ཨ་རིའི་སྲིད་འཛིན་ཨོ་བྷ་མཱའི་དམ་འབུལ་ཁྲི་སྟོན་གསུང་བཤད།
ཡོང་ཁུངས། གཡུ་ཞུན་དྲ་བ།
འབྲོག་མྱིས་བསྒྱུར་།
སྤྱི་ལོ་༢༠༠༩ལོའི་ཟླ་༡པོའི་ཚེས་༢༠ཉིན་བྷ་རཱ་ཁའི་ཨོ་བྷ་མཱས་ཨ་མེ་རི་ཀའི་སྲིད་འཛིན་༤༤པར་དམ་འབུལ་སྐབས་ཀྱི་གསུང་བཤད་།
སྤུན་གྲོགས་ལྷན་རྒྱས༌།
དེ་རིང་ང་འདི་གར་ཡར་ལངས་ནས་ཁེངས་སྐྱུང་གི་སེམས་པས་མདུན་དུ་ལྷག་པའི་འགན་འཁྲིར་ཕྱོགས་དུས་ལྗིད་ཏིག་གེ་བའི་ཚོར་ཤེས་ཤིག་སྐྱེས༌། རྣམ་པ་ལྷན་རྒྱས་ཀྱིས་ང་ལ་ཡིད་ཆེས་གནང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག སྔོན་བྱོན་རྒྱལ་འཛུགས་སྐུ་རབས་པས་མཛད་པའི་རིན་དོད་སྙིང་དབུས་སུ་ཉར་རྒྱུ་ཡིན༌། སྐབས་འདི་དང་བསྟུན་ནས་ངས་སྲིད་འཛིན་བྷའུ་ཞིས་རྒྱལ་ཁབ་ལ་བཞག་པའི་མཛད་རྗེས་དང་སྲིད་འཛིན་བརྗེ་རེས་ཀྱི་བར་བརྒལ་དུས་ཡུན་ནང་བློ་གཤོགས་ཡངས་པས་མཉམ་ལས་དང་རོགས་རམ་ཐམས་ཅད་གནང་པར་བཀའ་དྲིན་ཤིན་ཏུ་ནས་ཆེ་ཞེས་བརྗོད་འདོད་བྱུང༌།
དེ་རིང་བར་དུ་ཨ་རི་བ་༤༤ཡིས་སྲིད་འཛིན་གྱི་དམ་བཅའ་ཕུལ་ཡོད་ཅིང༌། ཚིག་འབྲི་དེ་དག་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་པའི་དར་རྒྱས་ཕུན་ཚོགས་ཀྱི་དུས་སྐབས་དང་ཡང་ན་དུས་བདེ་གནས་འཇགས་ཀྱི་ཞི་བདེའི་ལོ་ཟླའི་ཁྲོད་བཟླས་ཡོད་ལ༌། སྐབས་ལ་ལར་སྤྲིན་ནག་གི་བང་རིམ་ཁྲོད་དང་རླུང་འཚུབ་དྲག་ཆར་གྱི་རྒོལ་དཀྲུག་ནང་ཡང་སྐྱོར་ཡོད༌། ཨ་མེ་རི་ཀས་དུས་སྐབས་དེ་དག་བརྒྱུད་དེ་མདུན་ནས་མདུན་དུ་བསྐྱོད་ཐུབ་པ་ནི་སྲིད་འཛིན་པར་ནུས་པ་ལྡན་ཞིང་མིག་རྒྱང་རིང་བ་མ་ཟད༌། ང་ཚོ་སྟེ་སྤྱི་འབངས་བར་སྔོན་བྱོན་རྒྱལ་བློན་གྱི་ཕུག་འདུན་ལ་དོགས་པ་ཐེ་ཚོམ་དང་བྲལ་པའི་ཡིད་ཆེས་རྒྱབ་སྐྱོར་དང༌། ང་ཚོའི་རྒྱལ་ཁབ་འཛུགས་རྒྱུའི་དམིགས་འདུན་ལ་ཁ་ཞེ་གཉིས་སུ་མ་མཆིས་པའི་ངང་བློ་སེམས་འགྱུར་མེད་ཀྱི་སྲོལ་བཟུང་བས་ཀྱང་རེད༌།
འདི་ནི་བཞུད་ཟིན་པའི་ལམ་བུ་ཡིན་ལ༌། དེང་གི་ཨ་མེ་རི་ཀ་བས་འབྱུང་འགྱུར་ཀྱི་ལམ་བུའང་ཡིན་ངེས༌།
