ཨ་སྒོར་གཅིག་སྟོང་རེ་བོད་གཞུང་ལ་གཏོང་རོགས།
འདོན་སྤེལ། ༢༠༡༠/༡༠/༠༣
བཙན་བྱོལ་སྤྱི་ཚོགས་ཁྲོད་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་འདེམས་ཀྱི་ལས་གཞི་ཚ་ཚ་འུར་འུར་བྱེད་ཀྱི་པའི་སྒང་འདིར་གནད་དོན་བྱེ་བྲག་པ་ཁག་ཅིག་གི་ཐོག འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཁྲིམས་རྩོད་པ་བློ་བཟང་སེངྒེ་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། འདས་པའི་ཟླ་འགའི་རིང་སྐུ་ཉིད་བཀའ་བློན་ཁྲི་པའི་བགྲོ་གླེང་མང་དག་ཅིག་ནང་མཉམ་ཞུགས་གནང་ཡོད། སྐུ་ཉིད་ཀྱིས་གཟིགས་ཚུལ་ལ་མང་ཚོགས་ནང་ཁྱེད་ལ་དགའ་བསུ་བྱེད་ཕྱོགས་དང་ཁྱེད་རང་སྐབས་རྗེས་མའི་བཀའ་ཁྲིར་བསླེབ་རྒྱུར་རེ་བ་གང་འདྲ་ཞིག་མཐོང་གི་འདུག
ལན། དེ་གཙོ་བོ་མི་མང་ལ་རག་ལས་གི་རེད། གཞི་རྩའི་ཆ་ནས་ང་རང་བཀའ་བློན་ཁྲི་པར་འཛུལ་ཞུགས་བྱེད་དོན། དང་པོ། ༧གོང་ས་མཆོག་གི་ཞབས་ཞུ་བསྒྲུབ་རྒྱུ་དང་། གཉིས་པ་རྒྱ་ནག་གཞུང་ལ་བརྡ་གཏོང་རྒྱུ་དེ་རེད། དཔེར་ན། མི་རབས་རྒན་པ་མ་བཞུགས་པའི་སྐབས་སུ་མི་རབས་གསར་བས་འགན་འཁུར་གི་རེད་ལ། ང་ཚོས་འཐབ་རྩོད་བྱ་རྒྱུར་མུ་མཐུད་དེ་ལོ་ལྔ་བཅུར་རྩོད་དགོས་ཀྱང་རྩོད་རྒྱུ་ཡིན་ཞེས་བརྡ་གཏོང་རྒྱུ་དེ་རེད། གསུམ་པ། བོད་ནང་གི་གཞིས་ལུས་མི་མང་ཚོར་ང་ཚོར་མང་གཙོའི་ལམ་ལུགས་ཡོད་བཞིན་པ་དེ། བོད་ནང་གི་མི་སེར་སྤེལ་བའི་ལམ་ལུགས་ལས་ལེགས་པ་དང་བོད་ནང་གི་བོད་མིར་རེ་བ་དང་ཡིད་ཆེས། སྙིང་སྟོབས་སྤར་ཆེད་ཡིན། བཞི་བ། བཙན་བྱོལ་གྱི་མང་གཙོ་གཞི་བརྟན་དུ་གནས་ཚེ་བོད་མིའི་རྩ་དོན་རྩོད་པའི་སྒྲིག་འཛུགས་བརྟན་པོ་ཆགས་གི་རེད། དེར་བརྟེན་ང་རང་ཉིད་བཀའ་ཁྲིའི་འོས་གཞིའི་ནང་འཛུལ་ཞུགས་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་མང་གཙོ་གཞི་བརྟན་གནས་ཆེད་ཡིན་སྟབས། ཉེ་ཆར་བགྲོ་གླེང་བྱས་ཏེ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཀྱིན་འདུག