམས་ སྦྱོར་ཚུལ་ནི།སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས།།ཞེས་པ་དྲག་ཡོད་ཏམ་འཐོབ་ པའི་དཔེ་ནི།ཕྱིནད་ཏམ།གྱུརད་ཏམ།བསྩལད་ཏམ་ལྟ་བུ།མཐའ་རྟེན་མེད་པར་འམ་འཐོབ་པ་ ནི།ཁའམ་ལྟ་བུ།གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར།།ཞེས་པ་མིང་མཐར་རྗེས་འཇུག་ གང་ཡོད་ཀྱང་དེ་དང་མཐུན་པར་སྦྱོར་དགོས་པ་ནི།སྟག་གམ།བཟང་ངམ།ཡོད་དམ།ཡིན་ནམ།ལབ་ བམ།བསམ་མམ།མཐའ་འམ།ཤར་རམ།གསལ་ལམ།བྱས་སམ།ལྟ་བུ།
ར་ རུ་འི་ཡི་འང་ཡང་རྣམས།།རྐང་པ་མི་སྐོང་སྐོང་བའི་ཁྱད།།ཅེས་པ།ལ་དོན་གྱི་ར་དང་ རུ།དྲུག་གསུམ་གྱི་འི་དང་ཡི།རྒྱན་སྡུད་ཀྱི་འང་དང་ཡང་རྣམས་རྐང་པ་ཁ་སྐོང་མི་ དགོས་ན་ར་དང་འི་དང་འང་འཐོབ་པའི་དཔེ་ནི།རང་ཉིད་ལྷར་གསལ་ཐུགས་ཀ་ནས།།དཔལ་ལྷའི་ ཕྱག་གི་མདའ་དར་ནི།།ལྷ་མོའང་བདག་ལ་ཤིན་ཏུ་དགྱེས།།ལྟ་བུ།རྐང་པ་ཁ་སྐོང་དགོས་ན་ རུ་དང་ཡི་དང་ཡང་འཐོབ་པའི་དཔེ་ནི།རང་ཉིད་ལྷ་རུ་གསལ་ནས་ནི།།ལྷ་ཡི་ཕྱག་གི་མདའ་ དར་ནི།།ལྷ་ཡང་བདག་ལ་ཤིན་ཏུ་དགྱེས།།ལྟ་བུ།འོ་འུ་འམ་གྱི་གོང་དུ་ཚེག།མེད་དང་ ཡོད་པའང་དེ་བཞིན་ཡིན།།ཞེས་པ་སླར་སྡུའི་འོ་དང་།མིང་གི་འུ་དང་།འབྱེད་སྡུད་ ཀྱི་འམ་རྣམས་རྐང་པ་ཁ་སྐོང་མི་དགོས་ན་དེ་རྣམས་ཀྱི་གོང་དུ་ཚེག་མི་འཐོབ་པའི་ དཔེ་ནི།དཔལ་ལྡན་ལྷ་མོའོ་སྲུང་མའི་གཙོ།།པད་མའི་ཟེའུ་འབྲུ་དག་ལས་སྐྱེས།།བདུད་ མོའམ་ཡང་ན་འབག་མོ་སྟེ།།ལྟ་བུ།རྐང་པ་ཁ་སྐོང་དགོས་ན་དེ་རྣམས་ཀྱི་གོང་དུ་ཚེག་ འཐོབ་པའི་དཔེ་ནི།འདི་ནི་དཔལ་ལྡན་ལྷ་མོ་འོ།།ཟེ་འུ་འབྲུ་ལས་བརྫུས་ཏེ་སྐྱེས།། ལྷ་འམ་ཡང་ན་བདུད་མོ་སྟེ།།ལྟ་བུ།
