བཙན་བྱོལ་བོད་མིའི་བཅའ་ཁྲིམས།
༄༅། བཙན་བྱོལ་བོད་མིའི་བཅའ་ཁྲིམས།
ལེའུ་དང་པོ། གཞི་རྩའི་ལམ་སྟོན།
དོན་ཚན་དང་པོ། འགོ་འཛུགས།
བཅའ་ཁྲིམས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོར་ཆོག་མཆན་ཞུས་རྗེས། ༧གོང་ས་མཆོག་གིས་གཏན་འབེབས་མཛད་པའི་དུས་ཚེས་དེ་ནས་དངོས་སུ་རྩ་འཛིན་བྱ་རྒྱུ།
དོན་ཚན་གཉིས་པ། ཁྱབ་ཚད།
བཅའ་ཁྲིམས་འདིས་བཙན་བྱོལ་བོད་གཞུང་གི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།
དོན་ཚན་གསུམ་པ། ཆབ་སྲིད་ཀྱི་རང་བཞིན།
མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག་རང་དབང་དང༌། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ།
མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ་དང༌། གཤམ་འཁོད་ལེའུ་བཅུ་གཅིག་པའི་དོན་ཚན་གཞིར་བཟུང་མ་གཏོགས་བཅའ་ཁྲིམས་འདི་ལ་བསྒྱུར་བཀོད་གཏོང་རྒྱུ་མིན།
དོན་ཚན་བཞི་པ། གཞུང་གི་རྩ་དོན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང༌། དཔལ་འབྱོར་དང༌། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང༌། ཡུལ་མི་དང༌། སྲིད་དོན་གྱི་ཐོབ་ཐང་བཅས་ལ་བརྩིསྲུང་བྱེད་པ་དང༌། འཛམ་གླིང་ཡུལ་ལུང་གཞན་ཁག་ནས་ཀྱང་བརྩི་སྲུང་ཡོང་ཐབས། ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་བའི་ལས་འགན་བསྒྲུབ་རྒྱུ་བཅས།
དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན།
༡ ཁྲིམས་ལུགས་དང༌། བཀའ་རྩ། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ།
༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ།
དོན་ཚན་དྲུག་པ། རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ཡུལ་ཁྲིམས་ལ་བརྩི་སྲུང༌།
བཙན་བྱོལ་བོད་གཞུང་གི་ཁྲིམས་ལུགས་དང༌། བཀའ་རྩ། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། ལྷག་དོན་བོད་མིའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་རྒྱུ།
དོན་ཚན་བདུན་པ། དམག་འཐབ་སྤོང་བ།
མ་འོངས་བོད་ཀྱི་ཡུལ་ཁམས་འཚེ་མེད་ཞི་བའི་བསྟི་གནས་སུ་གནས་རྒྱུ་དང༌། གོ་མཚོན་དུག་རླངས་རིགས་ཀྱི་ཐོན་སྐྱེད་ནམ་ཡང་མི་བྱེད་པའི་འབད་རྩོལ་བྱ་རྒྱུ་དང༌། ད་ལྟ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཀྱིས་མཚོན་དོན་གནད་གང་གི་ཆེད་དུའང་དམག་འཐབ་སྤོང་རྒྱུ།
དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི།
༡ བོད་ཀྱི་མངའ་ཁོངས་སུ་སྐྱེས་པའི་བོད་པ་དང༌། རྒྱལ་ཁབ་གཞན་དུ་སྐྱེས་པའི་བོད་པ་རྣམས་བོད་ཀྱི་ཡུལ་མི་ཡིན། བོད་རིགས་ཕ་མ་གང་རུང་ལས་རྒྱལ་ཁབ་གཞན་དུ་སྐྱེས་པའི་རིགས་རྣམས་ཀྱང་བོད་ཀྱི་ཡུལ་མིར་ཞུགས་རྒྱུའི་ཐོབ་ཐང་ཡོད།
༢ བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་ཁུར་འགན་ཁག་འགལ་མེད་བསྒྲུབས་ཕྱིན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས།
༣ རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་གསུམ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཞུགས་འདོད་ཡོད་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་སྒྲིག་གཞི་ལྟར་ཞུགས་ཆོག
༤ གོང་གསལ་དོན་ཚན་ཁག་ལག་ལེན་དུ་བསྟར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ།
ལེའུ་གཉིས་པ།
གཞི་རྩའི་ཐོབ་ཐང་དང༌། ལས་འགན།
དོན་ཚན་དགུ་པ། ཁྲིམས་ཀྱི་མདུན་སར་འདྲ་མཉམ།
བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།
དོན་ཚན་བཅུ་པ། ཆོས་དད་རང་དབང༌།
ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། བོད་མི་རེ་རེར་བསམ་བློ་དང༌། རྣམ་དཔྱོད། ཆོས་ལུགས་བཅས་རང་མོས་ལྟར་སྤྱོད་པ་དང༌། ཁེར་རྐྱང་ངམ། མཉམ་ཚོགས་ཀྱི་ཐོག་ནས་ཆོས་ལུགས་གང་ཞིག་ལ་དད་མོས་ཉམས་ལེན་དང༌། ཆོས་སྒོར་ཞུགས་པ། ཆོས་འཆད་སྤེལ་དང༌། ཆོས་སྤྱོད་ཅི་རིགས་བཅས་མངོན་གསལ་དུ་བྱེད་ཆོག་པའི་ཐོབ་ཐང་ཡོད།
དོན་ཚན་བཅུ་གཅིག་པ། སྤྱི་འཐུས་ཀྱི་འོས་བསྡུ་དང༌། འོས་གཞི་ཐོབ་ཐང༌།
ཁྲིམས་ལུགས་ཁག་གཞིར་བཟུང་འོས་བསྡུའི་ཐོབ་ཐང་བྲལ་བ་ཕུད། དེ་མིན་བོད་ཀྱི་ཡུལ་མི་སེར་སྐྱ་ཕོ་མོ་རང་ལོ་བཅོ་བརྒྱད་ཧྲིལ་པོར་ལོན་པ་ཡན་ཚང་མར་འོས་བསྡུའི་ཐོབ་ཐང་དང༌། ཁྲིམས་ལུགས་ཁག་གཞིར་བཟུང་འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་བྲལ་བ་ཕུད། དེ་མིན་བོད་ཀྱི་ཡུལ་མི་སེར་སྐྱ་ཕོ་མོ་རང་ལོ་ཉེར་ལྔ་ཧྲིལ་པོར་ལོན་པ་ཡན་ཚང་མར་འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད།
དོན་ཚན་གཅུ་གཉིས་པ། གཞི་རྩའི་རང་དབང་དང༌། ཐོབ་ཐང་གཞན་ཁག
བོད་མིའི་འཕྲལ་ཕུགས་ཀྱི་རྩ་དོན་དང༌། མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཁྲིམས་ལུགས་གང་རུང་འོག་བཀག་འདོམས་བྱ་དགོས་དང༌། གཞུང་ཞབས་ལས་རྒྱུན་རིང་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་ཀྱིས་བཀག་པ་ཕུད། བོད་ཀྱི་ཡུལ་མི་ཚང་མར་གཤམ་གསལ་རང་དབང་དང༌། ཐོབ་ཐང་ཁག་ཡོད།
༡ ལུས་སྲོག་དང༌། འདོད་དབང༌། མཁར་དབང་བཅས་ཀྱི་ཐོབ་ཐང༌།
༢ གཏམ་བརྗོད།
༣ འགྲོ་འོང༌།
༤ གསར་ཤོག་དང༌། དུས་དེབ། རྩོམ་ཡིག་རིགས་པར་འགྲེམས་དང༌། ཁྱབ་སྤེལ།
༥ གོ་མཚོན་མེད་པར་ཞི་བའི་འདུ་ཚོགས།
༦ ཁྲིམས་རྩོད་ཞུ་གཏུགས་སྐབས་མཐུན་རྐྱེན་མེད་རིགས་ལ་གླ་མེད་ཁྲིམས་རྩོད་པ་དང༌། སྐད་སྒྱུར་རིགས།
༧ ཆོས་དང༌། རིག་གནས། དཔལ་འབྱོར། མཉམ་འབྲེལ། སྤྱི་མཐུན་བཅས་ཀྱི་ཚོགས་ཁག་འཛུགས་པ་དང༌། ཚོགས་པར་ཞུགས་པ།
༨ རང་གི་ཤེས་ཚད་དང་འཚམས་པར་བོད་གཞུང་དང༌། གཞུང་འཛིན་སྒྲིག་འཛུགས་གང་གི་ལས་རིགས་སུ་ཞུགས་རྒྱུའི་གོ་སྐབས་འདྲ་མཉམ།
༩ གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་དང་མཐུན་པའི་ལས་རིགས་དང༌། ཚོང་འཁོས། ས་ཁང་ཉོ་ཚོང༌། ལས་དོན་གཞན་དག་གང་རུང་བྱེད་པ།
༡༠ ཕྲུ་གུ་རང་ལོ་བཅུ་བཞི་ཧྲིལ་པོར་ལོན་པ་མན་ཆད་ངལ་རྩོལ་ལ་ཞུགས་མི་དགོས་པ་བཅས།
དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན།
བོད་ཀྱི་ཡུལ་མི་ཚང་མས་བསྒྲུབ་དགོས་པའི་ལས་འགན་གཤམ་གསལ།
༡ བོད་རྒྱལ་ཁབ་ལ་ཡིད་ཆེས་བློ་གཏད།
༢ བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན།
༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ།
༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ།
༥ རྒྱལ་ཁབ་དང༌། མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས།
དོན་ཚན་བཅུ་བཞི་པ། གཞི་རྩའི་ཐོབ་ཐང་དང༌། ལས་འགན་ལག་ལེན་དོན་འཁེལ།
གོང་འཁོད་དོན་ཚན་ཁག་ནང་གསལ་གྱི་ཐོབ་ཐང་ དང༌། ལས་འགན་ཁག་ལ་གནོད་འགལ་བྱུང་ཚེ་དོན་ཚན་བཅུ་གཉིས་པ་ནང་གསལ་ཁྲིམས་ལུགས་ཀྱིས་བཀག་པ་ཕུད། དེ་མིན་ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཁྲིམས་ཞིབ་ཁང་འོག་མ་ཁག་ལ་སྐབས་བསྟུན་ཞུ་གཏུགས་ཆོག་པའི་ཐོབ་ཐང་ཡོད་ཅིང༌། ཁྲིམས་ཞིབ་ཁང་དེ་དག་ལ་གོང་འཁོད་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་བཀོད་འདོམས་བྱ་རྒྱུའི་དབང་ཆ་ཡོད།
ལེའུ་གསུམ་པ།
གཞུང་གི་རྩ་བའི་བྱེད་སྒོ་ལམ་སྟོན།
དོན་ཚན་བཅོ་ལྔ་པ། བོད་དོན་བདེན་མཐའ་གསལ་ཐབས་དང༌། བཙན་བྱོལ་བའི་སྤྱི་ཚོགས་བདེ་ཐབས།
བཙན་བྱོལ་བོད་གཞུང་གི་བ྄སྒྲུབ་བྱའི་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐབས་བྱུས་ཡང་དག་ལ་འབད་བརྩོན་དང༌། གནས་སྐབས་སུའང་གཞིས་ལུས་བོད་མི་རྣམས་དཀའ་ཉེན་ལས་྄སྐྱོབ་ཐབས་བྱ་རྒྱུ་དང༌། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲང་བདེན་དང༌། འདྲ་མཉམ། དཔལ་འབྱོར་ཐོན་སྐྱེད་སྤྱི་སྨན་ཡོང་བའི་འགྲོ་ལུགས་བཅས་ཀྱི་སྤྱི་ཚོགས་བདེ་དོན་གྱི་སྲིད་བྱུས་ཡང་དག་སྐྱོང་དགོས་པ་དང༌། ཁྱད་པར་གཞོན་སྐྱེས་རྣམས་ལ་ཤེས་ཡོན་དང༌། གནའ་བོའི་རིག་གཞུང་བཟང་པོའི་གོམས་གཤིས་འཇགས་རྒྱུ་བཅས་ཀྱི་གོ་སྐབས་ཚད་ལྡན་སྤྲོད་ཐབས་དང༌། ལུས་སེམས་བདེ་ཐང་དུ་འཚར་ལོང་ཡོང་བའི་འཕྲོད་བསྟེན་གྱི་མཐུན་རྐྱེན་སྒྲུབ་ཐབས་བཅས་ཀྱི་ཆེད་གཤམ་གསལ་དོན་ཚན་རྣམས་སུ་ཆེད་བཀོད་ལས་དོན་རྣམས་བསྒྲུབ་རྒྱུ།
དོན་ཚན་བཅུ་དྲུག་པ། སྤྱི་ཚོགས་བདེ་དོན།
༡ བཙན་བྱོལ་བོད་མིའི་ཕན་བདེ་སྒྲུབ་ཆེད་འཚོ་བའི་མཐུན་རྐྱེན་འགྲུབ་ཐབས་དང༌། ལུས་སེམས་ཞི་བདེར་གནས་ཐབས་ལ་འབད་རྒྱུ། ངལ་སེལ་གྲོགས་ཕན་གྱི་ཐོབ་ཐང་འདྲ་མཉམ། གཞུང་ དང༌། གཞུང་ཁོངས་ལས་དོན་འདྲ་མཚུངས་ལ་གླ་ཕོགས་འདྲ་མཉམ་ཡོང་བ་བཅས་ཀྱི་སྲིད་བྱུས་ལག་བསྟར་དང༌། ཡོང་འབབ་ལ་གཞིགས་པའི་ཆ་སྙོམས་ཀྱི་དཔྱ་ཁྲལ་འགྲོ་ལུགས་བཟོ་རྒྱུ།
༢ ནད་གཅོང་དང༌། དབང་པོ་སྐྱོན་ཅན། འཁོས་དམན་ཉམ་ཐག ཕྲུ་གུ་མང་བས་འཚོ་སྐྱོང་ དང༌། ཤེས་ཡོན་སློབ་སྟོན་མ་ཐུབ་པ་བཅས་དངོས་འབྲེལ་ཁྱིམ་འཚོ་མ་ཟིན་པའི་རིགས་ལ་ལམ་སྟོན་སློབ་གསོ་དང༌། དཔལ་འབྱོར་གྱི་རོགས་རམ་སྤྲོད་ཐབས་བྱ་རྒྱུ། གཞན་གྱིས་བྲན་གཡོག་ཏུ་བཀོལ་བ་དང༌། དཔལ་འབྱོར་གྱི་གནོན་ཤུགས་རིགས་མི་འབྱུང་བའི་འགོག་ཐབས་བྱ་རྒྱུ།
༣ ཁྱད་པར་བོད་མིའི་གཞིས་སྒར་དང༌། འདུས་སྡོད་ཁག་ཁ་འཐོར་དུ་མི་འགྲོ་བའི་ཆེད་སོ་ནམ་ལས་རིགས་དེང་རབས་ཅན་དུ་བསྒྱུར་རྒྱུ་དང༌། བཟོ་ལས་འཛུགས་སྐྲུན། དེ་དག་གི་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་སྒྲིག་གཞི་ལྟར་གཞུང་སྒེར་ཅི་རིགས་ཀྱི་མཉམ་འབྲེལ་དང་ལས་རིགས། ཚོང་ལས་ཀྱི་ཚོགས་སྡེ་གང་དགོས་འཛུགས་རྒྱུ་བཅས།
དོན་ཚན་བཅུ་བདུན་པ། ཤེས་ཡོན་དང་རིག་གཞུང༌།
༡ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་བྱིས་པའི་ཐོབ་ཐང་བརྩི་སྲུང་ཐོག བོད་མིའི་ཕྲུ་གུ་བཙན་བྱོལ་བ་སློབ་ལོ་སོན་པ་ཚང་མར་གཞི་རིམ་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ།
༢ ཤེས་ཡོན་སློབ་སྟོན་ཡར་རྒྱས་གཏོང་ཐབས་སུ་དོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ།
༣ གཞིས་སྒར་སོ་སོའི་ཕྲུ་གུ་ས་གནས་དེ་གའི་ཉིན་སློབ་ཏུ་གནས་ཐབས་ དང༌།། དགོས་ངེས་རྣམས་སུ་སློབ་ཕྲུག་སྡོད་ཁང་འཛུགས་སྐྲུན་བྱ་ཐབས།
༤ ཁ་ཐོར་བོད་མིའི་གནས་ཡུལ་བོད་ཀྱི་སློབ་གྲྭ་མེད་རིགས་ཀྱི་ཕྲུ་གུ་འདབས་འབྲེལ་སློབ་ཁག་ཏུ་ཚུད་ཐབས།
༥ སློབ་ཕྲུག་རྣམས་ལ་ཕུགས་ལམ་འདེམས་ཕྱོགས་སློབ་སྟོན་པ་ཁྱད་མཁས་མི་སྣའི་མཐུན་རྐྱེན་སྒྲུབ་ཐབས།
༦ འབྱོར་འཁོས་དྲག་རིགས་ལ་ཕྲུ་གུའི་སློབ་སྦྱོང་མཇུག་སྐྱོང་ཆེད་དགོས་ངེས་སློབ་གྲོན་གཏོང་དགོས་ཀྱི་ལམ་སྟོན་བྱ་རྒྱུ།
༧ ཤེས་སྤྱོད་བཟང་ཐོན་ཅན་རྣམས་ལ་དམིགས་བཀར་ལས་རིགས་དང༌། བཟོ་རིག་ལག་རྩལ། མཐོ་རིམ་སློབ་སྦྱོང་གི་གོ་སྐབས་དང༌། སློབ་གྲོན་གཏོང་རྒྱུ་མེད་རིགས་ལ་མཐུན་རྐྱེན་རོགས་རམ་སྤྲོད་ཐབས་བྱ་རྒྱུ།
༨ གཞི་འབྲིང་མཐོ་གསུམ་གྱི་གཞུང་སྒེར་གྱི་གཏན་སྡོད་དང་ཉིན་མོའི་སློབ་གྲྭ་ཁག་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་དང༌། སློབ་ཚན་རྣམས་རིམ་བཞིན་བོད་ཀྱི་སྐད་ཡིག་ཐོག་ནས་སློབ་སྟོན་ཐུབ་ཐབས་བྱ་རྒྱུ་དང༌། ཆོས་ལུགས་རྣམས་དང༌། ལུགས་ཀྱི་བསྟན་བཅོས་དག་ནས་བསྟན་པའི་ཡ་རབས་སྤྱོད་བཟང་གི་བསླབ་བྱ་རྣམས་དམིགས་བསལ་རྩལ་བཏོན་གྱིས་གཞི་རིམ་སློབ་ཚན་དུ་འཇོག་རྒྱུ།
༩ སློབ་རིམ་ཚང་མའི་སློབ་དགེ་རྣམས་སྤྱི་ཚོགས་ནང་མཐོང་ཆེར་བརྩིས་ཏེ་ཤེས་ཡོན་བཟང་ཤོས་ཁག་སློབ་དགེར་འཇུག་ཐབས།
༡༠ རབ་བྱུང་དང༌། གོས་དཀར་ལྕང་ལོ་ཅན་གྱི་བཤད་སྒྲུབ་ཆོས་སྡེ་ཁག་ཚགས་ཚུད་སྤུས་དག་ཡོང་ཐབས་དང༌། དེ་དག་གི་མཐུན་རྐྱེན་ལོག་འཚོས་མ་བསླད་པའི་ཚུལ་མཐུན་ཡོང་ཐབས།
༡༡ ཕྱོགས་འཛིན་མེད་པའི་༧རྒྱལ་བསྟན་རིས་མེད་ཀྱི་བཞེད་སྲོལ་བཟང་པོ་གོང་མཐོར་སྤེལ་ཐབས།
༡༢ གྲྭ་བཙུན་རྣམས་ལ་ཤེས་ཡོན་དང༌། འཕྲོད་བསྟེན་གྱིས་མཚོན་པའི་འོས་འཚམས་སྤྱི་ཚོགས་ཞབས་འདེགས་ཀྱི་ལས་དོན་ལ་ཞུགས་རྒྱུའི་ལམ་སྟོན་དང་མཐུན་རྐྱེན་སྦྱོར་ཐབས་བྱ་རྒྱུ།
༡༣ བོད་ཀྱི་གནའ་བོའི་རིག་གཞུང་སྤྱི་དང༌། ཟློས་གར། ལྕགས་ཟངས་གསེར་དངུལ་ལྟ་བུའི་རྒྱུ་རིགས་སྣ་ཚོགས་ཀྱི་བརྡུང་ཚག་ལུགས་གསུམ་གྱིས་མཚོན་བཟོ་རིག་དང༌། ལག་རྩལ་རྩ་རླག་ཏུ་འགྲོ་ཉེན་ཅན་རྣམས་རྒྱུན་འཛིན་དང༌། ཁྱབ་སྤེལ། ལག་རྩལ་མཁས་རིགས་ལ་ལྟ་སྐྱོང་གཟེངས་བསྟོད།
༡༤ ཚན་རིག་གིས་མཚོན་དེང་རབས་ཀྱི་སློབ་ཚན་གལ་ཆེ་རྣམས་དམིགས་བཀར་སློབ་སྟོན་དང༌། ཚན་རིག་དང་སྒྱུ་རྩལ་གྱི་ཉམས་ཞིབ་ལ་མཐུན་འགྱུར་སྒྲུབ་ཐབས་བྱ་རྒྱུ།
༡༥ ཆོས་དང༌། རིག་གཞུང་འཛིན་སྐྱོང་གི་བསྟི་གནས་ཆོས་སྡེ་དང༌། གཙུག་ལག་སློབ་ཁང༌། སློབ་ལས་ཀྱི་སྡེ་ཚན་ཁག་ལ་རྒྱབ་སྐྱོར་མཐུན་རྐྱེན་བསྒྲུབ་རྒྱུ།
༡༦ རྩེད་རིགས་དང༌། ལུས་སྦྱོང་ཡར་རྒྱས་གཏོང་ཐབས་བཅས།
དོན་ཚན་བཅོ་བརྒྱད་པ། འཕྲོད་བསྟེན།
༡ མང་ཚོགས་ཀྱི་འཕྲོད་བསྟེན་དང༌། གཙང་སྦྲ། སྨན་བཅོས་བཅས་ཀྱི་མཐུན་རྐྱེན་འདང་ངེས་ཡར་རྒྱས་གཏོང་རྒྱུ་དང༌། འཁོས་དམན་རྣམས་ལ་རིན་མེད་སྨན་སྦྱིན་སྤྲོད་ཐབས་བྱ་རྒྱུ་དང༌། གཅོང་ནད་དང༌། འགོས་ནད་རིགས་སྔོན་འགོག་དང༌། དམིགས་བསལ་སྨན་བཅོས་བྱ་རྒྱུ་དང༌། ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་སྟོན་བྱ་རྒྱུ།
༢ ཁྱད་པར་བོད་ཀྱི་གནའ་སྲོལ་སྨན་གྱི་ལག་ལེན་དང༌། སྨན་སྦྱོར། བོད་ཀྱི་གསོ་རིག་དང་དེང་རབས་ཀྱི་གསོ་རིག་དབར་ཕན་ཚུན་གོ་བསྡུར་ཉམས་ཞིབ་ཡར་རྒྱས་གཏོང་ཐབས།
༣ བོད་སྨན་གྱི་སྨན་སྦྱོར་ལག་ལེན་བསྟར་ཕྱོགས་ཚད་ལྡན་ཡོངས་ཐབས་སུ་ཁྲིམས་ལུགས་ལྟར་ལྟ་རྟོག་སྟངས་འཛིན་བྱ་རྒྱུ།
ལེའུ་བཞི་པ།
གཞུང་གི་འགན་འཛིན།
དོན་ཚན་བཅུ་དགུ་པ། འགན་འཛིན་དབང་ཆ།
གཞུང་གི་འགན་འཛིན་དབང་ཆ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཡོད་ཅིང༌། བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་༧གོང་ས་མཆོག་གིས་ཐད་ཀར་རམ། གཤམ་འོག་འགན་ཁུར་སྲི་ཞུ་བ་བརྒྱུད་དབང་ལུང་ཁྱབ་སྒྱུར་མཛད་རྒྱུ། ཁྱད་པར་༧གོང་ས་ཆེན་པོས་རྒྱལ་ཁབ་དབུ་འཛིན་གྱི་མཚན་ཐོག་ནསཿ
༡ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་དང༌། སྒྲིག་གཞི་ཁག་ལ་ཆོག་མཆན་དང་གསལ་བསྒྲགས།
༢ ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་ དང༌། བཀའ་རྩ་ཁྱབ་བསྒྲགས།
༣ བྱས་རྗེས་གཟེངས་རྟགས་དང༌། གོ་མིང་བདག་རྐྱེན།
༤ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་འགྱངས་དང༌། བར་མཚམས་འཇོག་པ། གྲོལ་བ། བསྡུ་བསྐོང༌།
༥ དགོས་གལ་ནམ་བྱུང་ལ་སྤྱི་འཐུས་ལྷན་ཚོགས་སུ་གསུང་བཤད་དང༌། གསུང་འཕྲིན།
༦ སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་དང༌། ལས་དོན་བར་མཚམས་འཇོག་པ།
༧ བཀའ་ཤག་གམ། བཀའ་བློན་སུ་རུང་འཕོ་འགྱུར།
༨ ཛ་དྲག་དང༌། གལ་ཆེའི་དམིགས་བསལ་ཚོགས་འདུ་བསྡུ་བསྐོང༌།
༩ དོན་གནད་གལ་ཆེ་འགའ་རེའི་སྐོར་ལ་བཅའ་ཁྲིམས་གཞིར་བཟུང་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་བྱེད་འཐུས་ཀྱི་བཀའ་ཁྱབ་བསྩལ་རྒྱུ་བཅས།
དོན་ཚན་ཉི་ཤུ་པ། བཀའ་ཤག་དང༌། བཀའ་བློན་ཁྲི་པ།
༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་གཞུང་གི་ཆབ་སྲིད་ཀྱི་ལས་དོན་འགན་ཁུར་རྐང་ལེན་བྱེད་པོ་བཀའ་ཤག་ལྷན་ཚོགས་དང༌། དེའི་འགོ་འདོམས་བཀའ་བློན་ཁྲི་པ་ཞིག་དགོས་པ་ཡིན།
དོན་ཚན་ཉེར་གཅིག་པ། བཀའ་བློན་ཁྲི་པའི་འོས་བསྡུ།༡
༡ བཀའ་ཤག་ཏུ་བཀའ་བློན་ཁྲི་པ་གཅིག་དང༌། བཀའ་བློན་གཞན་བདུན་ལས་མ་མང་བ་ཞིག་དགོས་པ། བཀའ་བློན་ཁྲི་པའི་འོས་བསྡུ་སྒྲིག་གཞི་གཞིར་བཟུང་བོད་ཀྱི་ཡུལ་མི་འོས་འཕེན་གྱི་ཐོབ་ཐང་ དང༌། རང་དབང་ཡོད་པ་རྣམས་ཀྱིས་སྤྱི་ཡོངས་འོས་བསྡུའི་ལམ་ནས་འོས་ཐོན་བྱུང་བ་དེར་༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་བློན་ཁྲི་པར་བསྐོ་གཞག་བསྩལ་རྒྱུ།
༢ བཅའ་ཁྲིམས་ཀྱི་དོན་ཚན་འདི་དག་གཞིར་བཟུང་བཀའ་བློན་ཁྲི་པའི་འོས་བསྡུ་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞིབ་གསལ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོར་སྙན་འབུལ་ཆོག་མཆན་ཞུས་རྗེས་རྩ་འཛིན་ལག་བསྟར་བྱ་རྒྱུ།
༣ བཀའ་བློན་ཁྲི་པ་དང༌། བཀའ་བློན་གྱི་འོས་གཞིར་རུང་བའི་སྐྱེ་བོ་ནིཿ
ཀ བོད་ཀྱི་ཡུལ་མི་ཡིན་པ།
ཁ རང་ལོ་སོ་ལྔ་ཧྲིལ་པོར་ལོན་པ།
ག ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
ང བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
ཅ ཁྲིམས་ཁང་ནང་ནག་ཉེས་ར་འཕྲོད་ཀྱིས་ཉེས་པ་ཕོག་ཟིན་པ་མ་ཡིན་པ།
ཆ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱིས་མོས་མཐུན་གྱིས་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་འོས་གཞིར་མ་འོས་པར་ཐག་བཅད་པ་མ་ཡིན་པ།
ཇ ཡུན་ཚད་གཉིས་བསྟུད་མར་བཀའ་བློན་ཁྲི་པའམ་བཀའ་བློན་གྱི་ལས་ཁུར་བྱེད་བཞིན་པ་མ་ཡིན་པ།
ཉ བཅའ་ཁྲིམས་དོན་ཚན་ཉེར་དགུ་པའི་ནང་གསེས་ ༣ དང་ ༤ ནང་གསལ་ལྟར་བཀའ་བློན་ཁྲི་པའམ་བཀའ་བློན་འཕོ་འགྱུར་བྱ་དགོས་བྱུང་བ་མ་ཡིན་པ།
ཏ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ་བཅས།
༤ འོས་གཞི་གཉིས་ལ་འོས་གྲངས་འདྲ་མཉམ་ཐོན་ཚེ་ཁྲིམས་ལུགས་གཞིར་བཟུང་འདྲ་མཉམ་ཐོན་པའི་འོས་གཞི་གཉིས་ལ་སླར་ཡང་མང་ཚོགས་ནས་འོས་བསྡུ་བྱ་རྒྱུ།
༥ སྤྱི་འཐུས་སུ་ཞིག་བཀའ་བློན་ཁྲི་པ་དང༌། བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན། རང་གི་འཐུས་མིའི་ལས་ཁུར་འཁྱུར་དགོས་པ་དང༌། གཞུང་གི་ལས་བྱེད་སུ་ཞིག་བཀའ་བློན་ཁྲི་པ་དང་བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན་གཞུང་ཞབས་ནས་རྩ་འཁྱུར་དགོས་པ་ཡིན། འོན་ཀྱང་བཀའ་བློན་ཁྲི་པ་དང་བཀའ་བློན་འཁྱུར་རྗེས་སྔོན་མའི་ཞབས་ལོ་དང་གནས་རིམ་དེའི་རྒས་ཡོལ་ཐོབ་ཐང་ཡོད་རིགས་སྒྲིག་གཞི་ལྟར་འཐོབ་རྒྱུ།
དོན་ཚན་ཉེར་གཉིས་པ། བཀའ་བློན་གཞན་གྱི་འོས་འདེམས།༢
འོས་ཐོན་ཐོག་བསྐོ་གཞག་དམ་འབུལ་ཟིན་པའི་བཀའ་བློན་ཁྲི་པ་དེས་རང་གི་བཀའ་ཤག་ལྷན་ཚོགས་སུ་བཀའ་བློན་ཇི་དགོས་མང་མཐའ་བདུན་ལས་མ་བརྒལ་བའི་མི་འགྲོའི་མིང་དང་ལོ་རྒྱུས་བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་གསེས་ ༣ པར་གསལ་བའི་འོས་ཆོས་ཚང་ལུགས་བཅས་སྤྱི་འཐུས་ལྷན་ཚོགས་སུ་གསལ་བཤད་དང་སྦྲགས་འབུལ་རྒྱུ་དང༌། དེའི་ཐོག་སྤྱི་མོས་བྱུང་ན་སྨོས་མེད། མ་བྱུང་ཚེ་སྤྱི་མོས་མ་བྱུང་བའི་འོས་གཞི་སོ་སོའི་ཐོག་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱིས་གསང་བའི་འོས་ཤོག་འཕེན་ཏེ་འོས་འདེམས་བྱ་དགོས། ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ། གྲོས་ཚོགས་སུ་སྤྱི་མོས་སམ་མང་མོས་ཐོན་པའི་རིགས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་བློན་དུ་བསྐོ་གཞག་བསྩལ་རྒྱུ། བཀའ་བློན་ཁྲི་པས་བཏོན་པའི་འོས་གཞི་ཡོངས་རྫོགས་སམ་གང་རུང་ལ་མང་མོས་མ་ཐོབ་ཚེ་འོས་གཞི་གསར་པ་བཀའ་བློན་ཁྲི་པས་གོང་བཞིན་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ།
དོན་ཚན་ཉེར་གསུམ་པ། ༣
བཅའ་ཁྲིམས་དོན་ཚན་ཉེར་གཉིས་པའི་ནང་གསལ་བཀའ་བློན་འོས་འདེམས་བྱ་དགོས་བྱུང་རིགས་གྲོས་ཚོགས་ཀྱི་ལས་རིམ་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལྟར་བྱ་རྒྱུ།
དོན་ཚན་ཉེར་བཞི་པ། བཀའ་བློན་ཁྲི་པ་དང༌། བཀའ་ཤག་གི་ཡུན་ཚད།༤
བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་བཀའ་བློན་ཁྲི་པ་དང་བཀའ་ཤག་གི་ཡུན་ཚད་ལོ་ལྔ་ཡིན།
དོན་ཚན་ཉེར་ལྔ་པ། བཀའ་བློན་ཁྲི་པ་དང༌། བཀའ་བློན་རྣམ་པའི་ལས་ཁུར་དམ་འཇོག
འདེམས་ཐོན་བཀའ་བློན་ཁྲི་པ་དང༌། བཀའ་བློན་རྣམ་པ་བཅས་ལས་ཁུར་དུ་མ་ཞུགས་གོང་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས།
དོན་ཚན་ཉེར་དྲུག་པ། བཀའ་བློན་ཁྲི་པ་དང༌། བཀའ་བློན་རྣམས་ཀྱི་ཕོགས་ཐོབ།
བཀའ་བློན་ཁྲི་པ་དང༌། བཀའ་བློན་རྣམས་ཀྱི་ཕོགས་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་ཁྲིམས་ལུགས་ལྟར་ལས་ཡུན་རིང་འཐོབ་རྒྱུ།
དོན་ཚན་ཉེར་བདུན་པ། བཀའ་ཤག་ལྷན་རྒྱས། ༥
བཀའ་ཤག་ལྷན་རྒྱས་སྐབས་བཀའ་བློན་ཁྲི་པས་འགོ་འདོམས་བྱ་རྒྱུ་དང༌། བཀའ་བློན་ཁྲི་པ་མེད་སྐབས་ངོ་ཡོད་བཀའ་བློན་རྣམས་ནས་གཞུང་འབྲེལ་གཏན་འབེབས་གཞིར་བཟུང་ལས་ཁུངས་གྲལ་རིམ་བཀའ་བློན་དེས་འགོ་འདོམས་གནང་རྒྱུ།
དོན་ཚན་ཉེར་བརྒྱད་པ། རྗེ་བློན་ལྷན་ཚོགས།
༡ ༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་ཁྱབ་ནམ་ཕེབས་དང༌། ཡང་ན་བཀའ་ཤག་ནས་༧སྙན་སེང་ཞུས་ཏེ་རྗེ་བློན་ལྷན་ཚོགས་སྐབས་བཀའ་བློན་རྣམས་རྗེ་བློན་ལྷན་ཚོགས་སུ་བཅར་དགོས་པ་དང༌། ལྷན་ཚོགས་ཀྱི་དབུ་བཞུགས་༧གོང་ས་༧སྐྱབས་མགོན་ཆེན་པོས་མཛད་རྒྱུ།
༢ རྗེ་བློན་ལྷན་ཚོགས་སུ་ཐུགས་ཐག་བཅད་པའི་ལས་དོན་རྣམས་འཕྲལ་མྱུར་ལག་ལེན་དོན་འཁེལ་ཡོང་ཆེད་བཀའ་ཤག་ནས་དམིགས་བསལ་འགན་ཁུར་ལེན་རྒྱུ།
དོན་ཚན་ཉེར་དགུ་པ། བཀའ་ཤག་གི་འགན་ཁུར་དང༌། འཕོ་འགྱུར།༦
༡ བཀའ་ཤག་གི་འགན་ཁུར་ནི་བཀའ་བློན་ཚང་མ་མཉམ་འདུས་ཀྱིས་འགན་ཁུར་ཡིན་པ་དང༌། བཀའ་ཤག་གིས་རྒྱུན་དུ་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང༌། དྲི་བར་ལན་འདེབས་བྱ་དགོས།
༢ བཀའ་བློན་སོ་སོར་འགན་དབང་དང༌། ལས་ཁུངས་ཆ་བགོས་བྱེད་ཕྱོགས་བཀའ་བློན་ཁྲི་པས་འཆར་བཀོད་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོར་༧སྙན་སེང་ཆོག་མཆན་ཞུས་བསྩལ་ལྟར་ལ་རྩ་འཛིན་བྱ་རྒྱུ།
༣ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་ན་བཀའ་བློན་བྱེ་བྲག་པའམ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གཏོང་འཐུས། བཀའ་བློན་ཁྲི་པ་དུས་ཆོས་སུ་གྱུར་པ་དང༌། འཕོ་འགྱུར་སོང་ཚེ་བཀའ་ཤག་ཡོངས་རྫོགས་རང་བཞིན་གྱིས་འཕོ་འགྱུར་འགྲོ་རྒྱུ། བཀའ་བློན་ཁྲི་པ་དུས་ཆོས་སུ་གྱུར་ཚེ། བཅའ་ཁྲིམས་དོན་ཚན་ ༢༡ ནང་གསལ་ལྟར་འོས་འདེམས་མ་བྱུང་བར། བཅའ་ཁྲིམས་དོན་ཚན་ ༢༧ ནང་གསལ་བཞིན་གཞུང་འབྲེལ་གཏན་འབེབས་གཞིར་བཟུང་ལས་ཁུངས་གྲལ་རིམ་བཀའ་བློན་དེས་བཀའ་བློན་ཁྲི་པའི་ལས་ཚབ་གནང་རྒྱུ།
༤ ཛ་དྲག་དགོས་གལ་བྱུང་ཚེ་༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་བློན་བྱེ་བྲག་པའམ། བཀའ་ཤག་ཡོངས་རྫོགས་འཕོ་འགྱུར་གནང་འཐུས།