སྤྱིར་མི་སུ་ལ་འོས་ཐོབ་དང་མ་ཐོབ། མང་ཚོགས་ཀྱིས་སུ་གདམ་ཀ་བྱས་མ་བྱས་དེ་ཟླ་ ༡༠ ཚེས་ ༣ ཉིན་ཐག་ཆོད་ཀྱི་ཡོད་སྟབས། དེའི་བར་དུ་བསྒུག་དགོས།
དྲི་བ། མི་ལོ་ ༥༠ རིང་གི་ཤེས་ཡོན་སྲིད་ཇུས་ཀྱི་གྲུབ་འབྲས་ཐད་དུ་གཟིགས་ཚུལ་གང་འདྲ་ཞིག་ཡོད་པ་དང་། མ་འོངས་པར་བཙན་བྱོལ་གྱི་གཞོན་སྐྱེས་ཚོ་ཡིག་རྨོངས་སེལ་བ་ཙམ་མིན་པར་ཤེས་ཡོན་ཐོག་རང་སྐྱ་འཕེར་ཆེད། སྐུ་ཉིད་ལ་ཤེས་ཡོན་སྲིད་ཇུས་ཐད་ལངས་ཕྱོགས་གསར་བ་འདྲ་ཡོད་དམ།
ལན། བོད་གཞུང་འཆར་འགོད་ལྷན་ཁང་གིས་ཉེ་ཆར་ལོ་གཉིས་ནང་མི་མང་ལ་བསམ་འཆར་བསྡུ་ལེན་བྱས་པ་ཕྱོགས་བསྡོམས་བྱས་པའི་ནང་བཙན་བྱོལ་དུ་སླེབས་ནས་ལོ་ལྔ་བཅུ་ཕྱིན་སྐབས་འདིར། ལོ་ལྔ་བཅུའི་མར་འདབས་ཀྱི་བོད་མིའི་གྲངས་འབོར་ནང་དུ་ཡི་གེ་འབྲི་ཀློག་ཐུབ་མཁན་བརྒྱ་ཆ་བརྒྱད་ཅུ་མ་ཟིན་ཙམ་ཆགས་འདུག དེ་བཙན་བྱོལ་གྱི་ཡི་གེ་ཤེས་པའི་གྲངས་འབོར་གནས་སྟངས་རེད་ལ། ངས་ཤེས་ཚོད་ལྟར་བྱས་ན་རྒྱ་གར་ནང་དུ་ཡི་གེ་འབྲི་ཀློག་ཐུབ་པའི་གྲངས་འབོར་བརྒྱ་ཆ་དྲུག་ཅུའི་ནང་དང་། རྒྱ་ནག་ལ་བདུན་ཅུ་དོན་གྲངས་དང་བོད་ནང་ཁུལ་དུ་ལྔ་བཅུའི་ནང་བཅས་ཡིན་སྙམ། དེར་བལྟས་ན་བཙན་བྱོལ་དུ་དངོས་གནས་ཤེས་ཡོན་ཐོག་གྲུབ་འབྲས་ཆེན་པོ་ཐོན་ཡོད་བསམ་གི་འདུག
ཡིན་ནའང་། འགག་ས་དེ་གང་དུ་འགག་ཡོད་དམ་ཟེར་ན། སྤྱིར་གཞོན་སྐྱེས་སྤྱི་བྱིངས་ཀྱིས་གཞི་རིམ་གྱི་སློབ་གྲྭའི་ནང་སློབ་སྦྱོང་བྱས། འཛིན་གྲྭ་བཅུ་གཉིས་ཐོན་པ་དང་མཐོ་སློབ་འགྲིམ་སྐབས་སློབ་ཕྲུག་ཉུང་དུ་ཕྱིན། དེའི་སྟེང་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་བྱེད་མཁན་དེ་བས་ཀྱང་ཉུང་དུ་འགྲོ་གི་ཡོད་སྟབས། ང་ཚོས་རིགས་གཅིག་རྐང་འཛིན་པ་དང་ཆེད་ལས་པར་དམིགས་བསལ་གྱིས་དོ་སྣང་བྱ་དགོས་པ་གལ་ཆེན་པོ་ཡིན། ང་རང་ཉིད་ཡིན་ནའང་སྔོན་མ་ནང་མི་གང་ཡང་མེད་མཁན་ཞིག་གི་ཕྲུ་གུ་ཡིན་ནའང་། སློབ་སྦྱོང་དང་ཤེས་ཡོན་རང་གི་ཆེད་དུ་ཨུ་ཚུགས་བརྒྱབ་སྟེ་ད་ལྟ་རང་ཉིད་ཀྱི་རྐང་བའི་སྒང་ནས་ལངས་ཐུབ་པ་དེ་ཤེས་ཡོན་གྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད།
དེར་བརྟེན། དངོས་གནས་དྲང་གནས་ཤེས་ཡོན་གྱི་སྟེང་དུ་དམིགས་བསལ་གྱིས་འབད་བརྩོན་བྱ་རྒྱུའི་རེ་བ་ཡོད་ལ། དེའི་སྟེང་དུ་ང་རང་ཉིད་སྒེར་ངོས་ནས་ལས་ཀ་ཕྲན་ཚེགས་རེ་བྱས་པའི་ཉམས་མྱོང་ཕྲན་བུ་ཡོད་སྟབས། དམིགས་བསལ་བྱ་རྒྱུ་ཡོད། སྤྱི་ཡོངས་ནས་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་པ་དགོས་ཀྱི་ཡོད་ཚེ་དབྱིན་ཡིག་གི་ཨང་རྩིས་ཚན་རིག་ཡར་རྒྱས་གཏོང་དགོས་པ་རེད། ད་ལྟའི་ང་ཚོའི་ཤེས་ཡོན་འགྲོ་སྟངས་ཡག་པོ་ཡོད་པ་གང་ཞིག་ལ་མང་ཆེ་བ་སྤྱི་ཚོགས་ཚན་རིག་ཁག་ལ་འཛུལ་ཞུགས་མང་བ་བྱས་པ་མ་གཏོགས། འཛིན་གྲྭ་བཅུ་གཉིས་ཐོན་ཡོང་སྐབས་ཚོང་དང་ཚན་རིག་ཐོག་མཐོ་སློབ་ཐོན་ཡོང་མཁན་ཉུང་ཤོས་རེད། དེར་བརྟེན་དབྱིན་ཇིའི་ཨང་རྩིས་དང་ཚན་རིག་སྟེང་དམིགས་བསལ་འབད་བརྩོན་བྱས་ཚེ་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་པ་མང་དུ་ཐོན་རྒྱུའི་རེ་བ་འདུག་སྙམ།
གཞི་རྩའི་བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་གལ་ཆེན་པོ་རེད། དེ་བཞིན་བོད་སྐད་དེ་གལ་ཆེན་པོ་རེད་ལ་དེ་དག་མ་བརླག་པ་བྱ་རྒྱུ་དེ་ཡང་གལ་ཆེན་པོ་རེད། དེ་དང་མཉམ་དུ་ཚན་རིག་དང་ཨང་རྩིས་ཤེས་ཡོང་དུས་ཆེད་ལས་པ་ཆགས་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད།