ནས་ ལས་འབྱུང་ཁུངས་དགར་སྡུད་དེ།།ཞེས་པ་ནས་དང་ལས་གཉིས་ནི་རྣམ་དབྱེ་ལྔ་པ་འབྱུང་ ཁུངས་དངོས་དང་།དེའི་ཆར་གཏོགས་དགར་གཞི་ལས་ལོགས་སུ་དགར་བའི་དོན་དང་།མང་པོ་ སྡུད་པའི་དོན་ལ་འཇུག་པ་ལས།དེ་རྣམས་ཀྱི་དབྱེ་བ་ནི།འབྱུང་ཁུངས་དངོས་ལ་གང་ སྦྱར་འཐུས།།ཞེས་པ་འབྱུང་ཁུངས་དངོས་ཡིན་ན་ནས་དང་ལས་གང་སྦྱར་ཀྱང་འཐུས་པའི་ དཔེ་ནི།ས་ནས་རྩྭ་སྐྱེས།ས་ལས་རྩྭ་སྐྱེས།བ་ལས་འོ་མ་འཇོ།བ་ནས་འོ་མ་འཇོ་ལྟ་བུ། དགར་བ་ལ་གཉིས།རིགས་མཐུན་དགར་ནས།ཞེས་པ་དགར་གཞི་དང་དགར་ཆོས་རིགས་མཐུན་པ་ནས་མ་ གཏོགས་ལས་མི་འཐོབ་པའི་དཔེ་ནི།ལྷ་རྣམས་ཀྱི་ནང་ནས་བརྒྱ་བྱིན་གཟུགས་མཛེས་ལྟ་ བུ།མི་མཐུན་ལས།།ཞེས་པ་དགར་གཞི་དང་དགར་ཆོས་རིགས་མི་མཐུན་པ་ལ་ལས་མ་གཏོགས་ནས་ མི་འཐོབ་པའི་དཔེ་ནི།ལྷ་ལས་མི་དམན་ལྟ་བུ།སྡུད་ལ་ནས་སྒྲ་ཁོ་ན་འཇུག།ཅེས་པ་ སྡུད་པའི་དོན་ལ་ནས་སྒྲ་ཁོ་ན་འཇུག་པ་ལས་ལས་མི་འཐོབ་པའི་དཔེ་ནི།སྤྱི་གཙུག་ནས་ རྐང་མཐིལ་གྱི་བར།ལྟ་བུ།
ཀྱེ་ དང་ཀྭ་ཡེ་བོད་སྒྲ་སྟེ།།ཞེས་པ་ཡུལ་ཁྱད་པར་ཅན་ལ་བོད་པ་ཀྱེ་དང་།ཡུལ་མཉམ་པ་ལ་ བོད་པ་ཀྭ་ཡེ་དང་།ཤུགས་བསྟན་ཡུལ་དམན་པ་ལ་བོད་པ་ཀྭས་དང་།ཝ་ཡེ་དང་།ཝས་རྣམས་ལ་ འཇུག།སྦྱོར་ཚུལ་ནི།ཕལ་ཆེར་མིང་གི་ཐོག་མར་སྦྱོར།།ཞེས་པ་ཕལ་ཆེ་བ་འབོད་བྱ་གང་ ཡིན་གྱི་མིང་གི་ཐོག་མར་སྦྱོར་དགོས་པའི་དཔེ་ནི།ཀྱེ་རྒྱལ་པོ་ཆེན་པོ།ཀྭ་ཡེ་ གྲོགས་པོ།ཀྭས་མ་ཆེན།ཝ་ཡེ་ཆིབས་དཔོན།ཝས་བོང་དཔོན་ལྟ་བུ།ཕལ་ཆེར་གྱི་ཤུགས་ བསྟན་སྐབས་འགར་མིང་གི་མཐར་སྦྱོར་དགོས་པའི་དཔེ་ནི།ངག་གི་དངོས་གྲུབ་སྩོལ་ཅིག་ དབྱངས་ཅན་ཀྱེ།།ལྟ་བུ།