༥ བཀའ་བློན་ཁྲི་པས་བཀའ་བློན་བྱེ་བྲག་པ་སུ་རུང་དགོངས་ཞུ་བྱ་དགོས་ཀྱི་བསམ་འཆར་བཏོན་ཚེ་བཀའ་བློན་དེས་ངེས་པར་དུ་དགོངས་པ་ཞུ་དགོས། བཀའ་བློན་ཁྲི་པས་དེ་འདྲའི་བཀའ་བློན་སུ་ཞིག་དགོངས་པ་ཞུ་དགོས་ཀྱི་བསམ་འཆར་བཏོན་དགོས་བྱུང་རྐྱེན་རྒྱུ་མཚན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྙན་གསེང་དང་འབྲེལ་གྲོས་ཚོགས་སུ་གྲོས་ཚོགས་འཚོགས་མུས་ཡིན་ན་དེ་རང་དང༌། དེ་མིན་ཚོགས་དུས་རྗེས་མར་གསལ་བཤད་ཞུ་དགོས།
༦ བཀའ་ཤག་འཕོ་འགྱུར་བྱུང་བ་ཡིན་ན། འོས་བསྡུ་ལས་ཁང་གིས་གསལ་བསྒྲགས་བྱེད་ཉིན་ནས་ཉིན་གྲངས་ ༡༣༠ ནང་ཚུད་བཀའ་བློན་ཁྲི་པའི་འོས་བསྡུ་དང་འདེམས་ཐོན་བྱུང་བའི་གསལ་བསྒྲགས་བྱ་དགོས། བཀའ་བློན་བྱེ་བྲག་པ་འཕོ་འགྱུར་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་ཚོགས་མུས་ཡིན་ན་ཚོགས་དུས་དེ་གའི་ནང་དང༌། དེ་མིན་ཚོགས་དུས་རྗེས་མའི་ནང་བཀའ་བློན་ཁྲི་པས་ཚབ་གསར་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་བཞིན་མིང་འདོན་བྱེད་དགོས།
༧ བཀའ་ཤག་གི་ཡུན་ཚད་རྫོགས་མཚམས་བཀའ་བློན་ཁྲི་པ་གསར་པའི་དམ་འབུལ་མ་ཟིན་བར་རྙིང་པས་ལས་ཁུར་རྒྱུན་སྐྱོང་བྱ་དགོས། དོན་ཚན་འདིའི་ནང་གསེས་ ༣། ༤། ༥། བཅས་ཀྱི་འོག་བཀའ་བླཽན་བྱེ་བྲག་པ་ཞིག་འཕོ་འགྱུར་བྱུང་ཚེ་དེས་འཕྲལ་དུ་ལས་ཁུར་མཚམས་འཇོག་བྱ་དགོས། བཀའ་ཤག་ཆ་ཚང་འཕོ་འགྱུར་བྱུང་ཚེ་བཀའ་བློན་ཁྲི་པ་གསར་པས་དམ་འབུལ་མ་ཟིན་བར་ལས་ཁུར་རྒྱུན་སྐྱོང་བྱ་དགོས། འོན་ཀྱང་དེའི་རིང་འཆར་ཅན་བྱེད་སྒོ་ཙམ་ལས་སྲིད་བྱུས་དང་འབྲེལ་བའི་ཐག་གཅོད་གསར་པའི་རིགས་བྱེད་མི་ཆོག །
དོན་ཚན་སུམ་ཅུ་པ། གཞུང་གི་ལས་དོན་བྱེད་ཕྱོགས།
གཞུང་གི་འགན་འཛིན་ལས་དོན་ཐམས་ཅད་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་ཐོག་ནས་གནང་རྒྱུ་དང༌། འཛིན་སྐྱོང་གི་ལས་དོན་མཛད་བདེའི་སྒྲིག་ལམ་དང༌། ལས་དོན་ཐག་གཅོད་བྱེད་ཕྱོགས། བཀའ་བློན་ཁྲི་པ་དང༌། བཀའ་བློན་རྣམས་ཀྱིས་བཀའ་ཤག་དང༌། རང་འཁྲིའི་ལས་ཁུངས་ཀྱི་ལས་འགན་ཞུ་ཕྱོགས་བཅས་ཀྱི་སྐོར་ལ་བཀའ་ཤག་ནས་སྒྲིག་གཞིའི་འཆར་ཟིན་ཞིབ་གསལ་བཀོད་དེ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྙན་འབུལ་ཆོག་མཆན་ཞུས་བསྩལ་ལྟར་ལ་རྩ་འཛིན་ཞུ་རྒྱུ།
དོན་ཚན་སོ་གཅིག་པ། སྡེ་སྲིད་ལྷན་ཚོགས།
༡ ཀ ༧གོང་ས་༧སྐྱབས་མགོན་ཆེན་པོས་རྒྱལ་ཁབ་དང་གཞུང་གི་མཛད་ཁུར་མ་བཞེས་པའི་གནས་ཚུལ་བྱུང་སྐབས་དང༌།
ཁ རྒྱལ་ཁབ་དང༌། མི་མང་གི་ཁེ་ཕན་ཆེ་ཤོས་ཀྱི་དོན་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གོ་བསྡུར་དང་འབྲེལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འགན་འཛིན་མཛད་ཁུར་རྣམས་སྡེ་སྲིད་ལྷན་ཚོགས་ཀྱིས་ལག་ལེན་མ་བསྟར་མཐུ་མེད་ཀྱི་ཐག་གཅོད་བྱུང་སྐབས་བཅས་སུ་གཞུང་གི་འགན་དབང་འཛིན་མཁན་སྡེ་སྲིད་ལྷན་ཚོགས་ཤིག་དགོས་པ་ཡིན།
༢ དེ་ལྟའི་གནས་ཚུལ་བྱུང་སྐབས་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་ཁྲིམས་ལུགས་གཞིར་བཟུང་གསང་བའི་འོས་ཤོག་ཐོག་ནས་སྡེ་སྲིད་གསུམ་འོས་བསྡུ་བྱ་དགོས་པ་ཡིན། སྡེ་སྲིད་ཀྱི་འོས་གཞིར་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་པའི་གསུམ་པའི་ནང་གསལ་བཀའ་བློན་གྱི་འོས་ཆོས་དང་ཁྱད་མེད་ཁྱད་ཆོས་ལྡན་པའི་བོད་མི་སུ་ཡང་ཞུགས་ཆོག
༣ གལ་ཏེ་བཀའ་བློན་དང༌། སྤྱི་འཐུས། ཡང་ན་གཞུང་སྒེར་གྱི་ལས་བྱེད་སུ་ཞིག་སྡེ་སྲིད་དུ་འདེམས་ཐོན་བྱུང་ཚེ་རང་གི་ལས་ཁུར་འཁྱུར་དགོས་པ་ཡིན།
༤ འདེམས་ཐོན་སྡེ་སྲིད་རྣམས་ལས་ཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་སར་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དང༌། གསང་རྒྱའི་དམ་བཅའམ། ཁས་ལེན་བྱེད་དགོས།
དོན་ཚན་སོ་གཉིས་པ། སྡེ་སྲིད་ལྷན་ཚོགས་ཀྱི་ཁྲི་པ།
༡ སྡེ་སྲིད་ལྷན་ཚོགས་སུ་སྡེ་སྲིད་ཁྲི་པ་གཅིག་དགོས་པ་སྤྱི་འཐུས་ལྷན་ཚོགས་དང༌། བཀའ་ཤག་ཐུན་མོང་ནས་འོས་འདེམས་གྱིས་མང་མོས་སུ་བྱུང་གིས་བྱ་རྒྱུ། འོན་ཀྱང་འགན་ཁུར་ཡོངས་རྫོགས་སྡེ་སྲིད་ཐུན་མོང་ནས་བྱ་དགོས་པ་ཡིན།
༢ བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས། སྡེ་སྲིད་ཁྲི་པའི་ཡུན་ཚད་ལོ་གཅིག་ཡིན། འོན་ཀྱང་བསྐྱར་དུ་སྡེ་སྲིད་ཁྲི་པར་མུ་མཐུད་འོས་འདེམས་བྱུང་བར་དགག་བྱ་མེད།
དོན་ཚན་སོ་གསུམ་པ། སྡེ་སྲིད་ལྷན་ཚོགས་ཀྱི་འགན་དབང༌།
༡ བཅའ་ཁྲིམས་དོན་ཚན་བཅུ་དགུ་པའི་ ༦ དང་ ༧ པ་མ་གཏོགས་དེར་གསལ་གྱི་འགན་དབང་རྣམས་ཡོད།
༢ འོན་ཀྱང་དོན་ཚན་བཅུ་དགུ་པའི་ ༦ ནང་གསལ་ལྟར་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་བ་དང༌། ལས་དོན་བར་མཚམས་འཇོག་དགོས་བྱུང་ན། བཀའ་བློན་ཁྲི་པ་དང༌། བཀའ་ཤག་ལ་གོ་བསྡུར་གྱིས་བཀའ་བློན་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་བྱ་རྒྱུར་གཏང་སྟེ་མང་མོས་ཇི་བྱུང་ལག་ལེན་བསྟར་ཆོག
༣ ཡང་དོན་ཚན་བཅུ་དགུ་པའི་ ༧ ནང་གསལ་ལྟར་བཀའ་ཤག་གམ། བཀའ་བློན་སུ་རུང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ཚེ། ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་གཉིས་ལ་གོ་བསྡུར་གྱིས་སྤྱི་འཐུས་ལྷན་ཚོགས་སམ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་འཕོ་འགྱུར་གཏོང་འཐུས།
༤ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་གཞུང་གི་འགན་དབང་བཞེས་རྒྱུའི་དུས་བབས་བྱུང་མ་ཐག་སྡེ་སྲིད་ལྷན་ཚོགས་སམ། སྡེ་སྲིད་བྱེ་བྲག་པ། བཀའ་ཤག ཡང་ན་བཀའ་བློན་བྱེ་བྲག་པ། སྤྱི་འཐུས་ལྷན་ཚོགས་སམ། སྤྱི་འཐུས་བྱེ་བྲག་པ་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སུ་གྲོས་འཆར་བཏོན་ཏེ་༧གོང་ས་ཆེན་པོར་མཛད་འགན་ཕྱིར་འབུལ་བྱ་རྒྱུ་གྲོས་ཆོད་འཇོག་པ་དང་ཆབས་ཅིག་མཛད་འགན་ཕྱིར་འབུལ་དང༌། སྡེ་སྲིད་ལྷན་ཚོགས་ཕྱིར་བསྡུ་བྱ་རྒྱུ།
༥ སྡེ་སྲིད་ལྷན་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་ཁྲིམས་ལུགས་ལྟར་གཏན་འབེབས་བྱས་པའི་སྒྲིག་གཞིར་རྩ་འཛིན་བྱ་རྒྱུ།
དོན་ཚན་སོ་བཞི་པ། སྡེ་སྲིད་འཕོ་འགྱུར།
༡ སྡེ་སྲིད་གང་ཞིག་དུས་ཆོས་སུ་གྱུར་པའམ། ལས་ཁུར་མ་ཐུབ་པའི་གནས་ཚུལ་བྱུང་ཚེ་ཚབ་གསར་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་ཐུན་མོང་ནས་ཁྲིམས་ལུགས་ལྟར་འོས་བསྡུ་བྱ་རྒྱུ།
༢ སྤྱི་འཐུས་ལྷན་ཚོགས་ཀྱིས་བཀའ་ཤག་ལ་གོ་བསྡུར་དང་འབྲེལ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ཚེ་སྡེ་སྲིད་གང་རུང་ངམ། གསུམ་ག་འཕོ་འགྱུར་བྱ་འཐུས།
༣ སྡེ་སྲིད་གང་རུང་གཅིག་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་སྐབས་སྤྱི་འཐུས་ལྷན་ཚོགས་འཚོགས་མུས་ཡིན་ན་བརྗོད་མེད་དང༌། དེ་མིན་ལྷན་ཚོགས་ཀྱི་རྒྱུན་ལས་དང༌། བཀའ་ཤག་གྲོས་བསྡུར་གྱིས་སྡེ་སྲིད་གང་རུང་དེའི་ལས་ཁུར་མཚམས་འཇོག་དགོས་པའི་བཀག་སྡོམ་བྱ་འཐུས། འོན་ཀྱང་འཕོ་འགྱུར་གཏོང་རྒྱུའི་ཐད་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་རྗེས་ཚོགས་ཀྱི་སྐབས་རྒྱུན་ལས་དང༌། བཀའ་ཤག་ཐུན་མོང་གིས་རྒྱུ་མཚན་བཏོན་པར་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་འཕོ་འགྱུར་གཏོང་འཐུས་དང༌། ཚབ་གསར་ཡང་ཚོགས་འདུ་དེ་ཐོག་ནས་བཅའ་ཁྲིམས་དོན་ཚན་སོ་གཅིག་ནང་གསལ་ལྟར་འོས་བསྡུ་བྱ་དགོས།
༤ སྡེ་སྲིད་གཉིས་སམ། གསུམ་ག་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་སྐབས་སྤྱི་འཐུས་ལྷན་ཚོགས་འཚོགས་མུས་ཡིན་ན་ལས། དེ་མིན་རྒྱུན་ལས་དང༌། བཀའ་ཤག་གྲོས་བསྡུར་གྱི་ཐོག་ནས་ཚོགས་འདུ་འཕར་མ་ཛ་དྲག་གིས་བསྡུ་བསྐོང་ཐོག སྡེ་སྲིད་འཕོ་འགྱུར་དགོས་པའི་འོས་འདུན་བཏོན་པར་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་མོས་མཐུན་བྱུང་ཚེ་འཕོ་འགྱུར་གཏོང་འཐུས། འོན་ཀྱང་མཐའ་མའི་ཐག་གཅོད་མ་བྱས་གོང་སྡེ་སྲིད་གསུམ་གའམ། སུ་རུང་དེར་རྒྱུ་མཚན་གསལ་བཤད་བྱ་རྒྱུའི་གོ་སྐབས་སྤྲོད་དགོས་པ་དང༌། ཚབ་གསར་ཡང་ཚོགས་ཆེན་དེ་ཐོག་ནས་བཅའ་ཁྲིམས་དོན་ཚན་སོ་གཅིག་ནང་གསལ་ལྟར་འོས་བསྡུ་བྱ་དགོས།
དོན་ཚན་སོ་ལྔ་པ། སྡེ་སྲིད་ཀྱི་ཡུན་ཚད་དང༌། ཕོགས་ཐོབ།
༡ ༧གོང་ས་ཆེན་པོར་མཛད་འགན་འབུལ་རྒྱུའི་དུས་བབས་བྱུང་བའམ། དོན་ཚན་སོ་གསུམ་པ་ནང་གསལ་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས། དེ་མིན་སྡེ་སྲིད་ལྷན་ཚོགས་སྐབས་རེའི་ཡུན་ཚད་ལོ་གསུམ་རེ་ཡིན།
༢ སྡེ་སྲིད་གཅིག་གམ་གཉིས་འཕོ་འགྱུར་ཕྱིན་པའི་ཚབ་གསར་སྡེ་སྲིད་སྔོན་མའི་ཡུན་ཚད་ལྷག་འཕྲོས་ཇི་ཡོད་རིང་ལས་ཁུར་བྱ་རྒྱུ་དང༌། གསུམ་ག་སྡེབ་གཅིག་འཕོ་འགྱུར་སོང་བའི་ཚབ་གསར་སྡེ་སྲིད་ལྷན་ཚོགས་ཀྱི་ཡུན་ཚད་ལོ་གསུམ་ཡིན།
༣ སྡེ་སྲིད་བྱེ་བྲག་པ་འཕོ་འགྱུར་བྱུང་ཚེ་འཕྲལ་དུ་ལས་ཁུར་མཚམས་འཇོག་བྱ་དགོས། སྡེ་སྲིད་གསུམ་ག་འཕོ་འགྱུར་བྱུང་ཚེ་ཚབ་གསར་གྱིས་དམ་འཇོག་མ་ཟིན་བར་སྡེ་སྲིད་ལྷན་ཚོགས་རྙིང་པས་མུ་མཐུད་ལས་ཁུར་བྱ་རྒྱུ། འོན་ཀྱང་དེའི་རིང་འཆར་ཅན་བྱེད་སྒོ་ཙམ་ལས་སྲིད་བྱུས་དང་འབྲེལ་བའི་ཐག་གཅོད་གསར་པའི་རིགས་བྱེད་མི་ཆོག
༤ སྡེ་སྲིད་རྣམས་ལ་ཕོགས་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་ཁྲིམས་ལུགས་ལྷར་ལས་ཡུན་རིང་འཐོབ་རྒྱུ།
ལེའུ་ལྔ་པ།
ཁྲིམས་བཟོའི་དབང་འཛིན།
དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ།
ཁྲིམས་ལུགས་བཟོ་འགོད་དང༌། གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང༌། ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅས་པ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆོག་མཆན་ཞུ་དགོས།
དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་གཤམ་གསལ།
༡ ཀ བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ།
ཁ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ གཉིས་རེ།
ག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐད་བསྐོས་གནང་བའི་སྤྱི་འཐུས་གཅིག་ནས་གསུམ་བར།
ང ཨ་རི་དང༌། ཁེ་ཎ་ཌ་ཁུལ་གནས་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག
ཅ ཡོ་རོབ་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས།
༢ གོང་གསལ་ ༡ པོའི་ནང་གསལ་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེའི་ནང་ནས་ཉུང་མཐར་བུད་མེད་གཉིས་རེ་དགོས་པ་ཡིན།
༣ སྤྱི་འཐུས་ལྷན་ཚོགས་ཀྱིས་དགོས་གལ་བྱུང་མཚམས་ས་ཁུལ་གྱི་སྤྱི་འཐུས་ས་ཁོངས་སྤར་འཐུས།
དོན་ཚན་སོ་བརྒྱད་པ། སྤྱི་འཐུས་ཀྱི་འོས་ཆོས།
སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་ལཿ
༡ བོད་ཀྱི་ཡུལ་མི་ཡིན་པ།
༢ རང་ལོ་ ༢༥ ཧྲིལ་པོ་ལོན་པ།
༣ ཁྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
༤ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
༥ ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།
༦ གཞུང་ཁོངས་ཁེ་ཡོད་ལས་འཛིན་མ་ཡིན་པ།
༧ བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང༌། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ་བཅས།