དྲི་བ། གལ་སྲིད་སྐུ་ཉིད་སྐབས་རྗེས་མའི་བཀའ་ཁྲིར་འོས་ཐོབ་ཚེ་ངྷ་ས་དང་ལྡི་ལི། བལ་ཡུལ་སོགས་སུ་བོད་ནས་གསར་དུ་འབྱོར་ཞིང་། ལས་ཀ་དང་འཚོ་གནས་སོགས་ཀྱི་ཐད་དུ་ཧ་ཅང་གི་དཀའ་ཚེགས་ཆེན་པོ་ཡོད་མཁན་མང་བོ་ཡོད་སྟབས། དེའི་ཐད་དུ་ཐུགས་དགོངས་འདྲ་བཞེས་ཀྱི་ཡོད་དམ།
ལན། དེ་ལྟ་བུའི་དཀའ་ངལ་ཡོད་པ་དེ་ངས་གསལ་བོར་ཤེས་ཀྱི་ཡོད། གང་ཡིན་ཟེར་ན་ང་རང་ཉིད་ལ་བོད་ནས་སྤུན་མཆེད་མང་བོ་བསླེབས་བསྡད་ཡོད།དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་བྱེད་བཞིན་པ་དང་ངྷ་ས་སོགས་སུ་ལས་ཀ་ཙག་ཙིག་བྱས་ནས་སྡོད་མཁན། ཚོགས་པ་ཁག་ཏུ་ལས་ཀ་བྱེད་མཁན་སོགས་མང་བོ་ཡོད། ང་རང་ཉིད་ཀྱི་ནང་མིའི་གནས་སྟངས་ཐོག་ནས་རྒྱུས་ཡོད་ཡིན་སྟབས་དེ་དག་ལ་དམིགས་བསལ་གྱིས་གཞུང་ངོས་ནས་མཐུན་འགྱུར་རོགས་རམ་གནང་སྟེ། འཚོ་བ་སྐྱེལ་སྟངས་དང་རབ་བྱུང་ན་གཞིས་ཆགས་ཁག་ཏུ་གཞིས་ཆགས་སུ་གནས་ཆེད་ཁང་པ་རྒྱག་པ་དང་ས་ཞིང་སྟེར་བ།ཚོང་རྒྱག་ཆེད་མ་རྩ་ཕྲན་བུའམ་སྐྱེད་ཀ་འབུལ་བ་ལྟ་བུ་སོགས་ཀྱི་ཐད་ནས་ལྟ་རྟོག་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན། ཁོང་ཚོ་མང་བོ་ཞིག་ཕ་མ་དང་སྤུན་མཆེད་སོགས་ཕ་གིར་བཞག་སྟེ་བཙན་བྱོལ་དུ་ཕེབས། མང་བོ་ཞིག་སེམས་ཤུགས་རང་གི་ཐོག་ནས་སློབ་སྦྱོང་བྱེད་གི་ཡིན་བསམ་བསམ་དང་ཆོས་བྱེད་ཀྱི་ཡིན་བསམ་བསམ། འདིར་བསླེབ་རྗེས་གནས་སྟངས་ཡག་ཏུ་ཕྱིན་ན་བསམ་བསམ་བཅས་ཡོང་གི་ཡོད་སྟབས། འདིར་འབྱོར་རྗེས་བོད་གཞུང་གིས་གཟིགས་རྟོག་བྱ་རྒྱུ་གལ་ཆེན་པོ་རེད་ལ། ང་རང་ཉིད་དེའི་རིགས་ལ་རྒྱུས་ཡོད་ཡིན་སྟབས་ཁོང་ཚོའི་གནས་སྟངས་ཤེས་ཀྱི་ཡོད་ལ་གང་ཐུབ་ཅི་ཐུབ་བྱ་རྒྱུ་ཡིན།