ནི་ ནི་དགར་དང་བརྣན་པའི་སྒྲ།།ཞེས་པ་ནི་དགར་གཞི་ལས་ལོགས་སུ་དགར་བའི་དོན་དང་།ནན་ ཏན་བརྣན་པའི་དོན་གཉིས་ལ་འཇུག་པ་ལས་དང་པོ་དགར་བའི་དཔེ་ནི།སྔོན་འགྲོ།དངོས་ གཞི།མཇུག་གསུམ་ལས་དང་པོ་སྔོན་འགྲོ་ནི།ལྟ་བུ།གཉིས་པ་བརྣན་པའི་དཔེ་ནི།ཇ་ནི་ བྱུང་།མར་ནི་བྱུང་།ཚྭ་ནི་བྱུང་།བུལ་ནི་བྱུང་།ལྟ་བུ།སྡོམ་པ་ཐམས་ཅད་ལྡན་པར་ ནི།།ལྟ་བུ་ཚིག་གི་ཁ་སྐོང་རྣམས་ཀྱང་བརྣན་པའི་སྒྲར་འགྱུར་རོ།།
དང་ ནི་སྡུད་འབྱེད་རྒྱུ་མཚན་དང་།།ཚེ་སྐབས་གདམས་ངག་ལྔ་ལ་འཇུག།ཅེས་པ།མིང་གི་བར་ མཚམས་སུ་ཡོད་པའི་དང་ཞེས་པ་དོན་ལྔ་ལ་འཇུག་པ་ལས།དབྱེ་གཞི་མཇུག་ཏུ་ཡོད་པའི་ སྡུད་པའི་དོན་ལ་འཇུག་པའི་དཔེ་ནི།མིག་དང་།རྣ་བ་དང་།སྣ་དང་།ལྕེ་དང་།ལུས་རྣམས་ ནི་དབང་པོའོ།།ལྟ་བུ།དབྱེ་གཞི་ཐོག་མར་ཡོད་པའི་འབྱེད་པའི་དོན་ལ་འཇུག་པའི་དཔེ་ ནི།དབང་པོ་ལྔ་ནི།མིག་དང་།རྣ་བ་དང་།སྣ་དང་།ལྕེ་དང་།ལུས་སོ།།ལྟ་བུ།རྒྱུ་མཚན་ གྱི་དོན་ལ་འཇུག་པའི་དཔེ་ནི།ཡི་གེ་བྲིས་པ་དང་དག་བྱེད་མཁས་མིན་ཤེས་སོ།།ལྟ་བུ། དུས་བརྗོད་པ་ཚེ་སྐབས་ཀྱི་དོན་ལ་འཇུག་པའི་དཔེ་ནི།ཉི་མ་ཤར་བ་དང་འགྲོ་ལྟ་བུ། གདམས་ངག་འདོམས་པའི་དོན་ལ་འཇུག་པའི་དཔེ་ནི།ཡི་གེ་བྲིས་དང་།སུམ་རྟགས་སྦྱོངས་ དང་།དག་ཡིག་ཟིན་དང་།ལྟ་བུ།
མིང་ གི་ཐོག་མའི་དེ་སྒྲ་ནི།།ཐ་སྙད་འདས་མ་ཐག་པ་དང་།།རྣམ་གྲངས་གཞན་ཅན་གཉིས་ལ་འཇུག། ཅེས་པ་མིང་གི་ཐོག་མར་ཡོད་པའི་དེ་སྒྲ་དོན་མང་པོར་འཇུག་པར་བཤད་ཀྱང་མདོར་བསྡུ་ ན།ཐ་སྙད་འདས་པ་དང་།རྣམ་གྲངས་གཞན་ཅན་གཉིས་ལ་འཇུག་པ་ལས།དང་པོ་བརྗོད་ཚུལ་དེ་ ཉིད་ལ་ཐད་ཀར་བཏགས་པའི་དུས་འདས་པ་ལ་འཇུག་པའི་དཔེ་ནི།མི་གཞོན་པའོ།།དེ་གཟུགས་ རིང་ངོ་།།དེ་ངོ་ཞེང་ཆེའོ།།དེ་སྐད་སྦོམ་མོ།ལྟ་བུ།གཉིས་པ་དངོས་སུ་མི་གསལ་ཡང་ དེ་སྒྲའི་ཤུལ་དུ་རྣམ་གྲངས་གཞན་ཞིག་སྦྱོར་རྒྱུ་ཡོད་པའི་རྣམ་གྲངས་གཞན་ཅན་ལ་ འཇུག་པའི་དཔེ་ནི།དེ་ལ་ལྟོས་ཤིག།དེ་མ་ཤོད་ཅིག།དེ་ཁྱེར་ཤོག།ལྟ་བུ།
ཅི་ ཇི་སུ་གང་སྤྱི་སྒྲ་སྟེ།།ཞེས་པ་ཅི་སོགས་བཞི་པོ་དེ་བྱེ་བྲག་མ་ཡིན་པར་སྤྱི་ལ་ ཁྱབ་པའི་དོན་ལ་འཇུག་གོ།སྦྱོར་ཚུལ་ནི།ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི།།ཞེས་པ་ཞིག་ སོགས་ལྔ་ལ་ཅི་འཇུག་པའི་དཔེ་ནི།ཅི་ཞིག།ཅི་སྟེ།ཅི་སླད།ཅི་འདྲ།ཅིའི་ཕྱིར་ལྟ་ བུ་དང་།ཞིག་ལ་ཇི་ཞིག་ལྟ་བུ་ཇི་སྦྱར་ཡང་རུང་ངོ་།སྙེད་སྲིད་ལྟར་བཞིན་སྐད་ལ་ ཇི།།ཞེས་པ་སྙེད་སོགས་ལྔ་ལ་ཇི་འཇུག་པའི་དཔེ་ནི།ཇི་སྙེད།ཇི་སྲིད།ཇི་ལྟར།ཇི་ བཞིན་།ཇི་སྐད།ལྟ་བུའོ།།སུ་ནི་གང་ཟག།ཅེས་པ་སུ་ནི་གང་ཟག་སེམས་ཡོད་ལ་འཇུག་པའི་ དཔེ་ནི།སུ་ཡིན།སུ་ཡིས་ཟེར།སུ་ལ་ཡོད།ལྟ་བུ།གང་ཀུན་ལའོ།།ཞེས་པ་གང་སེམས་ལྡན་ སེམས་མེད་ཀུན་ལ་འཇུག་པའི་དཔེ་ནི།གང་ནས་ཡིན།གང་ཞིག་ཡིན་ལྟ་བུ།
ན་ རོ་ཡོད་མེད་པ་བ་མ།།བདག་པོའི་སྒྲ་སྟེ།ཞེས་པ་ན་རོ་ཡོད་པའི་པོ་དང་།བོ་དང་།མོ་ གསུམ་དང་།ན་རོ་མེད་པའི་པ་དང་།བ་དང་།མ་སྟེ་དྲུག་པོ་དེ་སྔར་མིང་གི་ཆ་ཤས་སུ་ མེད་པ།དོལ་ཡས།གྱོལ།ཕྱུག།འགག།ལྷ་རྩེ།ཆང།ལྟ་བུ་ལ་གསར་དུ་སྦྱར་ན་སྔར་གྱི་མིང་ དོན་མི་སྟོན་པར།དེའི་བདག་པོའམ།དེར་སྡོད་མཁན་ལྟ་བུ་དོན་གཞན་ཞིག་སྟོན་པ་བདག་ པོའི་སྒྲ་སྟེ་དཔེར་ན།དོལ་ཡས་པོ།གྱོལ་པོ།ཕྱུག་མོ།འགག་པ།ལྷ་རྩེ་བ།ཆང་མ།ལྟ་བུ། དེ་རྣམས་སྦྱོར་ཚུལ་ནི།ག་ད་ན།།བ་མ་ས་དང་དྲག་མཐར་པ།།ཞེས་པ་དེ་རྣམས་ལ་བདག་སྒྲ་ པ་འཐོབ་པའི་དཔེ་ནི།གཡག་པ།བཞད་པ།ལྡན་པ།ལབ་པ།གྲོང་གསུམ་པ།དབུས་པ།ཕར་ཕྱིནད་པ། དབང་བསྐུརད་པ།ཆུ་བསྐྱིལད་པ།ལྟ་བུ།ང་འ་ར་ལ་མཐའ་མེད་ལ།།བདག་སྒྲ་ཡར་གྱུར་བ་དང་ ནི།།ཞེས་པ་ལྔ་པོ་དེ་རྣམས་ཀྱི་མཐའ་ཅན་གྱི་མིང་དང་སྡེབ་ས་མེད་པ་བདག་སྒྲ་ཡར་ གྱུར་ན་བ་ཕྱེད་ཝ་འཐོབ་པའི་དཔེ་ནི།ཁ་བྱང་བ།རྟ་མདའ་བ།བྱང་ཤར་བ།ཁམས་དོལ་བ། གཞིས་རྩེ་བ།ལྟ་བུ།ཆ་ལ་པ་ཉིད་སྦྱོར་བ་ལེགས།།ཞེས་པ་མིང་དང་སྡེབ་ས་ཡོད་པ་བདག་ སྒྲ་ཆ་ལ་སོང་ན་པ་ཉིད་སྦྱོར་བ་ཕལ་ཆེར་ལ་ལེགས་པའི་དཔེ་ནི།བྱང་པ།མདའ་པ།གུར་པ། དོལ་པ།རྩེ་པ་ལྟ་བུ།མིང་མཐའི་པ་བའང་ཕལ་ཆེར་འདྲ།།ཞེས་པ་བདག་སྒྲ་མ་ཡིན་པ་མིང་ མཐའི་པ་བའང་སྦྱོར་ཚུལ་ཕལ་ཆེར་དེ་དང་འདྲ་བ།ལག་པ།རྐང་པ།ལྟ་བུ།མ་ནི་ངེས་མེད་ སྐབས་དང་སྦྱར།།ཞེས་པ་བདག་སྒྲ་མ་ནི་འདི་ལ་འདི་འཐོབ་ཀྱི་ངེས་པ་མེད་པས་སྐབས་ དང་སྦྱར་དགོས་པའི་དཔེ་ནི།ཇ་མ།ཆང་མ།ཐང་མ།རོང་མ།ལྟ་བུ།
མ་ མི་མིན་མེད་དགག་སྒྲ་སྟེ།།ཞེས་པ་བཞི་པོ་དེ་སྦྱར་ན་སྦྱོར་ཡུལ་གྱི་དོན་དེ་མ་ ཡིན་པའམ་མེད་པར་སྟོན་པའི་དགག་པའི་སྒྲ་ཡིན།སྦྱོར་ཚུལ་ནི།མ་མི་ཐོག་མ།།ཞེས་པ་ དགག་སྒྲ་མ་དང་མི་གཉིས་དགག་བྱའི་ཐོག་མར་སྦྱོར་དགོས་པའི་དཔེ་ནི།མ་ཡིན།མི་ འདུག།ལྟ་བུ།མིན་མེད་མཇུག།ཅེས་པ་དགག་སྒྲ་མིན་དང་མེད་གཉིས་དགག་བྱའི་མཇུག་ཏུ་ སྦྱོར་དགོས་པའི་དཔེ་ནི།ལྷ་མིན།འདྲེ་མེད་ལྟ་བུ།མ་ནི་བར་གྱི་གསལ་བྱེད་ལའང་།། ཞེས་པ་དགག་སྒྲ་མ་ནི་དགག་བྱའི་ཐོག་མར་སྦྱོར་དགོས་པར་མ་ཟད་དགག་བྱ་གཉིས་ཀྱི་ བར་དུ་སྦྱར་ན་སྟོད་སྨད་གཉིས་ཀ་དགག་ནུས་པའི་བར་གྱི་གསལ་བྱེད་ལའང་འཇུག་པའི་ དཔེ་ནི།རྟ་མ་བོང་།ར་མ་ལུག།ལྟ་བུ།
ཚིག་ ཕྲད་ཞིང་སོགས།ཞེས་པ་ཞིང་སོགས་དང་།ཅིང་སོགས་དང་།ཤིང་སོགས་ནི་ཚིག་དོན་སྔ་ཕྱི་ ཕྲད་བྱེད་ལྟ་བུ་ཡིན།སྦྱོར་ཚུལ་ནི།ང་ན་མ།།འ་དང་ར་ལ་མཐའ་མེད་མཐར།།ཞིང་ཞེས་ཞེ་ འོ་ཞེ་ན་ཞིག།ཅེས་པ་ང་སོགས་བདུན་པོ་དེའི་མཐར་ཞིང་སོགས་ལྔ་སྦྱོར་དགོས་པའི་ དཔེ་ནི།སོང་ཞིང་།སོང་ཞེས་ཟེར་རོ།།སོང་ཞེའོ།།སོང་ཞེ་ན།ལྷ་ཁང་ཞིག་ཡོད།ལྟ་བུ། དེ་བཞིན་དུ་འབྱོན་ཞིང་།བསམ་ཞིང་།མི་འདའ་ཞིང་།བློ་ལ་ཤར་ཞིང་།གསལ་ཞིང་།ཞལ་ལ་ ལྟ་ཞིང་།ལྟ་བུ་རིགས་འགྲེ།ག་ད་བ་དང་ད་དྲག་མཐར།།ཅིང་ཅེས་ཅེ་འོ་ཅེ་ན་ཅིག།ཅེས་ པ་ག་ད་བ་དང་ད་དྲག་ཡོད་པར་ཅིང་སོགས་ལྔ་སྦྱོར་དགོས་པའི་དཔེ་ནི།བཀག་ཅིང་།བཀག་ ཅེས་ཟེར་རོ།།བཀག་ཅེའོ།།བཀག་ཅེ་ན།ཆུ་ཁོག་ཅིག་ལྟ་བུ།དེ་བཞིན་དུ་བཤད་ཅིང་།བཀབ་ ཅིང་།ཡིནད་ཅིང་།ཡི་གེ་བསྐུརད་ཅིང་།ཆུ་བསྐྱིལད་ཅིང་།ལྟ་བུ་རིགས་འགྲེ།ས་མཐར་ དམིགས་བསལ་ཞེས་མ་གཏོགས།།ཞེས་པ་ས་མཐར་ཚིག་ཕྲད་དམིགས་བསལ་ཤེས་མི་སྦྱོར་བར་ ཞེས་སྦྱོར་དགོས་པའི་དཔེ་ནི།ཆོས་བྱས་ཞེས་ཟེར་རོ།།ལྟ་བུ།ཤིང་ཤིག་ཤེ་འོ་ཤེ་ན་ འཐོབ།།ཅེས་པ་གཞན་ས་མཐར་ཤིང་སོགས་བཞི་འཐོབ་པའི་དཔེ་ནི།བྱས་ཤིང་།གྱིས་ཤིག། བྱས་ཤེའོ།།བྱས་ཤེ་ན།ལྟ་བུ།གོང་གི་ཞེའོ་དང་།ཅེའོ་དང་།ཤེའོ་རྣམས་ཟེར་རོ་ཞེས་ པའི་དོན་དང་།ཞེ་ན་དང་།ཅེ་ན་དང་།ཤེ་ན་རྣམས་ཟེར་ན་ཞེས་པའི་དོན་ཡིན།
འོན་ ཀྱང་ཁ་ཅིག་ལྷན་ཅིག་སོགས།།མིང་གི་ཆ་དང་མ་ནོར་གཅེས།།ཞེས་པ་འོན་ཀྱང་ཁ་ཅིག་དང་། ལྷན་ཅིག་དང་།ཆབས་ཅིག་དང་།ཐབས་ཅིག་དང་།སྟབས་ཅིག་དང་།སྐབས་ཅིག་སོགས་མིང་གི་ཆ་ ཤས་ཡིན་ཅིང་ཚིག་ཕྲད་མིན་པས་དེ་འདྲ་དང་མ་ནོར་བར་བྱེད་པ་ཤིན་ཏུ་གཅེས་སོ།།
རྐྱང་ པ་འཕུལ་ལ་འ་མཐའ་དགོས།།གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་།།ཞེས་པ་གུག་ཅེས་པས་ གི་གུ་ཞབས་ཀྱུ།ཀྱེད་ཅེས་པས་འགྲེང་བུ་ན་རོ།བརྩེགས་ཞེས་པས་ར་མགོ་ལ་མགོ་ས་མགོ། འདོགས་ཞེས་པས་ཡ་ར་ལ་ཝའི་སྨད་འདོགས་བཞི་སྟེ་དེ་རྣམས་གང་ཡང་མེད་པ་ནི་རྐྱང་པ་ ཡིན་ཅིང་།དེ་འདྲའི་རྐྱང་པ་ཡིན་ལ་འཕུལ་བྱེད་སྔོན་འཇུག་ལྔ་གང་ཡང་རུང་བ་ཡོད་ན་ འ་མཐའ་ངེས་པར་དགོས་པའི་དཔེ་ནི།དཔའ་བོ།མདའ་པ།འགའ་ཞིག།ལྟ་བུ།གོང་དུ་བཤད་པའི་ གུག་ཀྱེད་བརྩེགས་འདོགས་ཅན་ལ་འ་མཐའ་སྤོང་དགོས་པའི་དཔེ་ནི།སེམས་ཅན་གཡི།གྭ་པ། དར་བའི་བདེ།གོ་བྱེད་བརྡ།རྐྱང་ཏེ་ཡུ་མོ།ལྟ་བུ།
ད་ ནི་དབུ་ཆེན་གྱི་ཤད་དང་།དབུ་མེད་ལ་ཡང་ཐམས་ཅད་མཁྱེན་པ་དྷརྨ་བྷ་དྲའི་ཕྱག་བཞེས་ སུ་ཚེག་ཤད་མཛད་པ་བཅས་ཀྱི་འཐོབ་ཚུལ་ནི།ལྷུག་པའི་དོན་མང་མིང་མཚམས་དང་།།ཞེས་པ་ ཚིག་ལྷུག་དོན་མང་པོ་ཡོད་པར་མིང་གི་སྐད་པ་བཅད་པ་ལྟ་བུ་མ་ཡིན་པ་མིང་གི་མཚམས་ སུ་ཤད་དང་ཚེག་ཤད་རེ་འཐོབ་པའི་དཔེ་ནི།རིན་པོ་ཆེའི་ཟ་མ་ཏོག་དང་།ངག་གི་སྒྲོན་ མ་དང་།ལི་ཤིའི་གུར་ཁང་སོགས་ལ་ལྟ་བུ།དོན་འབྲིང་འབྱེད་དང་།།ཞེས་པ་དོན་མང་ཉུང་ འབྲིང་ཙམ་ཡོད་ན་མིང་དོན་གྱི་དབྱེ་བ་འབྱེད་ཕྱིར་དགོས་ན་མིང་མཚམས་སུ་ཤད་རེ་ འཐོབ་པའི་དཔེ་ནི།སུམ་ཅུ་པ་དང་།རྟགས་འཇུག་གི་ལྟ་བུ།དོན་ཉུང་རྫོགས།།ཞེས་པ་ དོན་ཉུང་ངུ་ལས་མེད་ན་རྫོགས་མཚམས་སུ་ཤད་རེ་འཐོབ་པ།དེ་རང་ཡིན།ལྟ་བུ།ཚིགས་བཅད་ ག་མཐར་ཆིག་ཤད་བྱ།།ཞེས་པ་ཚིགས་བཅད་ཀྱི་རྐང་པའི་མཐར་ག་ཡོད་ན་ཤད་རེ་འཐོབ་པའི་ དཔེ་ནི།རྣམ་གྲངས་གཞན་ཅན་གཉིས་ལ་འཇུག།ལྟ་བུ།
རྫོགས་ ཚིག་མཐའ་ཅན་ལྷུག་པ་དང་།།ཞེས་པ་གོ་ངོ་དོ་ནོ་སོགས་རྫོགས་ཚིག་མཐའ་ཅན་གྱི་ཚིག་ ལྷུག་ལ་ཤད་གཉིས་འཐོབ་པའི་དཔེ་ནི།འདི་ནི་རྐྱང་ངོ་།།ལྟ་བུ།ཚིགས་བཅད་རྐང་མཐར་ ཉིས་ཤད་འཐོབ།།ཅེས་པ་རྐང་མཐར་ག་མེད་པའི་ཚིགས་བཅད་ཐམས་ཅད་ཀྱི་རྐང་མཐར་ཤད་ གཉིས་འཐོབ་པའི་དཔེ་ནི།བླ་མ་མཆོག་དང་དབྱེར་མེད་པའི།།ལྟ་བུ།
དོན་ ཚན་ཆེན་མོ་རྫོགས་པ་དང་།།ཞེས་པ་དོན་ཚན་ཆེན་མོ་རྫོགས་མཚམས་ཡིན་ན་ཤད་བཞི་འཐོབ་ པའི་དཔེ་ནི།དག་བྱེད་གསལ་བའི་མེ་ལོང་རྫོགས་སོ།།།།ལྟ་བུ།ལེའུའི་མཚམས་སུ་བཞི་ ཤད་དགོས།།ཞེས་པ་ལེའུའི་མཚམས་སུ་ཤད་བཞི་འཐོབ་པའི་དཔེ་ནི།སྐུ་བལྟམས་པའི་ལེའུ་ སྟེ་དང་པོའོ།།།།ལྟ་བུ།
ང་ ཡིག་མ་གཏོགས་ཡིག་ཤད་བར།།ཚེག་མེད།ཅེས་པ་དབུ་ཆེན་གྱི་སྐབས་སུ་མཐའི་ང་ཡིག་དང་ ཤད་ཀྱི་བར་དུ་པ་དང་ནོར་དོགས་ཀྱི་ཕྱེ་ཚེག་གམ་ང་ཚེག་འཐོབ་པའི་དཔེ་ནི།མ་ བསྒྲིབས་ཤིང་།ལྟ་བུ།གཞན་མ་ཡི་གེ་དང་ཤད་ཀྱི་བར་དུ་ཚེག་མི་བྱེད་པའི་དཔེ་ནི། གཡུར་ཟ་བའི།ལྟ་བུ།
དེ་ སོགས་ཞིབ་ཏུ་འབད།།ཅེས་པ་དེ་ལ་སོགས་པ་ཚིག་དོན་ཕྲ་མོ་ལ་ཡང་ཞིབ་ཏུ་བརྟགས་ཤིང་ དཔྱད་ནས་འབད་དགོས་སོ་ཞེས་པ་སྟེ།དེ་ལྟར་སུམ་ཅུ་པའི་སྙིང་པོའི་དོན་གསལ་བར་ བྱེད་པ་འདི་ནི་བློ་གསར་གཞོན་ནུ་ཚིག་དོན་ཞིབ་ཅིང་རྒྱས་པ་བློའི་ར་བར་མི་གཤོང་ བ་རྣམས་ཀྱི་དོན་དུ།རྩ་བ་ནས་བཤད་པའི་ཚིག་དོན་དཔེར་བརྗོད་དང་བཅས་པ་མདོར་ བསྡུས་བཟུང་བདེ་བར་བྲིས་པ་ཡིན་པས།འདིའི་ཚིག་དོན་ཁོང་དུ་ཆུད་པའི་རྗེས་སུ་ དེས་རིགས་འགྲེ་ནས་དཔེར་བརྗོད་མང་དུ་བྱེད་པ་དང་།སུམ་ཅུ་པའི་དོན་རྒྱས་པར་ སྟོན་པའི་ལེགས་བཤད་རྣམས་ལ་ཕྲ་ཞིང་མཛངས་ལ་ཞིབ་པའི་བློ་གྲོས་ཀྱིས་ཡང་དང་ཡང་ དུ་བརྟགས་ཤིང་དཔྱད་ནས་སུམ་ཅུ་པའི་དོན་ལ་མཁས་པའི་ཕ་རོལ་དུ་ཕྱིན་པ་ཅི་ནས་ཀྱང་ མཛད་འཚལ་ལོ།།
དགོས་མེད་ཚིག་གི་ལོ་མ་ནི།།ཕང་ཕུང་གཡོ་བས་མ་བསྒྲིབས་ཤིང་།།
དགོས་ངེས་དོན་གྱི་འབྲས་བུ་མཆོག།རོ་བརྒྱའི་བཅུད་ལྡན་གཡུར་ཟ་བའི།།
གསལ་བྱེད་ལེགས་བཤད་ལྗོན་པ་འདི།།ལྗོན་པ་ཀུན་གྱི་དབང་པོ་སྟེ།།
དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡི།།བློ་མཆོག་འཛིན་མའི་ལྟོ་ལས་འཁྲུངས།།
ཤུབྷཾ།།དགེ་ལེགས་འཕེལ།།།།
བསམ་ཚུལ་འབྲི།