༨ སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། སྒྲིག་གཞི་ཅི་རིགས་དང་མ་འགལ་བ།
དོན་ཚན་སོ་དགུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཡུན་ཚད།
བཅའ་ཁྲིམས་འདིའི་དོན་ཚན་ང་བདུན་ནང་གསལ་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས། དེ་མིན་སྐབས་རེའི་ཡུན་ཚད་ལོ་ལྔ་རེ་ཡིན།
དོན་ཚན་བཞི་བཅུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ།
འཆར་ཅན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་ཚོགས་ཚེས་དང༌། དུས་ཡུན། ས་གནས་བཅས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་ནས་འཆར་འབུལ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གཏན་འབེབས་མཛད་པ་ལྟར་ཚོགས་དྲུང་ལས་ཁུངས་ནས་སྤྱི་འཐུས་སོ་སོར་ཚོགས་བསྐོང་བརྡ་ཁྱབ་གཏོང་རྒྱུ་དང༌། ཚོགས་འདུ་སྔོན་མ་གྲོལ་ནས་ཟླ་དྲུག་ནང་ཚུན་ཚོགས་འདུ་རྗེས་མ་དབུ་ཚུགས་ཟིན་པ་དགོས་རྒྱུ།
དོན་ཚན་ཞེ་གཅིག་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ།
༡ ༧གོང་ས་༧སྐྱབས་མགོན་ཆེན་པོས་དགོས་གལ་ནམ་གཟིགས་སམ། ཡང་ན་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས། རྒྱུན་ལས་བཅས་སོ་སོའི་ཚོགས་མིའི་བརྒྱ་ཆ་ལྔ་བཅུ་ཡན་གྱིས་ཞུ་སྐུལ་བྱུང་ན་༧གོང་ས་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཕར་མ་བསྡུ་བསྐོང་མཛད་འཐུས།
༢ བཅའ་ཁྲིམས་འདིའི་དོན་ཚན་སོ་གཅིག་པའི་ ༡ ཁ་པ་ནང་གསལ་ལྟར་གྱི་དོན་གནད་དང༌། དོན་ཚན་སོ་བཞི་པའི་ ༤ པའི་དོན་གནད་ཆེད་ཚོགས་འདུ་འཕར་མ་བསྡུ་བསྐོང་བྱེད་དགོས་བྱུང་ཚེ་བཀའ་ཤག་ལ་གོ་བསྡུར་དང་འབྲེལ་ཚོགས་གཙོས་ཐད་ཀར་བསྡུ་བསྐོང་ཆོག་པ་ཡིན།
དོན་ཚན་ཞེ་གཉིས་པ། སྤྱི་འཐུས་ཀྱི་རྒྱུན་ལས།
༡ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར། ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང༌། ཚོས་བརྒྱུད་རེ་ནས་སྤྱི་འཐུས་རེ། ཐད་བསྐོས་སྤྱི་འཐུས་གཅིག་བཅས་ཆོལ་ཁ་ཆོས་ལུགས་དང༌། ཐད་བསྐོས་སྤྱི་འཐུས་བཅས་ཁུངས་སོ་སོ་ནས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱ་རྒྱུ་དང༌། ལོ་རེའི་མཚམས་ནས་བསྐྱར་འདེམས་བྱ་རྒྱུ།
༢ རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང༌། དབང་ཚད་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ། སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ།
དོན་ཚན་ཞེ་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུར་༧གོང་ས་མཆོག་གི་གསུང་བཤད་དང་གསུང་འཕྲིན།
༡ སྐབས་སོ་སོའི་སྤྱི་འཐུས་ལྷན་ཚོགས་ཐོག་མ་གསར་ཚུགས་དང༌། ལོ་རེའི་ཚོགས་ཐེངས་དང་པོའི་ཚོགས་འདུ་དབུ་འཛུགས་བཅས་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་གསུང་བཤད་དམ། གསུང་འཕྲིན་བསྩལ་རྒྱུ།
༢ ཁྲིམས་ལུགས་གཞིར་བཟུང་ཁྲིམས་ཡིག་འཆར་འབུལ་ཁག་ལ་བསྐྱར་དུ་བསམ་ཞིབ་བྱ་རྒྱུར་ཕྱིར་སློག་བསྩལ་བ་བཅས་དགོས་གལ་ནམ་བྱུང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའམ། དེའི་རྒྱུན་ལས་ལ་གསུང་བཤད་དམ། གསུང་འཕྲིན་བསྩལ་འཐུས།
དོན་ཚན་ཞེ་བཞི་པ། བཀའ་བློན་རྣམས་ཚོགས་ཞུགས་ཆོག་པའི་ཐོབ་ཐང༌།
བཀའ་བློན་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་དང༌། རྒྱུན་ལས་ཀྱི་ཚོགས་འདུར་ཞུགས་པ་དང༌། གསུང་བཤད། བགྲོ་གླེང༌། གྲོས་འཆར་བཏོན་པ་བཅས་བྱ་རྒྱུའི་ཐོབ་ཐང་ཡོད། འོན་ཀྱང་འོས་བསྡུའི་ཐོབ་ཐང་མེད།
དོན་ཚན་ཞེ་ལྔ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ།
༡ སྤྱི་འཐུས་སྐབས་སོ་སོའི་ཚོགས་ཐེངས་དང་པོའི་ཐོག་སྤྱི་འཐུས་རང་ཁོངས་ནས་ཚོགས་གཙོ་གཅིག་དང༌། ཚོགས་གཙོ་གཞོན་པ་གཅིག་སྒྲིག་གཞི་ལྟར་གསང་བའི་འོས་ཤོག་ཐོག་ནས་འོས་བསྡུ་བྱ་དགོས།
༢ ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་འོས་བསྡུ་ཟིན་འཕྲལ་ལས་དོན་དུ་མ་ཞུགས་གོང་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ། ཁས་ལེན་ཞུ་དགོས།
༣ ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་སུ་རུང་སྤྱི་འཐུས་ནས་བུད་པའམ། ཡང་ན་ཚོགས་གཙོའམ། ཚོགས་གཙོ་གཞོན་པ་འཕོ་འགྱུར་དགོས་པའི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་གྲོས་ཆོད་བྱུང་ན། དེ་ཉིན་ནས་རང་གི་ལས་ཁུར་བཤོལ་དགོས།
༤ ལྷན་ཚོགས་སུ་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་སུ་རུང་འཕོ་འགྱུར་བྱ་དགོས་སྐོར་གྲོས་བསྡུར་བྱུང་བ་ཡིན་ན་དེའི་རིང་རང་ཉིད་ཚོགས་གཙོ་བྱེད་མི་ཆོག
༥ དགོངས་ཞུས་སམ་འཕོ་འགྱུར། དུས་ཆོས་སུ་གྱུར་པ་བཅས་ཀྱིས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པའི་གོ་ཡུལ་སྟོང་པ་ནམ་བྱུང་ལ་འཕྲལ་དུ་ཚབ་གསར་སྒྲིག་གཞི་ལྟར་འོས་བསྡུ་བྱ་དགོས།
དོན་ཚན་ཞེ་དྲུག་པ། སྤྱི་འཐུས་ཀྱི་དམིགས་བསལ་ཐོབ་ཐང༌།
༡ སྤྱི་འཐུས་སུ་རུང་ནས་སྤྱི་འཐུས་ལྷན་ཚོགས་སམ། དེའི་ཚོགས་ཆུང་གང་རུང་ནང་གྲོས་མོལ་གླེང་ཕྱོགས་དང༌། འོས་བསྡུ་བྱེད་སྟངས་འགྲིགས་མིན་གྱི་སྐོར་ལ་སུས་ཀྱང་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག
༢ སྤྱི་འཐུས་ལ་དམིགས་བསལ་ཐོབ་ཐང་གཞན་དག་སྤྱི་འཐུས་ལྷན་ཚོགས་རང་ནས་སྐབས་སྦྱར་ཁྲིམས་ལུགས་བཟོ་རྒྱུ།
དོན་ཚན་ཞེ་བདུན་པ། སྤྱི་འཐུས་ཀྱི་དམ་བཅའ་འཇོག་པ།
སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་ཁུར་དུ་མ་ཞུགས་གོང་ཚོགས་གཙོའམ། ཚོགས་གཙོ་གཞོན་པ། ཡང་ན་ཚོགས་གཙོའི་ལས་ཚབ་ཀྱི་མདུན་སར་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ། ཁས་ལེན་བྱེད་དགོས།
དོན་ཚན་ཞེ་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ།
བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་དམིགས་ཀྱིས་བསལ་བའི་དོན་གནད་རྣམས་ཕུད། དེ་མིན་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ཚང་མ་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ། འོས་ཤོག་འདྲ་མཉམ་བྱུང་སྐབས་ངོ་ཡོད་ཚོགས་གཙོས་ཕྱོགས་གང་མོས་སུ་འོས་འཕེན་གྱིས་ཐག་གཅོད་བྱ་འཐུས།
དོན་ཚན་ཞེ་དགུ་པ། སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད།
༡ སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སོ་སོའི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་ཆ་བགོས་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས།
༢ སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་བར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཁྲིམས་ལུགས་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོར་༧སྙན་སེང་དང་སྦྲགས་ངོ་ཡོད་ཚོགས་གཙོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།
༣ སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་གང་རུང་གི་ས་ཡུལ་སྟོང་པ་ཡོད་པའམ། ཡང་ན་སྤྱི་འཐུས་མིན་པའི་མི་ཞིག་ཚོགས་ཞུགས་བྱས་པ་དང༌། འོས་བསྡུ་བྱས་པའི་གནས་ཚུལ་རྗེས་སུ་ཤེས་རྟོགས་བྱུང་ཡང་ལས་དོན་ཐད་སྤྱི་འཐུས་ལྷན་ཚོགས་ཀྱིས་ཇི་ལྟར་ཐག་གཅོད་ཟིན་པ་དེ་དོན་རྩ་འཛིན་བྱ་རྒྱུ། འོན་ཀྱང་ཐོབ་ཐང་མེད་པར་ཚོགས་ཞུགས་འོས་བསྡུ་བྱས་རིགས་ཀྱི་སྐྱོ་བོ་སུ་རུང་སླད་སྤྱི་འཐུས་ཀྱི་འོས་གཞིར་མི་འོས།
དོན་ཚན་ལྔ་བཅུ་པ། སྤྱི་འཐུས་ཀྱི་མཚན་མཐོང་དོད་དང༌། ཉིན་རེའི་ལས་དོད།༧
སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ལ་མཚན་མཐོང་དོད་དང༌། ཉིན་རེའི་ལས་དོད་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་ཁྲིམས་ལུགས་ལྟར་སྤྱི་འཐུས་དམ་བཅའ་ཕུལ་ཉིན་ནས་མ་འཁྱུར་བར་འཐོབ་རྒྱུའི་ཐོབ་ཐང་ཡོད།
དོན་ཚན་ང་གཅིག་པ། ཁྲིམས་ཡིག་འཆར་ཟིན་འགོད་འབུལ་དང༌། གཏན་འབེབས།
༡ སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་གི་རྒྱབ་གཉེར་མེད་པར་དཔྱ་ཁྲལ་འགེལ་བའམ། འཕྲལ་སེལ་ཆག་ཡང༌། རྩ་ཆག་སྒྱུར་བཀོད། ཡང་ན་ཁྲལ་འབབ་གང་རུང་གི་སྒྲིག་གཞི་དང༌། གཞུང་གི་དངུལ་བུན་ལེན་པའམ། འགན་ལེན་བྱེད་ཕྱོགས་སྐོར་དང་འབྲེལ་བའི་ཁྲིམས་ཡིག་འཆར་ཟིན་རིགས་འགོད་འབུལ་མི་ཆོག འོན་ཀྱང་འགོད་འབུལ་ཟིན་པའི་ཁྲིམས་ཡིག་འཆར་གསལ་ཁྲལ་འབབ་གང་རུང་འཕར་ཆག་གམ། ཆག་ཡང་གི་དོན་གནད་སྐོར་ལ་བཟོ་བཅོས་བྱ་རྒྱུར་བཀའ་ཤག་གི་རྒྱབ་གཉེར་དགོས་པ་མ་ཡིན།
༢ ཁྲིམས་ཡིག་འཆར་ཟིན་གང་ཞིག་ཁྲིམས་དོན་ལག་བསྟར་སྐབས་གཞུང་གྲོན་འབྱུང་གཞིའི་རིགས་བཀའ་ཤག་གི་རྒྱབ་གཉེར་མེད་པར་གཏན་འབེབས་མི་ཆོག
༣ གོང་གསལ་དོན་ཚན་ཁག་ཕུད། སྤྱི་འཐུས་ལྷན་ཚོགས་སམ། སྤྱི་འཐུས་སུ་རུང་ནས་ཁྲིམས་ཡིག་འཆར་ཟིན་དང༌། གྲོས་ཆོད་འཆར་ཟིན་གང་ཡང་འགོད་འབུལ་དང༌། དེ་དག་ལ་བཟོ་བཅོས་དགོས་པའི་བསམ་འཆར་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་ལྟར་གཏོང་རྒྱུའི་ཐོབ་ཐང་ཡོད།
༤ ཁྲིམས་ཡིག་འཆར་ཟིན་དང༌། གྲོས་ཆོད་འཆར་ཟིན་གང་ཡང་རུང་བར་ལྷན་ཚོགས་སུ་གོ་བསྡུར་བྱེད་འོས་མིན་དགོས་གལ་བྱུང་ན་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་བྱ་རྒྱུར་གཏོང་འཐུས།
དོན་ཚན་ང་གཉིས་པ། གཞུང་གི་ལོ་འཁོར་སྔོན་རྩིས། ༨
༡ བཀའ་ཤག་ནས་ལོ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་གཞུང་དང༌། གཞུང་འབྲེལ་ལས་ཁུངས་མ་ལག་ཡོངས་རྫོགས་ཀྱི་དངུལ་རྩིས་འཆར་ལོའི་ཡོང་འབབ་ཇི་ཡོད་དང༌། འགྲོ་སོང་གཏོང་འཆར་ཇི་ཡོད་ཟུར་འཇོག་དང་འཚེམས་ལུས་མེད་པའི་ལོ་འཁོར་སྔོན་རྩིས་འགོད་འབུལ་བྱ་དགོས། ལོ་འཁོར་སྔོན་རྩིས་ནང་གཞུང་གྲོན་རྣམས་གཤམ་གསལ་སྡེ་ཚན་གཉིས་སུ་དབྱེ་དགོསཿ
ཀ གཞུང་གི་ཡོང་འབབ་ཐོག་ནས་གཤམ་གསལ་ཨང་ ༢ པའི་ནང་འཁོད་ངེས་ཅན་གྱི་འགྲོ་གྲོན་གཏོང་རྒྱུའི་དངུལ་འབོར་དང༌།
ཁ དེ་མིན་གཞུང་གི་ཡོང་འབབ་ཐོག་ནས་གཏོང་འོས་ཀྱི་འགྲོ་གྲོན་འཆར་གཞི་གཞན་དག་གི་དངུལ་འབོར་བཅས།
༢ གོང་གསལ་ ཀ་ པའི་ཁོངས་གཞུང་འབབ་ནས་གཏོང་དགོས་ངེས་པ་ཅན་གྱི་འགྲོ་གྲོན་ཁག་གཤམ་གསལ།
ཀ ༧གོང་ས་༧སྐྱབས་མགོན་ཆེན་པོའི་མཚན་གནས་རྗེས་འབྲེལ་གྱི་ཕྱག་གྲོན་ཁག
ཁ སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པའི་མཚན་དོད་དང༌། ལས་དོད།
ག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས།
ང གཞུང་འཁྲིའི་བུན་སེལ་དམིགས་ཡུལ་དང༌། མ་དངུལ་སྐྱེད་འབབ་བཅས།
༣ གོང་གསལ་ངེས་ཅན་གྱི་འགྲོ་གྲོན་རྣམས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ཐོག་ནས་ཐག་གཅོད་བྱ་དགོས་མེད། འོན་ཀྱང་ལྷན་ཚོགས་སུ་གྲོས་བསྡུར་བྱ་རྒྱུར་དགག་བྱ་མེད།
༤ གོང་གསལ་ལེ་ཚན་དང་པོའི་ཁ་པ་ནང་གསལ་དངུལ་གྱི་འགྲོ་སོང་དགོས་རིགས་ཡོངས་རྫོགས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྔོན་རྩིས་ཀྱི་སྒྲིག་གཞི་ལྟར་སྤྱི་འཐུས་ལྷན་ཚོགས་ལ་བཀའ་འཁྲོལ་ཞུ་དགོས་ཤིང༌། ལྷན་ཚོགས་ནས་བཀའ་འཁྲོལ་དང༌། གཅོག་འཕྲི། འཆར་གཞི་ཕྱིར་སློག་བཅས་ཇི་འོས་ཐག་གཅོད་བྱ་རྒྱུ།
དོན་ཚན་ང་གསུམ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྒྲིག་གཞི།
བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བཟོས་ཏེ་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་དེ་དོན་རྩ་འཛིན་ལག་ལེན་དུ་བསྟར་རྒྱུ།
དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ། ༩
ཁྲིམས་ཞིབ་ཁང་མཐོ་ཤོས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་བཅས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་དང་འབྲེལ་༧གོང་ས་༧སྐྱབས་མགོན་ཆེན་པོར་༧སྙན་སེང་ཞུ་དགོས་ཀྱི་དོན་གནད་བྱུང་ན་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག
དོན་ཚན་ང་ལྔ་པ། ཁྲིམས་ལུགས་བཀའ་ཁྱབ།
༡ ཁྲིམས་ལུགས་དང༌། སྒྲིག་གཞི་རྣམས་ཀྱི་འཆར་ཟིན་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་འཕྲལ་༧གོང་ས་༧སྐྱབས་མགོན་ཆེན་པོར་༧སྙན་ཞུར་ཕུལ་རྗེས་ལས་ཉིན་བཅུ་བཞིའི་ནང་ཚུད་༧གོང་ས་མཆོག་གིས་ཆོག་མཆན་བསྩལ་ཚེ་ཁྲིམས་ཡིག་ཏུ་རྩ་འཛིན་བྱ་རྒྱུ། ཡང་ན་དུས་ཡུན་འདིའི་ནང་སྤྱི་འཐུས་ལྷན་ཚོགས་ལ་བསྐྱར་དུ་བསམ་ཞིབ་ཆེད་ཕྱིར་སློག་གནང་འཐུས། སྤྱི་འཐུས་ལྷན་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོའི་གསུང་འཕྲིན་ཇི་བསྩལ་ལ་བསྐྱར་དུ་བསམ་ཞིབ་ཞུས་ཏེ་ལས་ཉིན་བཅུ་བཞི་ནང་ཚུད་༧སྙན་ཞུ་འབུལ་རྒྱུ།
༢ སྤྱི་འཐུས་ལྷན་ཚོགས་མ་འཚོགས་པའི་དབར་ཛ་དྲག་ཆེ་ལ་ངེས་པར་ཕྱག་བཞེས་དགོས་པའི་དོན་གནད་བྱུང་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱི་འཐུས་ཀྱི་རྒྱུན་ལས་ལ་བཀའ་བསྡུར་བསྐྱངས་རྗེས་ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་བཀའ་རྩ་ཁྱབ་བསྒྲགས་མཛད་འཐུས།
༣ གོང་གསལ་བཀའ་རྩ་ཁྱབ་བསྒྲགས་གནང་བ་དེ་དག་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་རྗེས་མར་གྲོས་བསྡུར་གྱིས་དེ་དོན་གཏན་འབེབས་སམ། བཟོ་བཅོས། སྒྱུར་བཀོད། ཡང་ན་ཕྱིར་འཐེན་བྱ་འཐུས།
དོན་ཚན་ང་དྲུག་པ། མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ།
སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཡིག་གམ། སྒྲིག་གཞིའི་འཆར་༧སྙན་ཕུལ་བ་དང༌། དོན་ཚན་ང་ལྔ་པའི་ ༡ ནང་གསལ་བསྐྱར་སྙན་ཕུལ་བ་དེ་དག་༧གོང་ས་༧སྐྱབས་མགོན་ཆེན་པོས་དགོངས་དཔྱད་ཀྱིས་དགོས་གནད་གཟིགས་ཚེ་མང་ཚོགས་ལ་མང་མོས་ཐག་གཅོད་འོས་བསྡུ་བྱ་རྒྱུར་བསྩལ་འཐུས་དང༌། ཁྲིམས་གསལ་དགོས་ངེས་ཀྱི་མང་མོས་བྱུང་བ་ཡིན་ན་འོས་བསྡུའི་གྲུབ་འབྲས་༧སྙན་འབུལ་བྱུང་བ་ནས་ལས་ཉིན་བཅུ་བཞིའི་ནང་ཚུད་༧གོང་ས་མཆོག་གིས་ཁྲིམས་ཡིག་ཏུ་གསལ་བསྒྲགས་གནང་རྒྱུ།
དོན་ཚན་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང༌། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ༡༠
༡ རྒྱལ་ཁབ་དང༌། མང་ཚོགས་ཀྱི་ཁེ་ཕན་ཆེད་བཅའ་ཁྲིམས་འདིའི་དོན་ཚན་ཁག་ནང་གསལ་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་ཤག་དང༌། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་བཅས་ལ་བཀའ་བསྡུར་བསྐྱངས་རྗེས་སྤྱི་འཐུས་ལྷན་ཚོགས་གནས་སྐབས་ལས་དོན་བར་མཚམས་འཇོག་པའམ། འཕོ་འགྱུར་གནང་འཐུས།
༢ སྤྱི་འཐུས་སུ་འོས་འདེམས་ཟིན་པའི་སྐྱེ་བོ་གང་ཞིག་བཅའ་ཁྲིམས་འདིའི་དོན་ཚན་སོ་བརྒྱད་པར་གསལ་བའི་སྤྱི་འཐུས་འོས་ཆོས་གང་རུང་མ་ཚང་བར་གྱུར་པའམ། ཡང་ན་རང་ཉིད་འདེམས་བྱེད་མི་མང་གི་མང་མོས་མེད་པའི་གནས་ཚུལ་ར་འཕྲོད་ཀྱིས་སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུར་མང་མོས་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕོ་དགོས།
༣ དེ་ལྟའི་འཕོ་འགྱུར་བྱུང་བ་དང༌། གཞན་ཡང་སྤྱི་འཐུས་སུ་རུང་དགོངས་ཞུས་དང༌། དུས་ཆོས་སུ་གྱུར་པ། སྡེ་སྲིད་དམ། བཀའ་བློན་དུ་འདེམས་ཐོན་བྱུང་བ་ཡིན་ན། འོས་བསྡུ་ཆེན་མོའི་སྐབས་སྤྱི་འཐུས་ཡོང་ཁུངས་སོ་སོ་ནས་འོས་ཐོབ་མང་རིམ་རྩེ་བཏོག་གིས་སྤྱི་འཐུས་གྲངས་ཚད་ལོང་རྗེས་དེའི་འོག་དགོས་ངེས་འོས་ཤོག་ཐོབ་པའི་འོས་གཞི་ལྷག་མ་རྣམས་འོས་ཐོབ་མང་ཉུང་གོ་རིམ་ལྟར་སྒུག་ཐོ་འོས་བསྡུ་ལས་ཁང་དུ་བདག་ཉར་ཡོད་པ་དེ་ནས་གོ་རིམ་བཞིན་ཚབ་གསར་འཕྲལ་དུ་དམ་འབུལ་ཞུ་དགོས། གལ་ཏེ་སྒུག་ཐོའི་ནང་སུའང་མེད་ཚེ་ས་སྟོང་བྱུང་བའི་ཉིན་མོ་དེ་ནས་བཟུང་ཉིན་གྲངས་བརྒྱ་དང་བརྒྱད་ཅུའི་ནང་ཚུན་སྤྱི་འཐུས་གསར་པའི་འོས་བསྡུ་ཟིན་པ་དགོས་རྒྱུ། གལ་སྲིད་བྱུང་རྐྱེན་རྒྱུ་མཚན་ཚད་ལྡན་བཟློག་མེད་དབང་གིས་གོང་གསལ་ཉིན་གྲངས་ནང་ཚུན་འོས་བསྡུ་མ་ཐུབ་པ་བྱུང་ཚེ། འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་འོས་བསྡུ་འཕར་འགྱངས་བྱ་འཐུས་དང༌། སྤྱི་འཐུས་ལྷན་ཚོགས་ཚོགས་བཞིན་པ་ཡིན་ན་དེ་ཐོག་དང༌། དེ་མིན་དེ་མ་ཐག་པའི་ཚོགས་དུས་རྗེས་མའི་ནང་འོས་བསྡུ་སྤྱི་ཁྱབ་འགན་འཛིན་གྱིས་རྒྱུ་མཚན་ཞིབ་འཁོད་ཀྱི་སྙན་ཞུ་དང་སྦྲགས་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་འཕར་འགྱངས་ཆོག་པའི་བཀའ་འཁྲོལ་ཞུ་དགོས་ཤིང༌། སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་འཁྲོལ་དུས་ཚེས་ནང་འོས་བསྡུ་ངེས་པར་ཟིན་པ་དགོས།
དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ།
༡ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག
༢ ལྷན་ཚོགས་ཀྱི་འགྲོ་ལུགས་དང༌། སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདི་ཐོག་ནས་སྤྲད་པའི་དབང་ཚད་ལག་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད།
དོན་ཚན་ང་དགུ་པ། དམིགས་བསལ་ཚོགས་ཆེན།
༡ ཛ་དྲག་དང༌། གལ་ཆེའི་ལས་དོན་ཐོག་རྒྱ་ཆེའི་མང་ཚོགས་ཀྱི་བསམ་གྲོས་བསྡུར་དགོས་ཀྱི་གནས་ཚུལ་བྱུང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་ཁྱབ་བསྩལ་བའམ། ཡང་ན་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་བཅས་གྲོས་བསྡུར་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོར་༧སྙན་སེང་བཀའ་འཁྲོལ་བྱུང་བསྟུན་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་འཐུས།
༢ ཚོགས་ཆེན་འདི་རིགས་ཀྱི་ཚོགས་མིའི་ཡོང་ཁུངས་ནི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ཀྱི་ཐོག སྐབས་བསྟུན་ཚོགས་འཐུས་ཇི་དགོས་དང༌། ཚོགས་འདུའི་གྲོས་གཞི། འཚོགས་དུས་དང༌། འཚོགས་ཡུལ་བཅས་བཀའ་ཤག་་དང༌། སྤྱི་འཐུས་ལྷན་ཚོགས་སམ། ཡང་ན་བཀའ་ཤག་དང༌། རྒྱུན་ལས་ཀྱིས་གཏན་འབེབས་བྱ་རྒྱུ།
༣ ཚོགས་མིའི་ཡོང་ཁུངས་དང༌། གྲོས་གཞི། འཚོགས་དུས། འཚོགས་ཡུལ་བཅས་གཏན་འབེབས་ཟིན་འཕྲལ་ཚོགས་དྲུང་ལས་ཁུངས་ཀྱིས་ཚོགས་འདུ་འཚོགས་ཚེས་ཀྱི་ཉིན་གྲངས་ ༤༥ ཡི་སྔོན་དུ་བརྡ་ཁྱབ་གཏོང་དགོས།
དོན་ཚན་དྲུག་ཅུ་པ། བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང༌།
༡ བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་གང་སར་བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་རེ་དགོས་པ་སྒྲིག་གཞི་གཞིར་བཟུང་ས་གནས་མི་མང་ནས་འོས་བསྡུ་བྱས་པའི་ཚོགས་མི་གསུམ་ལས་མི་ཉུང་ཞིང༌། བཅུ་གཅིག་ལས་མ་མང་བ་རེ་དགོས། སྤྱི་འཐུས་ལྷན་ཚོགས་དང༌། ས་གནས་ཚོགས་ཆུང་དབར་ཐད་ཀའི་འབྲེལ་ལམ་ཐོག་བོད་དོན་བདེན་མཐའ་གསལ་ཐབས་དང༌། བོད་མིའི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་ཕྱོགས་ལ་སྨན་པའི་ལས་དོན་བསྒྲུབ་རྒྱུ།
༢ ས་གནས་ཚོགས་ཆུང་གསར་འཛུགས་དང༌། ཕྱིར་བསྡུ། ཟླ་སྒྲིལ་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་བཀོད་ཁྱབ་འོག་བྱ་རྒྱུ།
༣ ས་གནས་ཚོགས་ཆུང་ཁག་གི་སྒྲིག་འཛུགས་དང༌། ལས་དོན་བྱེད་ཕྱོགས། དཔྱ་ཁྲལ་བསྡུ་འབུལ་ལ་ཞིབ་འཇུག་བཅས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་ཀའི་ལྟ་སྐྱོང་འོག་བྱ་རྒྱུ།
༤ གོང་གསལ་ནང་གསེས་ ༡ ནང་གསལ་སྒྲིག་གཞི་གཞིར་བཟུང་ཚོགས་ཆུང་འཛུགས་མི་ཐུབ་པའི་རིགས་ལ་ད་མུས་སྒྲིག་འཛུགས་ཇི་ཡོད་གནས་འཐུས་སྤྱི་ལྷན་ནས་དམིགས་བསལ་ཆོག་མཆན་གནང་འཐུས།
དོན་ཚན་རེ་གཅིག་པ། ཚོགས་དྲུང་ལས་ཁུངས།
སྤྱི་འཐུས་ལྷན་ཚོགས་ལ་གཏན་འཇགས་ཚོགས་དྲུང་ལས་ཁུངས་ཤིག་དགོས་པའི་སྤྱི་ཁྱབ་དྲུང་ཆེ་གཅིག་དང༌། ལས་བྱེད་ཇི་དགོས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པས་བཀའ་ཤག་དང་གོ་བསྡུར་གྱིས་ལས་བྱེད་སྒྲིག་སྲོལ་ལྟར་བསྐོ་གཞག་བྱ་རྒྱུ།
ལེའུ་དྲུག་པ།
ཁྲིམས་ལུགས་དབང་འཛིན།
དོན་ཚན་རེ་གཉིས་པ། ཆེས་མཐོའི་ཁྲིམས་ཞིབ་ཁང༌། ༡༡
བཙན་བྱོལ་བོད་གཞུང་དང༌། མི་མང་གི་གནས་སྐབས་དམིགས་བསལ་དགོས་མཁོ་དང་འཚམས་པའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཞིག་དགོས་པ་དང༌། ཁྲིམས་ཞིབ་ཁང་དེའི་ནང་ཁྲིམས་ཞིབ་པ་ཆེ་བ་གཅིག་དང༌། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཞིབ་པའི་གྲངས་སྤར་དགོས་པའི་ཁྲིམས་ལུགས་མ་བཟོས་བར་ཁྲིམས་ཞིབ་པ་གཞན་གཉིས་བཅས་དགོས་པ་ཡིན།
དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ། ༡༢
༡ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོས་འོས་འཛུགས་གནང་བར་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་སུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་དེ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་ཐོག་ནས་བསྐོ་གཞག་མཛད་རྒྱུ།
༢ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི།
ཀ བོད་ཀྱི་ཡུལ་མི་ཡིན་པ་དང༌།
ཁ རང་ལོ་ལྔ་བཅུ་ཧྲིལ་པོ་ལོན་པ་ཡན།
ག ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་ཁུར་བྱེད་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབས་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་ འཛུགས་བྱས་པ་ནས་བཟུང་ལོ་བཅོ་ལྔའི་དུས་ཡུན་ནང་ཁྲིམས་ཞིབ་པ་བསྐོ་གཞག་བསྐྱངས་དགོས་རིགས་དོན་ཚན་འདིའི་ནང་གསེས་ འདི་གའི་ནང་གསལ་གྱི་དགོས་དོན་ཁག་ལ་བསྟུན་གནང་མི་དགོས།
༣ ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་མཛད་པའི་སྐྱེ་བོ་དེ་དག་གིས་ལས་ཁུར་དུ་མ་ཞུགས་གོང་༧གོང་ས་མཆོག་གི་སྐུ་མདུན་དུ་ཁྲིམས་ལུགས་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་ཁུར་དམ་བཅའམ་ཁས་ལེན་ཞུ་དགོས།
༤ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་ཡན་གྱི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་ཆོག་མཆན་བསྩལ་ཐོན་གྱིས་འཕོ་འགྱུར་བྱ་དགོས་བྱུང་ན་ལས་དེ་མིན་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་ཁུར་རྒྱུན་འཛིན་བྱ་རྒྱུ།
༥ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་ལས་ཁུར་ནས་རྒས་ཡོལ་བྱུང་བའམ་འཕོ་འགྱུར་བྱས་པའི་སྐྱེ་བོ་སུ་ཡང་གཞུང་གི་ཁེ་ཡོད་ལས་འཛིན་དུ་ཞུགས་མི་ཆོག
༦ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དུས་ཡུན་ངེས་ཅན་གུང་སེང་ཞུ་དགོས་བྱུང་རིགས་ལ་ལས་ཚབ་བཅའ་ཁྲིམས་དོན་ཚན་རེ་བདུན་པའི་འོག་གཏན་འབེབས་བྱས་པའི་སྒྲིག་གཞི་ལྟར་བསྐོ་གཞག་བྱ་རྒྱུ།
དོན་ཚན་རེ་བཞི་པ། བཤེར་དཔང༌། ༡༣