དྲི་བ། ༢༠༠༨ ལོའི་བོད་ནང་གི་ཞི་བའི་ངོ་རྒོལ་སྐབས་བོད་གཞིས་ཀྱི་ས་ཁུལ་ཁག་ཚང་མར་གཅིག་གྱུར་གྱི་འབོད་ཚིག་ཅིག་བྱུང་བ་ནི། ༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་དགོས་ཞེས་པ་ཡིན་ལ། དེང་སྐབས་བཙན་བྱོལ་དུའང་བོད་མི་མང་བོ་ཞིག་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་ཕྱིར་བོད་དུ་ཕེབས་དགོས་པ་གནད་འགག་ཆེན་པོ་རེད་གསུང་གི་འདུག དེའི་ཐད་དུ་དགོངས་ཚུལ་ཅི་ཡོད།
ལན། དེ་ངས་བསམ་ཚུལ་ལྟར་བྱས་ན་གཙོ་བོ་༧གོང་ས་མཆོག་གི་དགོངས་ཚུལ་རང་ལ་རག་ལས་གི་རེད། བཀའ་བློན་ཁྲི་པའི་འགན་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་གཞིར་བཞག་གི་ཐོག་ནས་ཕྱག་ལས་གནང་དགོས་ཀྱི་ཡོད་སྟབས། ༧གོང་ས་མཆོག་གི་དགོངས་གཞིའི་ནང་གང་ཡོད་ནའང་དེ་གཞིར་བཞག་གི་ཐོག་ཕྱག་ལས་གནང་རྒྱུ་དང་། དམིགས་བསལ་ཁོང་བོད་དུ་ཕེབས་རྒྱུའི་ཐད་ཁོང་གི་ཐུགས་དགོངས་སུ་ག་རེ་ཡོད་མེད་གཞིར་བཟུང་འགྲོ་དགོས་ཆགས་གི་རེད།
ངས་གོ་ཐོས་བྱུང་བ་ལྟར་ན། ༧གོང་ས་མཆོག་རྒྱ་ནག་ཏུ་གནས་གཟིགས་དང་སྐྱེ་རྒུ་མདོར་ས་ཡོམ་ཆེན་པོ་བྱུང་སྐབས་མི་མང་བོའི་ཚེ་སྲོག་ཤོར་ཡོད་སྟབས།སྐབས་དེར་བོད་དུ་ཕེབས་འདུན་ཡོད་སྐོར་གསུངས་པ་མ་གཏོགས་དེ་སྔ་གནས་ཚུལ་གཞན་གྱི་ཐོག་ནས་བོད་དུ་ཕེབས་གི་ཡིན་གསུངས་པ་དྲན་གི་མི་འདུགདེར་བརྟེན་དེའི་སྟེང་དུ་དམིགས་བསལ་ཞུ་རྒྱུ་གང་ཡང་མི་འདུག གཙོ་བོ་ཁོང་ལ་དགོངས་ཚུལ་གང་ཡོད་པ་དེར་རག་ལས་གི་རེད།
དྲི་བ། སྐུ་ཉིད་ཀྱིས་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་བཅས་མ་འོངས་པའི་བཀའ་ཁྲིར་ཕྱག་ལས་གལ་ཆེན་པོ་གསུམ་གནང་རྒྱུ་ཡོད་སྐོར་གསུང་གི་འདུག་མོད། རང་མགོ་རང་ཐོན་བྱ་རྒྱུར་བཙན་བྱོལ་དུ་སོ་ནམ་ཞིང་ལས་དང་སིལ་ཚོང་རྒྱག་པ་ལྟ་བུ་ཙམ་གྱིས་ཡོང་གི་མེད་པ་གསལ་བོ་རེད། དེར་བརྟེན་མ་འོངས་པར་རང་མགོ་རང་ཐོན་བྱ་རྒྱུར་ཁེ་ལས་བཟོ་གྲྭ་ཆེན་པོ་ལྟ་བུའི་རིགས་གཉེར་རམ། ཡང་ན་དཔལ་འབྱོར་འཚོལ་བསྒྲུབ་ཀྱི་བྱེད་ཐབས་གཞན་ཡོད་དམ།