༡ ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཁྲིམས་ཞིབ་ལས་དོན་ལ་མཐུན་འགྱུར་ཆེད་ཚོགས་མི་གསུམ་ལས་མི་ མང་བའི་བཤེར་དཔང་ལྷན་ཚོགས་ཤིག་དགོས་གལ་བྱུང་ན་འཛུགས་ཆོག་པ་དེའི་ཚོགས་མི་རྣམས་བཀའ་ཤག་ལ་གོ་བསྡུར་ཐོག་ཁྲིམས་ཞིབ་པ་ཆེ་བས་བསྐོ་གཞག་བྱ་རྒྱུ། བཤེར་དཔང་གསུམ་གྱི་ནང་ནས་གཉིས་ལས་མ་ཉུང་བ་ཚད་ལྡན་མཐོ་སློབ་ཞིག་ནས་ཁྲིམས་རྩོད་པའི་ལག་ཁྱེར་ཐོན་པ་དགོས། བཤེར་དཔང་ལྷན་ཚོགས་ཀྱི་ཚོགས་མིའི་ལས་རྒྱུན་ལོ་གསུམ་ལས་མི་མང་བ་ཡིན། འོན་ཀྱང་མུ་མཐུད་བསྐྱར་དུ་བསྐོ་གཞག་བྱ་རྒྱུར་དགག་བྱ་མེད།
༢ གྱོད་གཞི་གལ་ཆེའི་རིགས་ཀྱི་ཁྲིམས་ཞིབ་ལ་དགོས་གལ་ནམ་བྱུང་མཚམས་རྒྱུན་ཡོད་བཤེར་དཔང་གསུམ་ཐོག་གྱོད་གཞིའི་གནད་དོན་ཐོག་ཉམས་མྱོང་ཡོད་པའི་གཟུ་དཔང་ཚོགས་མི་དགུ་ལས་མ་བརྒལ་བ་ཁྲིམས་ཞིབ་པ་ཆེ་བས་ཐད་ཀར་སྐབས་སོ་སོར་བསྐོ་གཞག་བྱེད་ཆོག
དོན་ཚན་རེ་ལྔ་པ། ཆེས་མཐོའི་ཁྲིམས་ཞིབ་པའི་ཕོགས་ཐོབ།༡༤
༡ ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང༌། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་ཇི་བྱས་ལྟར་འཐོབ་རྒྱུ།
༢ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ལས་ཁུར་འཛིན་རྒྱུན་རིང་ཕོགས་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ལ་གནོད་སྐྱོན་འགྲོ་བའི་སྒྱུར་བཅོས་དང༌། གཅོག་འཕྲི་མི་ཆོག
དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།
༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང༌། རྒྱལ་ཁབ་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།
༢ བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་ཉེས་དང་མཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད་ནའང་གཙོ་ཆེརཿ
ཀ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་དང༌།
ཁ གཞུང་གི་འགན་འཛིན་ལས་ཁུངས་སམ། ལས་བྱེད་པའི་ལས་དོན་བྱེད་ཕྱོགས་དང༌། དྲང་བདེན་བྱུང་མིན་ལ་བརྟེན་པའི་རྩོད་གླེང༌།
ག གཞུང་དང༌། གཞུང་འཛིན་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་གི་ལས་དོན་དང༌། ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང༌།
ང བོད་མིའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་རྩོད་གླེང༌།
ཅ བོད་མིའི་སྤྱི་ཚོགས་ཀྱི་རྩོད་རྙོག་དང༌། སྤྱི་ཚོགས་ཀྱི་བདེ་འཇགས།
ཆ གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ་དང༌།
ཇ གཞན་ཡང་ཁྲིམས་ཞིབ་ཁང་འོག་མ་རྣམས་དང༌། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང༌། འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང༌། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད།
དོན་ཚན་རེ་བདུན་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། སྒྲིག་གཞི།
བཅའ་ཁྲིམས་འདི་དང༌། སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང༌། འགྲོ་ལུགས་སྒྲིག་གཞི་བཅས་བཟོ་འགོད་ཀྱིས་༧གོང་ས་མཆོག་གི་བཀའ་འཁྲོལ་དང་འབྲེལ་གཏན་འབེབས་ལྟར་ལ་ལག་ལེན་བསྟར་རྒྱུ།
དོན་ཚན་རེ་བརྒྱད་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བསམ་འཆར་བཞེས་འབུལ།
༡ བཅའ་ཁྲིམས་འདིའི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་དང༌།
༢ གལ་ཆེའི་རྣམ་པ་ཅན་གྱི་ཁྲིམས་དོན་ནམ། དངོས་ཡོད་གནས་ཚུལ་ཞིག་བྱུང་ཟིན་པ་དང༌། ཡང་ན་འབྱུང་ཉེའི་སྐོར།
༣ གཞན་ཡང་ཁྲིམས་དོན་དང་འབྲེལ་བའི་ལས་དོན་དོགས་གཞི་ཅན་བྱུང་བ་བཅས་དགོས་གལ་ནམ་བྱུང་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཀའ་བསྡུར་བསྐྱངས་ཚེ་ཁྲིམས་ཞིབ་ཁང་ནས་དེ་སྐོར་བསམ་འཆར་སྙན་འབུལ་ཞུ་དགོས་པ་ཡིན།
དོན་ཚན་རེ་དགུ་པ། ཁྲིམས་ཞིབ་ཁང་འོག་མ་ཁག
༡ ཆེས་མཐོའི་ཁྲིམས་ཁང་གིས་ས་གནས་སོ་སོའི་འགོ་འཛིན་ཁག་དང༌། དེ་མིན་ལས་བྱེད་དང༌། སྐྱེ་བོ་སུ་འོས་ལ་ཁྲིམས་ཞིབ་ཀྱི་དབང་ཆ་སྤྲད་དེ་གཏན་འཇགས་དང༌། འཕྲལ་སེལ། ཡང་ན་སྐོར་བསྐྱོད་བཅས་ཀྱི་ཁྲིམས་ཞིབ་ཁང་འོག་མའི་ལས་དོན་སྐབས་བསྟུན་གྱིས་སྒྲུབ་ཆོག་པ་ཡིན།
༢ ཁྲིམས་ཞིབ་ཁང་འོག་མ་ཁག་གི་ཁྲིམས་ཞིབ་པ་སོ་སོར་དགོས་གལ་དང་བསྟུན་པའི་བཤེར་དཔང་དང༌། གཟུ་དཔང་ཚོགས་མི་ཇི་དགོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བས་བསྐོ་གཞག་བྱ་རྒྱུ།
དོན་ཚན་བདུན་ཅུ་པ། ཁྲིམས་དོན་ལས་ཁུངས།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལྟ་སྐྱོང་འོག་ཁྲིམས་དོན་ལས་ཁུངས་ཤིག་འཛུགས་ཆོག་པ་དང༌། ལས་ཁུངས་འདི་ནས་བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས། བཀའ་བློན་བྱེ་བྲག་པ་དང༌། སྤྱི་འཐུས་བྱེ་བྲག་པ་སོ་སོ་བཅས་ལ་ཁྲིམས་ཡིག་འཆར་ཟིན་བཟོ་འགོད་དང་ཁྲིམས་དོན་དང་འབྲེལ་བའི་ལས་དོན་ཁག་ལ་རྒྱུས་སྟོན་བྱ་རྒྱུ།
ལེའུ་བདུན་པ།
བོད་མིའི་གནས་ཡུལ་ས་གནས་ཁག་གི་
སྒྲིག་འཛུགས།
དོན་ཚན་དོན་གཅིག་པ། བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ཏུ་གནས་སྡོད་བོད་མིའི་ སྒྲིག་འཛུགས་གཤམ་གསལ།
༡ སོ་ནམ་གཞིས་སྒར།
༢ བཟོ་ལས་གཞིས་སྒར་དང༌། བཟོ་ལས་མཉམ་འབྲེལ་ཁག
༣ ཆོས་སྡེ་ཁག
༤ སློབ་གྲྭ་དང༌། སློབ་གཉེར་ཁང་ཁག
༥ རང་འཚོ་འདུས་སྡོད།
༦ ཁ་འཐོར་གནས་སྡོད།
༧ དེ་མིན་བོད་མི་གནས་ཡུལ་གཞན་དག་བཅས།
དོན་ཚན་དོན་གཉིས་པ། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས།
ས་གནས་སོ་སོར་འགོ་འཛིན་དང༌། ས་གནས་ཆེ་སར་འགོ་འཛིན་ལས་རོགས་རེ་དགོས་པ་ནིཿ
༡ བཅའ་ཁྲིམས་དོན་ཚན་ ༡༡ དང་ ༣༨ ནང་འཁོད་ལྟར་གྱི་ཁྱད་ཆོས་ལྡན་པའི་ས་གནས་དེ་གའི་ཁོངས་གཏོགས་བོད་མི་སེར་སྐྱ་ཕོ་མོ་ཡོངས་ནས་ས་གནས་འགོ་འཛིན་གྱི་འོས་གཞིར་ཞུགས་པ་ དང༌། འོས་འདེམས་བྱེད་པའི་ཐོབ་ཐང་ཡོད། འོན་ཀྱང་གཞུང་གི་དོན་གཅོད་ཁག་འོས་འདེམས་མ་དགོས་པ་ཡིན།
༢ འགོ་འཛིན་ལས་རོགས་དགོས་ངེས་ཁག་ལ་མང་ཚོགས་ནས་ཐད་ཀའི་འོས་བསྡུ་བྱེད་མ་དགོས་པར། ས་གནས་འཐུས་མིའི་ཚོགས་འདུ་ནས་འོས་བསྡུ་བྱེད་ཆོག་པ་དང༌། འདེམས་ཐོན་ཡོང་བ་ལ་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཀྱི་མོས་མཐུན་དགོས་པ་ཡིན།
དོན་ཚན་དོན་གསུམ་པ། འགོ་འཛིན་འོས་འདེམས།
༡ ས་གནས་མང་ཚོགས་ནས་མི་གྲངས་ ༢༥ ལས་མི་བརྒལ་བའི་ཚོགས་ཆུང་ཁག་བགོས་ཀྱིས་སྔོན་འགྲོའི་འོས་གཞི་འདེམས་དགོས་པ་ཡིན།
༢ འོས་ཤོག་མང་ཐོན་རྩེ་བཏོག་གིས་འོས་གཞི་མི་གྲངས་བཞི་འདེམས་བསྒྲུགས་ཀྱིས་མཐའ་མའི་འོས་ཤོག་འཕེན་དགོས་པ་ཡིན།
༣ འགོ་འཛིན་དུ་འདེམས་ཐོན་ཡོང་བ་ལ་འོས་ཤོག་ཇི་བྱུང་གི་རྩ་འབོར་གྱི་བརྒྱ་ཆ་ ༥༡ ཡན་ལོངས་དགོས་པ་ཡིན།
༤ བརྒྱ་ཆ་ ༥༡ མ་ལོངས་ཚེ་བཅའ་ཁྲིམས་དོན་ཚན་ ༧༤ ནང་གསལ་ལྟར་ལ་རྩ་འཛིན་ལག་བསྟར་བྱ་རྒྱུ།
༥ ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་མི་སུ་རུང་དང༌། ས་གནས་རང་ཁོངས་ལས་བྱེད་སུ་རུང་འགོ་འཛིན་དང༌། འགོ་འཛིན་ལས་རོགས་སུ་འདེམས་ཐོན་བྱུང་བ་ཡིན་ན་རང་གི་ལས་ཁུར་བཤོལ་དགོས་པ་ཡིན།
དོན་ཚན་དོན་བཞི་པ། གཞུང་བསྐོས་འགོ་འཛིན་དང༌། ལས་རོགས།
༡ བཅའ་ཁྲིམས་དོན་ཚན་ ༧༣༣ ནང་གསལ་ལྟར་ས་གནས་གང་ཞིག་ཏུ་ཁྲིམས་ལུགས་ལྟར་རང་ཁོངས་མང་ཚོགས་ནས་འོས་བསྡུ་བྱས་པའི་བརྒྱ་ཆའི་ཚད་གཞི་མ་ལོངས་པ་དང༌།
༢ ཡང་ན་མི་མང་རང་ཁོངས་ཆ་རྐྱེན་མ་ཚང་བའམ། མང་ཚོགས་ཀྱིས་སྔ་འཕྲོས་འོས་བསྡུ་བྱ་རྒྱུར་འདོད་བབས་མེད་པའི་གནས་ཚུལ་བྱུང་བ།
༣ ས་གནས་འོས་བསྡུ་བྱས་པའི་འགོ་འཛིན་དེས་ལས་འགན་ཇི་བཞིན་མ་ཐེག་པའམ། ཡང་ན་མང་མོས་མེད་པའི་གནས་ཚུལ་བྱུང་བ་དང༌། ཚབ་གསར་ཡང་མང་ཚོགས་རང་ཁོངས་ནས་འོས་བསྡུ་བྱ་རྒྱུར་བློ་མོས་མ་བྱུང་བ་བཅས་བྱུང་ཚེ་འགོ་འཛིན་དང༌། འགོ་འཛིན་ལས་རོགས་གཉིས་ཀའམ། སུ་རུང་གཞུང་ནས་བསྐོ་གཏོང་དགོས་པ་ཡིན།
དོན་ཚན་དོན་ལྔ་པ། གཞུང་བསྐོས་འགོ་འཛིན་བརྗེ་ལེན།༡༥
ས་གནས་གང་ཞིག་ཏུ་གཞུང་བསྐོས་འགོ་འཛིན་ དང༌། འགོ་འཛིན་ལས་རོགས་ཡོད་བཞིན་པར། ས་གནས་མང་ཚོགས་ཀྱི་ཁོངས་ནས་འགོ་འཛིན་གྱི་ཁྱད་ཆོས་ལྡན་པ་ཐོན་མཚམས་ས་གནས་འཐུས་མིའི་ཚོགས་འདུ་ནས་སྙན་ཤོག་འབྱོར་ཚེ་ཞིབ་འཇུག་དང་འབྲེལ་གཞུང་བསྐོས་འགོ་འཛིན་བརྗེ་ལེན་བྱས་འཐུས།
དོན་ཚན་དོན་དྲུག་པ། འགོ་འཛིན་གྱི་ལས་ཁུར་ཡུན་ཚད།
༡ སྒྲིག་གཞི་དོན་ཚན་གཞིར་བཟུང་ཡུན་ཚད་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས་དེ་མིན་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཀྱི་ཡུན་ཚད་ལོ་གསུམ་རེ་ཡིན།
༢ བཅའ་ཁྲིམས་ཀྱི་དོན་ཚན་ ༩༡ ནང་གསལ་འཕོ་འགྱུར་གཏོང་དགོས་བྱུང་ན་མ་གཏོགས། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་སུའང་བསྐྱར་དུ་འོས་འདེམས་བྱུང་བར་དགག་བྱ་མེད།
དོན་ཚན་དོན་བདུན་པ། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཀྱི་ལས་འགན།
༡ ས་གནས་སོ་སོའི་འཛིན་སྐྱོང་གི་ལས་དོན་བྱེད་སྒོ་ཆེ་ཕྲ་མཐའ་དག
༢ ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བསྐུར་བའི་ཁྲིམས་ཞིབ་ལས་འཁུར།
༣ ས་གནས་བོད་མི་ནང་ཁུལ་དང༌། བོད་མི་དང་ས་གནས་ཡུལ་མིའི་དབར་ཞི་མཐུན་མཉམ་གནས། བདེ་འཇགས་བརྟན་སྲུང་ཡོང་ཆེད་ས་གནས་ཡུལ་ཁྲིམས་ལ་བརྩི་སྲུང་དང་ཡུལ་མིའི་གོམས་སྲོལ་ལ་བརྩི་བཀུར།
༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། བཀའ་ཤག འབྲེལ་ཡོད་ལས་ཁུངས་ཀྱིས་མཚོན་དབུས་ཀྱི་ལས་ཁུངས་ཁག་གིས་བསྐུར་བའི་བྱེད་སྒོ་ཁག
༥ ཁྲིམས་ལུགས་ལྟར་ས་གནས་མཉམ་འབྲེལ་ཁག་གི་དམིགས་ཡུལ་དོན་འཁྱོལ་དང༌། ལས་དོན་ཚགས་འཚུད་ཡོང་ཐབས།
༦ གཞན་ཡང་མང་ཚོགས་ཀྱི་ཆེད་སྐབས་བསྟུན་སྒྲུབ་འོས་ཀྱི་ལས་དོན་རིགས་སྒྲིག་གཞི་ལྟར་རྩ་འཛིན་ལག་ལེན་བསྟར་རྒྱུ་བཅས།
དོན་ཚན་དོན་བརྒྱད་པ། ས་གནས་འཐུས་མིའི་ཚོགས་འདུ།
༡ བོད་མིའི་གནས་ཡུལ་ས་གནས་སོ་སོར་ས་གནས་འཐུས་མིའི་ཚོགས་འདུ་རེ་དགོས།
༢ ཀ འཐུས་མིའི་ཡོང་ཁུངས་ནི། ས་གནས་རང་ཁོངས་སེར་སྐྱ་ཕོ་མོ་ཚང་མ་བཅའ་ཁྲིམས་དོན་ཚན་ ༡༡ དང་ ༣༨ ནང་གསལ་ ལྟར་འོས་བསྡུ་དང་འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད།
ཁ ཡང་ན་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཕུད་འོས་བསྡུ་བྱས་པའི་མཉམ་འབྲེལ་གྱི་ལྟ་རྟོག་ཚོགས་མི་དང༌། འོས་བསྡུ་ བྱས་པའི་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་མི། འོས་བསྡུ་བྱས་པའི་ཡན་ལག་སྡོད་སྒར་སོ་ སོའི་སྤྱི་མི་དང་བརྒྱ་དཔོན། འོས་བསྡུ་བྱས་པའི་ཆོས་སྡེ་ཁག་གི་འཐུས་མི་བཅས་ལ་འགན་ཁུར་སྤྲོད་རྒྱུར་མང་ཚོགས་ནས་མོས་ མཐུན་བྱུང་ནའང་ཆོག
དོན་ཚན་དོན་དགུ་པ། ས་གནས་འཐུས་མིའི་གྲངས་ཚད་དང༌། ཡུན་ཚད།༡༦
༡ ས་གནས་འཐུས་མིའི་གྲངས་ཚད་ས་གནས་ཆེ་ཆུང་ལ་གཞིགས་པའི་ཚོགས་མི་གྲངས་ ༣༥ ལས་མི་བརྒལ་བ་དང༌། ༧ ལས་མི་ཉུང་བ་དགོས།
༢ ས་གནས་འཐུས་མིའི་ཚོགས་འདུའི་ཡུན་ཚད་མ་རྫོགས་གོང་འཕོ་འགྱུརགཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ལས། དེ་མིན་སྐབས་རེའི་ཡུན་ཚད་ལོ་གསུམ་རེ་ཡིན།
༣ དོན་ཚན་དོན་བརྒྱད་པའི་ནང་གསེས་ ༢ པའི་ ཁ པ་ནང་གསལ་ལྟར་སྒྲིག་འཛུགས་བྱས་པའི་ས་གནས་འཐུས་མིའི་ཚོགས་འདུ་ཡིན་ན་འོས་བསྡུ་བྱས་པའི་མཉམ་སྦྲེལ་གྱི་ལྟ་རྟོག་ཚོགས་མི་ དང༌། རང་བདེན་ལས་འགུལ་ཚོགས་ཆུང་གི་ཚོགས་མི། སྡོད་སྒར་སོ་སོའི་སྤྱི་མི་དང་བརྒྱ་དཔོན། ཆོས་སྡེ་ཁག་གི་འཐུས་མི་བཅས་སོ་སོའི་འོས་བསྡུའི་སྐབས་ཀྱི་ལོ་ཚད་གང་ཡིན་ཐོག་འཕོས་ལེན་བྱེད་ཆོག་པ་ཡིན།
དོན་ཚན་བརྒྱད་ཅུ་པ། ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ།
༡ སྐབས་སོ་སོའི་ས་གནས་འཐུས་མིའི་ཚོགས་འདུའི་ཚོགས་ཐེངས་དང་པོའི་ཐོག་འཐུས་མི་རང་ཁོངས་ནས་ཚོགས་གཙོ་གཅིག་དང༌། ཚོགས་གཙོ་གཞོན་པ་གཅིག་གསང་བའི་འོས་བསྡུས་ཀྱིས་མང་མོས་འདེམས་ཐོན་དགོས་པ་ཡིན།
༢ ཚོགས་གཅོ་དང༌། ཚོགས་གཙོ་གཞོན་པ་ས་གནས་ཁྲིམས་ཞིབ་པའི་མདུན་སར་ལས་ཁུར་དམ་བཅའམ། ཁས་ལེན་བྱེད་དགོས།
༣ ས་གནས་འཐུས་མི་གསུམ་ཆ་གཉིས་ཡན་མོས་མཐུན་གྱིས་ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་འཕོ་ལེན་བྱ་དགོས་པའི་སྐབས་དང༌། ས་སྟོང་ནམ་བྱུང་མཚམས་ཚབ་གསར་ཁྲིམས་ལུགས་ལྟར་འོས་བསྡུ་བྱ་དགོས་པ་ཡིན།
དོན་ཚན་གྱ་གཅིག་པ། འོས་བསྡུའི་ལས་དོན།
དབུས་འོས་བསྡུ་ལས་ཁང་གི་སྒྲིག་གཞི་ལྟར། ས་གནས་ཀྱི་འོས་བསྡུའི་ལས་དོན་ཡོངས་རྫོགས་ས་གནས་འོས་བསྡུ་ལས་ཁང་ནས་འགན་ཁུར་ལེན་དགོས།
དོན་ཚན་གྱ་གཉིས་པ། ས་གནས་འཐུས་མིའི་ཚོགས་འདུའི་དབང་ཚད།
ས་གནས་ཀྱི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་བཟོ་འགོད་དང༌། གཏན་འབེབས་བྱ་རྒྱུའི་འགན་དབང་ཡོངས་རྫོགས་ས་གནས་འཐུས་མིའི་ཚོགས་འདུར་ཡོད། འོན་ཀྱང་མཐའ་མའི་གཏན་འབེབས་མ་བྱས་གོང་ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ལ་གོ་བསྡུར་བྱེད་དགོས།
དོན་ཚན་གྱ་གསུམ་པ། ས་གནས་འཐུས་མིའི་ཚོགས་འདུའི་ནང་འོས་བསྡུ།
སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་པའི་ཁྲིམས་ལུགས་དང༌། སྒྲིག་གཞི་ཁག་གི་དམིགས་བསལ་དོན་གནད་རྣམས་ཕུད། དེ་མིན་དོན་གནད་གང་ཅིའི་སྐོར་ལ་ས་གནས་འཐུས་མིའི་ཚོགས་འདུ་ནས་གྲོས་བསྡུར་གྱིས་སྤྱི་མོས་སམ། ཡང་ན་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།
དོན་ཚན་གྱ་བཞི་པ། ཚོགས་འདུར་འཐུས་མིའི་ཉུང་ཚད།
ས་གནས་འཐུས་མིའི་ཚོགས་འདུར་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ཕྱིན་ལས་དོན་ཐག་གཅོད་བྱེད་པའི་དབང་ཆ་ཡོད། འོན་ཀྱང་འཐུས་མིའི་རྩ་འབོར་ཆ་བགོས་བྱེད་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས་པ་ཡིན།
དོན་ཚན་གྱ་ལྔ་པ། འཐུས་མིའི་ཟུར་ཕོགས།
ས་གནས་འཐུས་མིའི་ཚོགས་འདུ་དངོས་སུ་ཚུགས་རིང་ཁྲིམས་ལུགས་གཏན་འབེབས་བྱས་པ་ལྟར་གྱི་ཟུར་ཕོགས་འཐོབ་རྒྱུ།
དོན་ཚན་གྱ་དྲུག་པ། ས་གནས་ཀྱི་ལོ་འཁོར་སྔོན་རྩིས།
ས་གནས་འགོ་འཛིན་ལས་ཁུངས་ནས་ཚོགས་འདུར་ལོ་འཁོར་སྔོན་རྩིས་འཆར་ལོའི་ཡོང་འབབ་དང༌། འགྲོ་སོང་སྐོར་ལོ་འཁོར་སྔོན་རྩིས་འགོད་འབུལ་བྱ་དགོས་པ་དང༌། ལོ་འཁོར་སྔོན་རྩིས་ནང་སྡེ་ཚན་གཉིས་སུ་དབྱེ་དགོས་པ་ནི།
ཀ དབུས་གཞུང་ནས་ས་གནས་འགོ་འཛིན་གྱི་ཕོགས་ཐོབ་དང༌། ཡོང་འབབ་མེད་པའི་ས་གནས་ཁག་ལ་འཛིན་སྐྱོང་གི་འགྲོ་གྲོན་གཏོང་ འོས་ཁག
ཁ དེ་མིན་འགོ་འཛིན་ལས་རོགས་ཀྱི་ཕོགས་ཐོབ་དང༌། འགྲོ་གྲོན་གཏོང་འོས་ཀྱི་འཆར་གཞི་གཞན་ཁག་ལ་ས་གནས་ཡོང་འབབ་ཀྱི་ཐོག་ནས་གཏོང་དགོས་པའི་སྔོན་རྩིས་འཆར་གཞི་ཁག་ལ་ས་གནས་འཐུས་མིའི་ཚོགས་འདུ་ནས་བཀའ་འཁྲོལ་དང༌། གཅོག་འཕྲི་ཕྱིར་སློག་བཅས་ཇི་འོས་ཐག་གཅོད་བྱ་རྒྱུ།
དོན་ཚན་གྱ་བདུན་པ། ས་གནས་འཐུས་མིའི་ཚོགས་འདུའི་སྒྲིག་གཞི།
ས་གནས་ཁག་གི་འཐུས་མིའི་ཚོགས་འདུ་སོ་སོས་བཅའ་ཁྲིམས་ཀྱི་འབྲུ་དོན་ཁག་གཞིར་བཟུང་ཚོགས་འདུའི་འགྲོ་ལུགས་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་རེ་བཟོས་ཏེ་འཐུས་མི་གསུམ་ཆ་གཉིས་ཀྱི་མོས་མཐུན་ཐོག་གཏན་འབེབས་ཀྱིས་རྩ་འཛིན་ལག་ལེན་བསྟར་རྒྱུ། འོན་ཀྱང་འཐུས་མིའི་གསུམ་ཆ་གཉིས་ཀྱི་མོས་མཐུན་བྱུང་ན་སྒྲིག་གཞི་དང༌། སྒྲིག་གཞིའི་དོན་ཚན་གང་རུང་ལ་བཟོ་བཅོས་བྱེད་ཆོག་པ་ཡིན།
དོན་ཚན་གྱ་བརྒྱད་པ། ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཚོགས་ཞུགས་ཆོག་པའི་ཐོབ་ཐང༌།
ས་གནས་འགོ་འཛིན་དང༌། འགོ་འཛིན་ལས་རོགས་ཚོགས་འདུར་ཞུགས་པ་དང༌། བགྲོ་གླེང༌། དྲི་བར་ལན་འདེབས། གསལ་བཤད་བཅས་བྱེད་རྒྱུའི་ཐོབ་ཐང་ཡོད། འོན་ཀྱང་འོས་བསྡུའི་ཐོབ་ཐང་མེད།
དོན་ཚན་གྱ་དགུ་པ། གྲོས་འཆར་འདོན་རྒྱུའི་ཐོབ་ཐང༌།
ས་གནས་ཀྱི་ལས་དོན་བྱེད་ཕྱོགས་དང༌། སྒྲིག་གཞི། ཁྲིམས་ལུགས་གང་རུང་ལ་བསམ་འཆར་དང༌། གྲོས་འཆར་འདོན་རྒྱུར་ས་གནས་འཐུས་མིའི་ཚོགས་མི་ཚང་མར་འདྲ་མཉམ་གྱི་ཐོབ་ཐང་ཡོད། འོན་ཀྱང་འཐུས་མི་མ་ཡིན་པའི་སྐྱེ་བོ་སུ་ཞིག་ནས་གོང་གསལ་དོན་ཚན་གང་རུང་སྐོར་ལ་གྲོས་འཆར་འདོན་མི་ཡོད་ཚེ་ས་གནས་འཐུས་མི་ཞིག་བརྒྱུད་ནས་འབུལ་དགོས་པ་ཡིན།
དོན་ཚན་དགུ་བཅུ་པ། གྲོས་བསྡུར་བཀག་སྡོམ།
༡ ས་གནས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་གྱིས་ས་གནས་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་དགོས་ཀྱི་གྲོས་འཆར་བྱུང་ན་ལས། དེ་མིན་ཁྲིམས་ཞིབ་ཀྱི་ལས་དོན་བྱེད་བཞིན་པ་དང༌། ས་གནས་འཐུས་མིའི་ཚོགས་ཆུང་ཞིག་ནས་ཞིབ་འཇུག་བྱེད་བཞིན་པའི་ལས་དོན་བཅས་ཀྱི་སྐོར་ལ་གླེང་སློང་དང༌། གྲོས་བསྡུར་བྱེད་མི་ཆོག
༢ འོན་ཀྱང་ས་གནས་ཁྲིམས་ཞིབ་པ་འཕོ་འགྱུར་གཏོང་དགོས་ཀྱི་གྲོས་འཆར་ཐག་གཅོད་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མཐའ་མའི་ཆོག་མཆན་ཞུ་དགོས་པ་ཡིན།
དོན་ཚན་གོ་གཅིག་པ། ས་གནས་འགོ་འཛིན་དང༌། ལས་རོགས་འཕོ་འགྱུར།
༡ ས་གནས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་ས་གནས་འགོ་འཛིན་འཕོ་འགྱུར་གཏོང་དགོས་ཀྱི་གྲོས་ཆོད་བྱུང་ཚེ་ས་གནས་རང་ཁོངས་མང་ཚོགས་ནས་འོས་བསྡུས་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།
༢ ས་གནས་འཐུས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་བྱུང་ན་ས་གནས་འགོ་འཛིན་ལས་རོགས་འཕོ་འགྱུར་གཏོང་ཆོག་པ་ཡིན།
༣ དེ་འདྲའི་གནས་ཚུལ་བྱུང་སྐབས་མཐའ་མའི་འོས་བསྡུ་ཐག་གཅོད་མ་བྱས་གོང་དོ་བདག་ལ་ས་གནས་འཐུས་མིའི་ཚོགས་འདུར་གསལ་བཤད་བྱེད་རྒྱུའི་གོ་སྐབས་དང༌། ཐོབ་ཐང་སྤྲོད་དགོས།
དོན་ཚན་གོ་གཉིས་པ། ས་གནས་འཐུས་མིའི་ཚོགས་འདུ་དང༌། འཐུས་མི་བྱེ་བྲག་པ་འཕོ་འགྱུར་གཏོང་བ།
༡ ས་གནས་འགོ་འཛིན་དང༌། ལས་རོགས་གཉིས་ཀྱིས་ཚོགས་གཙོ་གཉིས་ལ་གོ་བསྡུར་གྱིས་ས་གནས་འཐུས་མི་ཡོངས་རྫོགས་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་ན་ས་གནས་མི་མང་གིས་འོས་བསྡུས་མང་མོས་ཇི་བྱུང་ལྟར་ལ་ཐག་གཅོད་བྱ་རྒྱུ།
༢ ཡང་ན་འཐུས་མི་བྱེ་བྲག་པ་ཞིག་འཕོ་འགྱུར་གཏོང་དགོས་བྱུང་ཚེ་ས་གནས་འཐུས་མིའི་ཚོགས་འདུ་ནས་འོས་བསྡུས་ཀྱིས་མང་མོས་ཇི་བྱུང་ལ་ཐག་གཅོད་བྱ་རྒྱུ།
༣ འཐུས་མི་བྱེ་བྲག་པའམ། འཐུས་མི་ཡོངས་རྫོགས་འཕོ་འགྱུར་གཏོང་དགོས་བྱུང་ཚེ་ཉིན་གྲངས་ ༣༠ ནང་ཚུད་གསར་དུ་འོས་འདེམས་ཟིན་པ་དགོས་རྒྱུ།
དོན་ཚན་གོ་གསུམ་པ། མཉམ་འབྲེལ་ཁག་གི་བདག་དབང་དང༌། འཛིན་སྐྱོང༌།
༡ ས་གནས་བོད་མིའི་མཉམ་འབྲེལ་ཁག་གི་བདག་པོ་ནི་དེའི་མ་སྐལ་བདག་པོ་རྣམས་སམ། ཁུངས་དེའི་མང་ཚོགས་ཡིན།
༢ མཉམ་འབྲེལ་དེ་དག་གི་གྲུབ་འབྲས་ཁེ་འབབ་ཇི་ཡོད་ནས་སྒྲིག་གསལ་ལྟར་མ་འོངས་འདུ་འགོད་ཀྱི་ཆེད་ཟུར་བཅད་ཕུད། དེ་འཕྲོས་རང་ཁོངས་མི་མང་རྣམས་ཀྱི་ཁེ་ཕན་ཁོ་ནའི་ཆེད་གཏོང་དགོས།
༣ མཉམ་འབྲེལ་གྱི་མ་སྐལ་བདག་པོ་དང༌། ས་གནས་འཐུས་མིའི་ཚོགས་འདུ། ལས་བྱེད། ཡང་ན་མང་ཚོགས་བཅས་ལ་མཉམ་འབྲེལ་གྱི་ལས་དོན་དང༌། བྱེད་འཆར་སྐོར་གསལ་བསྒྲགས་དང༌། གོ་བསྡུར་ཡང་ཡང་བྱ་དགོས།
དོན་ཚན་གོ་བཞི་པ། ས་གནས་ཁྲིམས་ཞིབ་ཁང༌།
བཅའ་ཁྲིམས་དོན་ཚན་ ༦༩ ནང་གསལ་ལྟར་ས་གནས་སོ་སོར་གཏན་འཇགས་སམ། འཕྲལ་སེལ་ཁྲིམས་ཞིབ་ཁང་རེ་འཛུགས་ཆོག་པ་དེ་དག་གི་ཁྲིམས་ཞིབ་པ་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སུ་འོས་ལ་བསྐོ་གཞག་བྱ་རྒྱུ།
དོན་ཚན་གོ་ལྔ་པ། བོད་མིའི་འདུ་གནས་གསར་ཆགས།
ས་གནས་འགོ་འཛིན་ལས་ཁུངས་དང༌། ས་གནས་འཐུས་མིའི་ཚོགས་འདུ་མེད་རིགས་ཀྱི་ས་གནས་ཁག་གི་ཐདཿ
༡ ས་གནས་གང་ཞིག་ཏུ་གཏན་སྡོད་བྱེད་པའི་བོད་མི་ཁྱིམ་ཚང་ ༥༠ ནས་ ༡༥༠ བར་དང༌། ཡང་ན་མི་གྲངས་ ༢༠༠ ནས་ ༦༠༠ མན་ཡོད་པ་དང༌། དེ་དག་གི་འཚོ་བའི་མདུན་ལམ་ས་གནས་དེ་གར་སྲ་བརྟན་ཕུགས་འཕེར་བཅས་ཡོད་ཚེ་བཅའ་ཁྲིམས་དོན་ཚན་ ༧༨ ནང་གསལ་གྱི་ས་གནས་འཐུས་མིའི་སྒྲིག་འཛུགས་བཟོ་ཆོག་པ་ཡིན།
༢ ས་གནས་གང་ཞིག་ཏུ་བོད་མི་ཁྱིམ་ཚང་ ༡༥༠ ཡན་དང༌། ཡང་ན་མི་གྲངས་ ༦༠༠ ཡན་ཡོད་ཚེ་བཅའ་ཁྲིམས་དོན་ཚན་ ༧༢ དང་ ༧༨ ནང་གསལ་ལྟར་ས་གནས་འགོ་འཛིན་ལས་ཁུངས་དང༌། ས་གནས་འཐུས་མི་ཚོགས་འདུའི་སྒྲིག་འཛུགས་གཉིས་ཀ་འཛུགས་ཆོག་པ་ཡིན།
༣ འོན་ཀྱང་དེ་ལྟའི་བབས་འོས་མཆིས་མིན་དབུས་འབྲེལ་ཡོད་ལས་ཁུངས་ནས་རྟོག་ཞིབ་ནན་ཏན་བྱ་དགོས་པ་ཡིན།
ལེའུ་བརྒྱད་པ།
འོས་བསྡུའི་ལས་དོན།
དོན་ཚན་གོ་དྲུག་པ། འོས་བསྡུ་ལས་ཁང༌། ༡༧
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་དང༌། ཚོགས་གཙོ་དང་ཚོགས་གཙོ་གཞོན་པ། བཀའ་བློན་ཁྲི་པ། གཞན་ཡང་བཅའ་ཁྲིམས་ནང་གསལ་འོས་བསྡུ་བྱེད་སྒོ་ཅི་རིགས་དང༌། རྒྱལ་ཁབ་ཀྱི་ལས་དོན་གལ་ཆེ་མང་མོས་འོས་བསྡུ་ཐག་གཅོད་བྱ་རྒྱུ་བཅས་ཀྱི་འོས་བསྡུའི་ལས་དོན་རྣམས་ཀྱི་ཆེད་དུ་རང་དབང་ལྡན་པའི་འོས་བསྡུ་ལས་ཁང་ཞིག་དགོས་པ་ཡིན།
དོན་ཚན་གོ་བདུན་པ། འོས་བསྡུ་ལས་ཁང་གི་འགན་འཛིན་དང༌། འགན་དབང་༡༨
༡ འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པ་༧གོང་ས་༧སྐྱབས་མགོན་ཆེན་པོས་བསྐོ་གཞག་བསྩལ་རྒྱུ་དང༌། དེ་མིན་ལས་བྱ་ཇི་དགོས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལ་གོ་བསྡུར་དང་འབྲེལ་བཀའ་ཤག་ནས་སྐབས་སོ་སོར་བསྐོ་གཞག་བྱེད་ཆོག་པ་ཡིན།
༢ བཀའ་བློན་ཁྲི་པ་དང༌། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོས་གཞུང་ཞབས་འདེམས་ལྷན་དང༌། རྩིས་ཞིབ་སྤྱི་ཁྱབ་གང་རུང་ནས་ཞོར་ལྕོགས་སམ། ཡང་ན་མི་འགྲོ་གཞན་དག་བསྐོ་གཞག་བསྩལ་རྒྱུ།
༣ འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་བསྐོ་གཞག་ཟིན་པ་ནས་འོས་བསྡུའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར། འོས་བསྡུའི་ལས་དོན་ཡོངས་རྫོགས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང༌། འགན་འཛིན་ལས་འཕར་གཉིས་བཅས་གསུམ་ཀའི་སྤྱི་མོས་སམ། མང་མོས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུ་དང༌། འོས་བསྡུ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་འགོ་འདོམས་སྤྱི་ཁྱབ་འགན་འཛིན་གྱིས་བྱ་རྒྱུ།
༤ འོས་བསྡུ་ལས་ཁང་གི་འགན་དབང་དང༌། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་༧གོང་ས་ཆེན་པོར་བཀའ་འཁྲོལ་ཞུས་ཏེ་ལག་ལེན་བསྟར་རྒྱུ།