ལན། ངས་བཤད་པ་ལྟར་ཆིག་སྒྲིལ་ནི་སྡིངས་ཆ་རེད། ཆིག་སྒྲིལ་མེད་ན་རྩ་དོན་རྩོད་པའི་གཞི་ཡང་མེད་སྟབས་ཆིག་སྒྲིལ་ངེས་པར་དུ་དགོས་ཀྱི་ཡོད། སྒྲུབ་ཕྱོགས་དེ་གསར་གཏོད་རེད། ད་ལྟའི་བར་དུ་བོད་གཞུང་གི་ཕྱག་ལས་གནང་བཞག་པ་ལེགས་པ་དང་དོན་དག་འགྲུབ་པ། ནུས་པ་ཐོན་པ་དག་མུ་མཐུད་དེ་གནས་དགོས་ཀྱི་ཡོད་ལ། ཆད་པ་དང་ལྷག་པ། འགག་པ་སོགས་ཡོད་ན་དེང་དུས་དང་བསྟུན་ནས་གསར་གཏོད་དང་ནུས་པ་ཐོན་པ། ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་རེད།
ངས་རང་མགོ་རང་ཐོན་ཟེར་དུས་ག་རེ་ཞུ་གི་ཡོད་ཟེར་ན། ལོ་ལྔ་བཅུའི་སྔོན་དུ་ང་ཚོའི་སྤོ་རྨོ་དང་ཕ་མ་ཚོ་རྒྱ་གར་དུ་ཐོག་མར་ཕེབས་སྐབས་སྐད་མ་ཤེས་པ་དང་ཡི་གེ་མ་ཤེས་པའི་ཐོག་ནས་མི་ལ་མ་རེ་ག་མེད་ཆགས་ཡོད། ཡིན་ནའང་། ལོ་ལྔ་བཅུའི་རྗེས་ནས་ང་ཚོས་སྐད་ཤེས་གི་མི་འདུག ཡི་གེ་ཤེས་གི་མི་འདུགའགྲོ་སྟངས་ཤེས་གི་མི་འདུག་ཟེར་ས་གཏན་ནས་ལྷག་མེད་སྟབས། རིམ་གྱིས་རང་མགོ་རང་ཐོན་བྱ་རྒྱུའི་ལམ་དུ་འགྲོ་དགོས། རང་མགོ་རང་ཐོན་བྱ་རྒྱུར་གཞུང་རང་ལ་བལྟས་མ་བསྡད་པར་སྒེར་ངོས་ནས་ཀྱང་རང་མགོ་རང་ཐོན་བྱ་དགོས་ཀྱི་ཡོད་ལ། སློབ་ཕྲུག་ཚོས་སློབ་སྦྱོང་ཐོག་ག་རེ་བྱེད་ཐུབ་ཀྱི་འདུག རང་མགོ་རང་ཐོན་བྱ་རྒྱུ་ག་རེ་འདུག དེ་བཞིན་མང་ཚོགས་ཀྱིས་ག་རེ་བྱ་དགོས་ཀྱི་འདུག དེར་ལྟ་དགོས། དེ་ལྟར་སྤྱི་ཚོགས་དང་ཁོར་ཡུག་གནས་སྟངས་ཀྱི་ཆ་ནས་ཀྱང་རང་མགོ་རང་ཐོན་གྱི་ཕྱོགས་སུ་ཕྱིན་ཚེ་ཕུགས་བརྟན་པོ་ཡོང་གི་རེད།
དེར་བརྟེན་དཔལ་འབྱོར་ཐོག་ནས་ཡིན་ཡིན་པ་རེད། ཞིང་ཁ་གཉེར་བ་དང་སིལ་ཚོང་རྒྱག་པ་ཙམ་གྱིས་རང་མགོ་རང་ཐོན་ཡོང་གི་མེད་པ་གསལ་བོ་རེད།ཡིན་ནའང་། གཙོ་བོ་བྱེད་ཐབས་གསར་བ་ག་རེ་ཡོད་ཟེར་ན། དེང་སྐབས་ཕྱི་རྒྱལ་དུ་ཡོད་པའི་མི་མང་བོ་ཞིག་གིས་དངུལ་བསོགས་ཏེ་གཞིས་ཆགས་ཁག་ཏུ་ཡོད་པའི་ཕ་མ་སྤུན་སྲིང་རྣམས་ལ་བཏང་ཡོང་གི་ཡོད། དེ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་རེད། བལ་ཡུལ་ལྟ་བུ་ཡིན་ནའང་ཉུང་མཐར་ཡང་ཐེར་འབུམ་གཅིག་དང་ཕྱེད་ཀ་ནས་ཐེར་འབུམ་གཉིས་ཙམ་ཕྱི་རྒྱལ་དུ་ཡོད་པའི་མིས་ཕྱིར་རང་གི་ཕ་མ་སྤུན་སྲིང་དང་རྒྱལ་ཁབ་ལ་བསྐུར་ཡོང་གི་ཡོད། དེ་བཞིན་འབྲུག་ནང་དུའང་འབྲུག་པ་ཕྱི་རྒྱལ་དུ་ཉུང་ཉུང་ཞིག་མ་གཏོགས་མེད་ནའང་། ངས་ཤེས་ཚོད་ལྟར་བྱས་ན་ལོ་གཅིག་ནང་དུ་ཧིན་སྒོར་ས་ཡ་བརྒྱད་ཅུ་དགུ་བཅུ་ལྷག་ཡོང་བསྡད་ཀྱིན་ཡོད། དེ་བཞིན་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ལའང་དུང་ཕྱིར་འགའ་ཤས་ཏན་ཏན་ཡོང་གི་ཡོད། དེའི་ཐོག་ནས་ལྟ་རྒྱུ་གཅིག་ཡོད།
གཉིས་པ། ཤེས་ཡོན་སློབ་གསོའི་སྟེང་དུ་མ་རྩ་ཤུགས་ཆེན་པོ་ཞིག་བཏང་སྟེ་ཤེས་ཡོན་ཡར་རྒྱས་གཏོང་ཐུབ་ཚེ། རིམ་གྱིས་བཙན་བྱོལ་སྤྱི་ཚོགས་ཁྲོད་ཆེད་ལས་པ་དང་རིགས་གཅིག་རྐང་འཛིན་བྱེད་མཁན། ལས་ཀ་ཡག་པོ་ཡོད་མཁན་མི་ཁྲི་གཅིག་ལྟ་བུ་བྱུང་ན། ཨ་རི་ལྟ་བུ་ཡིན་ན་ཆེད་ལས་པར་ཕོགས་ཆེན་པོ་ཡོད།དེར་བརྟེན་མི་རེ་རེས་ཨ་སྒོར་སྟོང་རེའི་ཞལ་འདེབས་བརྒྱབ་ཚེ་བོད་གཞུང་ལ་ལོ་གཅིག་ནང་ས་ཡ་གཅིག་ཡོང་གི་ཡོད།
ད་ལྟ་བོད་གཞུང་གི་འཛིན་སྐྱོང་གི་འགྲོ་སོང་དེ་ས་ཡ་བདུན་དང་བརྒྱད་ཡས་མས་རེད། དེར་བརྟེན་ལོ་གཅིག་ལ་ས་ཡ་གཅིག་བྱུང་ན་གཞུང་རང་མགོ་རང་ཐོན་ཡོང་གི་རེད། དེ་བཞིན་ཆེད་ལས་པ་མང་བོ་བྱུང་ན་རང་གི་ཕ་མ་མིང་སྲིང་ལའང་ལྟ་རྟོག་བྱེད་ཐུབ་གི་རེད། གཞིས་ཆགས་ཁག་ནང་དུའང་བཟོ་གྲྭ་ཆེན་པོ་འཛུགས་རྒྱུར་རེ་བ་བྱེད་དགོས་ཀྱི་ཡོད་ནའང་། གཙོ་བོ་མཐུན་རྐྱེན་སྦྱོར་དགོས་པ་དང་ལམ་ཁ། གློག་དང་ཆུ་སོགས་ཀྱི་མཐུན་རྐྱེན་འདང་དགོས་ཀྱི་ཡོད།གལ་སྲིད་དེ་ལྟར་མེད་ནའང་། གཞིས་ཆགས་ཁག་ནང་ས་ཆ་ཡོད་བསྡད་པ་དག་ཤིང་ཏོག་དང་རིན་ཐང་བྲལ་བའི་ཤིང་སྡོང་འདེབས་འཛུགས་བྱེད་པ། སུམ་མདོ་ཁག་ཏུ་ཚོང་ཁང་འཛུགས་པ། ཁ་པར་ལྟེ་གནས་འཛུགས་རྒྱུ་སོགས་ལ་འབད་བརྩོན་བྱ་དགོས་པ་རེད། སྤྱིར་གྲོང་གསེབ་ནས་གྲོང་ཁྱེར་དུ་འགྲོ་བ་དང་གྲོང་ཁྱེར་ནས་ཕྱི་རྒྱལ་དུ་འགྲོ་རྒྱུར་འགོག་ཐུབ་ཀྱི་མེད་ལ། རིམ་གྱིས་འགྲོ་གི་རེད་བསམ་གི་འདུག ཡིན་ནའང་། གཞིས་ཆགས་ཁག་ཏུ་ཡོད་བཞིན་པའི་བོད་མི་ཚོར་འཚོ་བ་སྐྱེལ་སྟངས་ཤིག་བཟོ་ཐུབ་པ་བྱུང་ཚེ། གཞིས་ཆགས་སྲ་བརྟན་ཡོང་རྒྱུ་དང་རིམ་གྱིས་རང་མགོ་རང་ཐོན་ཡོང་རྒྱུའི་ལམ་ཞིག་ཤར་ཡོང་གི་རེད།
འོན་ཀྱང་། ངས་ལོ་ལྔའི་ནང་དུ་རང་མགོ་རང་ཐོན་འགྲུབ་གི་རེད་ཟེར་ནས་རྩ་བ་ནས་ཞུ་གི་མེད། དེ་ལྟ་བུའི་ཁོར་ཡུག་བཟོས་པ་དང་ལངས་ཕྱོགས་དེའི་སྟེང་དུ་ཕྱིན་ཚེ། སྔོན་མ་ང་ཚོས་རོགས་ཚོགས་དང་རོགས་རམ་ཞུས་བཞག་པ་དག་ཀྱང་མི་དགོས་ཟེར་གྱི་མེད་པར་མུ་མཐུད་དེ་ཞུ་དགོས་མོད། གལ་སྲིད་རོགས་ཚོགས་དང་རོགས་རམ་ཆད་པའི་སྐབས་རེ་འབྱུང་ངེས་ཚེ། བཙན་བྱོལ་བོད་གཞུང་མགོ་ལུགས་པ་དང་བོད་ཀྱི་རྩོ་དོན་རྩོད་པའི་གནས་སྟངས་ཀྱང་མགོ་ལུགས་པ་ལྟ་བུ་བྱུང་ན་ཐབས་སྐྱོ་བོ་ཆགས་ཀྱི་ཡོད་སྟབས། དེ་མ་ཆགས་པའི་ཆེད་དུ་རོགས་རམ་ཆད་དུས་རང་གི་རྐང་བའི་སྟེང་སྲ་ཐག་ཐག་ལངས་ཐུབ་པ་དང་རྩ་དོན་རྩོད་པའི་སྒྲིག་འཛུགས་མུ་མཐུད་ལོ་ལྔ་བཅུར་གནས་ཐུབ་ན། ང་ཚོར་རྩ་དོན་རྩོད་པའི་མ་རྩ་ལྟ་བུ་ཡོད་སྟབས་ང་ཚོ་ལ་མུ་མཐུད་དེ་རེ་བ་ཡོང་གི་ཡོད། ཅེས་གསུངས།
གསར་འགོད་པ། ཨ་རིག་འགྱུར་མེད།