༥ བཅའ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་འོས་བསྡུ་ལས་ཁང་ནས་སྤྱི་ཡོངས་འོས་བསྡུའི་སྒྲིག་གཞི་ཁག་ཞིབ་འགོད་ཀྱིས་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོར་༧སྙན་འབུལ་ཆོག་མཆན་ཞུས་ཏེ་ལག་ལེན་བསྟར་རྒྱུ།
༦ འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་ཇི་ཡོད་ཀྱི་ཞིབ་འཇུག་དང༌། ཐག་གཅོད་ཆ་ཚང་འོས་བསྡུ་ལས་ཁང་ནས་བྱ་རྒྱུ་དང༌། ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མ་གཏོགས་ཁྲིམས་ཞིབ་ཁང་གཞན་ལ་ཞུ་གཏུགས་མི་ཆོག
༧ ས་གནས་སོ་སོར་འོས་བསྡུའི་ལས་དོན་དང་འབྲེལ་བའི་རྩོད་རྙོག་རིགས་ལ་ས་གནས་འོས་བསྡུ་ལས་ཁང་ནས་ཞིབ་འཇུག་ཐག་གཅོད་བྱེད་ཆོག་པ་ དང༌། ས་གནས་འོས་བསྡུ་ལས་ཁང་གིས་ཐག་གཅོད་བྱས་པར་མོས་མཐུན་མ་བྱུང་ཚེ། འོས་བསྡུ་ལས་ཁང་དུ་ཞུ་གཏུགས་ཆོག་ཅིང༌། ད་དུང་མོས་མཐུན་ཐག་གཅོད་མ་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་ཆོག་པ་ཡིན།
དོན་ཚན་གོ་བརྒྱད་པ། འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་ཐོབ།༡༩
༡ འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་ཇི་བྱས་ལྟར་འཐོབ་རྒྱུ།
༢ འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ལས་རྒྱུན་རིང་ཕོགས་ཐོབ་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ལ་གནོད་སྐྱོན་འགྲོ་བའི་སྒྱུར་བཅོས་དང༌། གཅོག་འཕྲི་མི་ཆོག
༣ འོས་བསྡུ་འགན་འཛིན་ལས་འཕར་ཞོར་ལྕོགས་ཡིན་ན་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ཐོབ་ཐང་གཞན་དག་བཅས་ཟུར་དུ་གཏན་འབེབས་མ་དགོས་ཤིང༌། མི་འགྲོ་ཟུར་བསྐོས་ཡིན་ན། ལས་ཐོན་ཕོགས་ཐོབ་མ་གཏོགས། ཕོགས་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག དེ་མཚུངས་ཆ་རྐྱེན་གཞན་དག་སྤྱི་ཁྱབ་འགན་འཛིན་དང་སྤྱི་མཚུངས་ཡིན།
དོན་ཚན་གོ་དགུ་པ། འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱི་ཡུན་ཚད།
༡ སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་འཕོ་འགྱུར་གཏོང་དགོས་པའི་གྲོས་ཆོད་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་ཆོག་མཆན་བསྩལ་ཐོན་གྱིས་འཕོ་འགྱུར་བྱ་དགོས་བྱུང་ན་ལས། དེ་མིན་ལས་རྒྱུན་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོར་ལོན་པ་གང་སྔའི་བར་ཡིན།
༢ འོས་བསྡུ་ལས་ཁང་གི་འགན་འཛིན་ནས་ལས་ཐོན་ནམ། རྒས་ཡོལ། འཕོ་འགྱུར་སོང་བའི་སྐྱེ་བོ་སུ་ཡང་གཞུང་གི་ཁེ་ཡོད་ལས་འཛིན་དུ་ཞུགས་མི་ཆོག
ལེའུ་དགུ་པ།
གཞུང་ཞབས་འདེམས་བསྐོའི་ལས་དོན།
དོན་ཚན་བརྒྱ་ཐམ་པ། གཞུང་ཞབས་འདེམས་བསྐོ་ལྷན་ཁང༌།
བཙན་བྱོལ་བོད་གཞུང་གི་འགན་འཛིན་གཞུང་ཞབས་འདེམས་བསྐོའི་སླད་རང་དབང་ལྡན་པའི་གཞུང་ཞབས་འདེམས་བསྐོ་ལྷན་ཚོགས་ཤིག་དགོས།
དོན་ཚན་བརྒྱ་དང་གཅིག འདེམས་བསྐོ་ལྷན་ཁང་གི་སྒྲིག་འཛུགས།
འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་དང༌། ཚོགས་མི་གཉིས་ནས་བཞིའི་བར་དགོས་པ་༧གོང་ས་༧སྐྱབས་མགོན་ཆེན་པོས་བསྐོ་གཞག་བསྩལ་རྒྱུ།
དོན་ཚན་བརྒྱ་དང་གཉིས། འདེམས་བསྐོ་ལྷན་ཁང་གི་འགན་དབང༌།
སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ཁྲིམས་ལུགས་གཞིར་བཟུང་གཞུང་གི་འགན་འཛིན་གཞུང་ཞབས་ཁག་འདེམས་བསྐོ་དང༌། སྦྱོང་བདར། ཐོབ་ཐང་དང་ལས་འགན་བཅས་ཀྱི་སྒྲིག་གཞི་གཏན་འབེབས་བྱ་རྒྱུ།
དོན་ཚན་བརྒྱ་དང་གསུམ། འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱེད་ཕྱོགས།
འདེམས་བསྐོ་ལྷན་ཁང་གི་ལས་དོན་བྱེད་ཕྱོགས་སྒྲིག་གཞི་ཞིབ་འགོད་ཀྱིས་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོར་༧སྙན་ཞུས་ཀྱིས་ཆོག་མཆན་བསྩལ་ཐོན་བྱུང་བ་གཞིར་བཟུང་ལག་ལེན་བསྟར་རྒྱུ།
དོན་ཚན་བརྒྱ་དང་བཞི། འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་རྣམས་ཀྱི་ཕོགས་དང༌། ཟུར་ཕོགས། མཚན་དོད། ལས་དོད།༢༠
གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་རྣམས་ཀྱི་ལས་རྒྱུན་རིང་ཕོགས་དང༌། ཟུར་ཕོགས། མཚན་དོད། ལས་དོད། ཐོབ་ཐང་གཞན་དག་བཅས་ལ་གནོད་སྐྱོན་འགྲོ་གཞིའི་བསྒྱུར་བཅོས་དང༌། གཅོག་འཕྲི་མི་ཆོག
དོན་ཚན་བརྒྱ་དང་ལྔ༌། འདེམས་བསྐོ་ལྷན་ཁང་གི་ཡུན་ཚད།
༡ འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་རྣམས་ཀྱི་ཡུན་ཚད་ལོ་ལྔའམ། རང་ལོ་དྲུག་ཅུ་རེ་ལྔ་ལོན་པ་གང་སྔའི་བར་ཡིན།
༢ སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཀྱི་མོས་མཐུན་ཐོག་བཀའ་ཤག་དང་གོ་བསྡུར་གྱིས་༧གོང་ས་ཆེན་པོར་བཀའ་འཁྲོལ་ཆོག་མཆན་ཞུས་ཏེ་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང༌། ཚོགས་མི་གང་རུང་ངམ། ཆ་ཚང་འཕོ་འགྱུར་བྱས་ཆོག
༣ འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོའི་ལས་ཁུར་ནས་ལས་ཐོན་ནམ། རྒས་ཡོལ། འཕོ་འགྱུར་སོང་བའི་སྐྱེ་བོ་སུ་ཡང་གཞུང་གི་ཁེ་ཡོད་ལས་འཛིན་དུ་ཞུགས་མི་ཆོག
ལེའུ་བཅུ་པ།
རྩིས་ཞིབ་ལས་དོན།
དོན་ཚན་བརྒྱ་དང་དྲུག རྩིས་ཞིབ་ལས་ཁང༌།
བཙན་བྱོལ་བོད་གཞུང་དང༌། གཞུང་འཛིན་གྱི་ལས་ཁུངས་མ་ལག་དང་བཅས་པའི་ཡོང་འབབ་དང༌། འགྲོ་གྲོན་ཡོད་དོ་ཅོག་དང༌། གཞུང་གི་དགོས་དངུལ་གཏོང་དགོས་ཀྱི་སྒྲིག་འཛུགས་ཚང་མར་ཁྲིམས་ལུགས་ལྟར་རྩིས་ཞིབ་ཆེད་རང་དབང་ལྡན་པའི་རྩིས་ཞིབ་ལས་ཁང་ཞིག་དགོས་པ་ཡིན།
དོན་ཚན་བརྒྱ་དང་བདུན། རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས།
༡ རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པ་༧གོང་ས་༧སྐྱབས་མགོན་ཆེན་པོས་བསྐོ་གཞག་གནང་རྒྱུ།
༢ རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ལས་ཁུར་དུ་མ་ཞུགས་གོང་ཁྲིམས་གཞིར་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་དམ་བཅའམ། ཁས་ལེན་ཞུ་དགོས།
དོན་ཚན་བརྒྱ་དང་བརྒྱད། རྩིས་ཞིབ་ལས་ཁང་གི་འགན་དབང༌།
༡ རྩིས་ཞིབ་ལས་ཁང་ནས་གཞུང་དང་གཞུང་འཛིན་ལས་ཁུངས་མ་ལག་ཁག་དང༌། གཞུང་ནས་དངུལ་གྲོན་གཏོང་ཡུལ་སྒྲིག་འཛུགས་ཡོངས་ཀྱི་ལོ་རེའི་རྩིས་ཁྲ་དང༌། བྱུང་སོང་ཁ་འཐབ་ཀྱི་མཇུག་བསྡོམས་ཁ་ཤོག་བཅས་ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་བཟོ་འགོད་བྱས་པའི་རྩིས་ཀྱི་ཡིག་ཆ་ཡོངས་རྫོགས་ལ་ཞིབ་འཇུག་དང༌། སྟངས་འཛིན། འདྲི་བརྩད་བཅས་བྱ་རྒྱུའི་འགན་དབང་ཆ་ཚང་ཡོད།
༢ རྩིས་ཞིབ་ལས་ཁང་གི་འགན་དབང་དང༌། རྩིས་ཞིབ་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞིབ་གསལ་སྤྱི་འཐུས་ལྷན་ཁང་ནས་གཏན་འབེབས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོར་སྙན་སེང་ཆོག་མཆན་ཞུས་ཏེ་ལག་ལེན་བསྟར་རྒྱུ།
༣ དངུལ་རྩིས་ཀྱི་ལོ་འཁོར་མཇུག་བསྡོམས་ཟིན་པའི་གཏན་འབེབས་དུས་ཚེས་ནས་ཟླ་བ་བདུན་གྱི་ནང་ཚུན་རྩིས་ཞིབ་ཟིན་པ་བྱས་ཏེ་དག་མཆན་འཁོད་པའི་རྩིས་ཁྲ་དང༌། རྩིས་ཞིབ་སྙན་ཐོ་བཅས་འབྲེལ་ཡོད་ལས་ཁུངས་སོ་སོར་ཕྱིར་སྤྲོད་དགོས་རྒྱུ་་ དང༌། འབྲེལ་ཡོད་ལས་ཁུངས་སོ་སོས་དག་མཆན་འཁོད་པའི་རྩིས་ཁྲ་དང་རྩིས་ཞིབ་སྙན་ཐོར་གསལ་བཤད་དང་སྦྲགས་དངུལ་རྩིས་ལོ་མཇུག་བསྡོམས་པ་ནས་ཟླ་བ་དགུའི་ནང་ཚུན་སྤྱི་འཐུས་ལྷན་ཚོགས་སུ་ཕུལ་ཟིན་པ་དགོས།
དོན་ཚན་བརྒྱ་དང་དགུ། རྩིས་ཞིབ་སྤྱི་ཁྱབ་ཀྱི་ཕོགས་ཐོབ།
༡ རྩིས་ཞིབ་སྤྱི་ཁྱབ་ཀྱི་ཕོགས་དང༌། ཟུར་ཕོགས། ལས་ཐོན་ཕོགས་ཐོབ་དང༌། ཐོབ་ཐང་གཞན་དག་བཅས་སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ལུགས་གཏན་འབེབས་བྱས་པ་ལྟར་འཐོབ་རྒྱུ།
༢ རྩིས་ཞིབ་སྤྱི་ཁྱབ་ཀྱི་ལས་རྒྱུན་རིང་ཕོགས་དང༌། ཟུར་ཕོགས། ཐོབ་ཐང་གཞན་དག་བཅས་ལ་གནོད་སྐྱོན་འགྲོ་གཞིའི་སྒྱུར་བཅོས་དང་གཅོག་འཕྲི་མི་ཆོག
དོན་ཚན་བརྒྱ་དང་བཅུ། རྩིས་ཞིབ་སྤྱི་ཁྱབ་པའི་ཡུན་ཚད།
༧གོང་ས་༧སྐྱབས་མགོན་ཆེན་པོས་བཀའ་ཤག་ལ་བཀའ་བསྡུར་དང་འབྲེལ་འཕོ་འགྱུར་གཏོང་དགོས་ཀྱི་གནས་ཚུལ་བྱུང་བ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་གྱི་ལས་ཁུར་ཕྱིར་འཐེན་དགོས་པའི་གྲོས་ཆོད་ལ་༧གོང་ས་༧སྐྱབས་མགོན་ཆེན་པོའི་ཆོག་མཆན་ཞུས་ཏེ་འཕོ་འགྱུར་བྱ་དགོས་བྱུང་ན་མ་གཏོགས་ཡུན་ཚད་ལོ་བཅུའམ། རང་ལོ་དྲུག་ཅུ་རེ་ལྔ་ལོན་པ་གང་སྔའི་བར་ཡིན།
ལེའུ་བཅུ་གཅིག་པ།
བཅའ་ཁྲིམས་བསྐྱར་བཅོས་དང༌།
བར་བརྒལ་གྱི་ཆ་རྐྱེན།
དོན་ཚན་བརྒྱ་དང་བཅུ་གཅིག བཅའ་ཁྲིམས་བསྐྱར་བཅོས།
༡ བཅའ་ཁྲིམས་འདིའི་ལེའུ་དང་པོའི་དོན་ཚན་གསུམ་པ་དང་བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཡོངས་རྫོགས། ལེའུ་བཞི་པའི་དོན་ཚན་བཅུ་དགུ་པ་བཅས་ཕུད། དེ་མིན་དོན་ཚན་གང་རུང་ལ་སྣོན་འཕྲི་བསྐྱར་བཅོས་དགོས་གལ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གཏན་འབེབས་བྱས་པའི་ཁྲིམས་ཡིག་འཆར་ཟིན་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་ཆོག་མཆན་གནང་བའི་ཁྲིམས་ལུགས་ཀྱི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ།
༢ ལེའུ་དང་པོའི་དོན་ཚན་གསུམ་པ་དང་བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཁག ལེའུ་བཞི་པའི་དོན་ཚན་བཅུ་དགུ་པ་བཅས་ལ་བསྐྱར་བཅོས་དགོས་པ་བྱུང་ཚེ། སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་བཞི་ཆ་གསུམ་ཡན་གྱིས་མོས་མཐུན་བྱས་པའི་ཁྲིམས་ཡིག་འཆར་ཟིན་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་ཆོག་མཆན་གནང་བའི་ཁྲིམས་ལུགས་ཀྱི་སྒོ་ནས་བསྐྱར་བཅོས་བྱེད་ཆོག
དོན་ཚན་བརྒྱ་དང་བཅུ་གཉིས། མང་ཚོགས་འོས་བསྡུ་ཐག་གཅོད།
༧གོང་ས་༧སྐྱབས་མགོན་ཆེན་པོས་དགོས་གལ་གཟིགས་ཚེ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་ཡིག་འཆར་ཟིན་དེར་མང་ཚོགས་ནས་མང་མོས་ཐག་གཅོད་འོས་བསྡུ་བྱ་དགོས་ཀྱི་བཀའ་ཁྱབ་བསྩལ་འཐུས་དང༌། ཚད་ལྡན་གྱི་འོས་ཤོག་ངོ་ཡོད་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་བྱུང་ན་ལས། དེ་མིན་བསྐྱར་བཅོས་མ་དགོས་པར་ཆ་འཛིན་མཛད་རྒྱུ།
དོན་ཚན་བརྒྱ་དང་བཅུ་གསུམ། བར་བརྒལ་གྱི་ཆ་རྐྱེན།
བཅའ་ཁྲིམས་འདི་བཞིན་འགོ་འཛུགས་ལག་བསྟར་མ་བྱས་གོང་གི་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ལས་དོན་དང༌། གཞུང་གི་སྒྲིག་འཛུགས་ཐག་གཅོད་ལག་ལེན་ཟིན་པ་རྣམས་བཅའ་ཁྲིམས་འདིའི་དོན་གནད་ཁག་དང་མི་མཐུན་པར་ཁག་དཀྲི་བྱས་ཏེ་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་མི་ཆོག
དོན་ཚན་བརྒྱ་དང་བཅུ་བཞི། སྒྲིག་འཛུགས་བསྐྱར་བཅོས།
བཅའ་ཁྲིམས་འདིའི་དོན་གནད་གང་རུང་ནང་གསལ་སྒྲིག་འཛུགས་དང༌། ལས་དོན་བསྐྱར་བཅོས་བྱ་དགོས་རིགས་བཅའ་ཁྲིམས་འདི་འགོ་འཛུགས་བྱས་པའི་དུས་ཚེས་ནས་ཉིན་དགུ་བཅུའི་ནང་ཚུན་འགོ་འཛུགས་ཟིན་པ་དགོས།
དོན་ཚན་བརྒྱ་དང་བཅོ་ལྔ༌། སྐད་ཡིག་ཚད་འཛིན།
དབྱིན་ཡིག་དང༌། སྐད་ཡིག་གཞན་ཐོག་གཞུང་འབྲེལ་ཕབ་བསྒྱུར་བྱས་པའི་བཅའ་ཁྲིམས་ཀྱི་ཡིག་ཆ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པ་དེ་དག་བསྒྱུར་ཡིག་ཚད་ལྡན་དུ་ཆ་འཇོག་བྱ་རྒྱུ། འོན་ཀྱང་ཚིག་དོན་འགྲེལ་བརྗོད་བྱ་ཚུལ་ལ་རྩོད་གླེང་བྱུང་ཚེ་བོད་ཡིག་ཐོག་བྲིས་པའི་ཡིག་གཞིར་རྩ་འཛིན་བྱ་རྒྱུ་བཅས་སོ།།
བསམ་ཚུལ་འབྲི།