ང་ཚོ་འཇིག་ཉེན་ནང་ཟུག་ཡོད་པ་གསལ་བོར་ཤེས་རྟོགས་བྱུང་ཡོད༌། རྒྱལ་ཁབ་འཐབ་འཁྲུག་གི་གནས་བབ་འོག་གནས་ཡོད་ལ༌། གང་སར་ཁྱབ་པའི་དྲག་ཤུགས་དང་འཁོན་འཛིན་སྟོབས་ཤུགས་ལའང་རྡུང་རྡེག་བཏང་དང་གཏོང་བཞིན་ཡོད༌། ང་ཚོའི་དཔལ་འབྱོར་ཉམས་ཆགས་སུ་འགྲོ་མུས་པ་དེ་མི་རེ་ཟུང་གི་མ་རུང་ཁོག་བཅུག་གི་འདོད་ཧམ་དང་འགན་མ་ཁུར་པའི་མཇུག་འབྲས་ལས་བྱུང་བ་ཞིག་ཡིན་ཅིང༌། དེ་དང་དུས་མཉམ་གྱིས་ང་ཚོ་ཚང་མ་ཧྲུལ་བོ་གཅིག་གི་ངོ་བོར་གྱུར་ཡོད་པས་བློ་ཐག་རྦད་ཆོད་ངང་དམ་བཅའ་བཞག་ནས་རྒྱལ་ཁབ་ཀྱིས་དུས་རབས་གསར་བར་གདོང་ལེན་བྱེད་རྒྱུར་གྲ་སྒྲིག་འཐུས་ཚང་ཞིག་བྱེད་ཐུབ་མེད༌། དེ་རིང༌། སྡོད་ཁང་ཤོར༌། ལས་ཀ་རེག་རྒྱུ་ཇེ་དཀའ་ནས་ཇེ་དཀའ༌། ཚོང་ལས་ཉམས་རྒུད་ཀྱི་གནས་སྟངས་ཛ་དྲག་གི་གནས་སུ་ལྷུང༌། འཕྲོད་བསྟེན་གྱི་འགྲོ་གྲོན་མཐོ་དྲགས་པ༌། སློབ་གྲྭ་གང་མང་གི་ཞིག་ཞིག་གསོ་བྱེད་རྒྱུ་ཁ་ཚ་དགོས་གཏུག་ལ་ཐུག་ཡོད་། ཉི་མ་རེ་རེར་ང་ཚོས་ཐོན་ནུས་བཀོལ་སྤྱོད་ཀྱི་རྣམ་པས་དགྲ་བོའི་སྟོབས་ཤུགས་མུ་འབྱམས་སུ་སྤེལ་རོགས་བྱས་ནས་རང་རྣམས་འཚོ་གནས་བྱེད་སའི་ས་ཡི་གོ་ལར་འཇིགས་སྐུལ་བྱས་དང་བྱེད་བཞིན་ཡོད༌།
འདི་དག་ནི་འཇིག་ཉེན་གྱི་མཚོན་རྟགས་ཡིན་ལ༌། གྲངས་ཀའི་བསྡོམས་རྩིས་ཀྱིས་མ་འོངས་པར་བདེན་དཔང་བྱེད་སྲིད༌། ཚོད་དཔོག་བྱ་དཀའ་ཡང་གཅིག་མཚུངས་ཀྱི་ཉེན་ཁའི་རང་བཞིན་ཅན་ནི་རྒྱལ་ཡོངས་གང་སར་གཡོ་འགུལ་ཐེབས་པའི་ངེས་ཤེས་སྟེ་ཡལ་དཀའ་པའི་འཇིགས་སྣང་ཞིག ཨ་མེ་རི་ཀ་ལྡོག་ཐབས་མེད་པར་ཁ་ལས་རླུང་རྟ་མར་དུ་འགྲོ་དགོས་ཤིང༌། ཕྱི་རབས་པ་ཚོས་མགོ་བོ་མི་སྒུར་རང་སྒུར་རེད་འདོད་པའི་གུ་དོགས་པའི་བློ་རྒྱ༌།
དེ་རིང་ངས་འདི་རུ་རྣམ་པ་ཚོར་བཤད་འདོད་པ་ནི༌། ང་ཚོར་གདོང་ལེན་བྱེད་དགོས་པའི་ཉེན་ཚབས་ཤིག་ལ་ཐུག་ཡོད་པ་དོན་དངོས་ཡིན་ལ་ཚོད་དཔག་ལས་ཀྱང་ཚབས་ཆེན་ཡིན༌། ཉེན་ཚབས་དེ་དག་དུས་ཡུན་ཐུང་ངུ་ཞིག་གི་ནང་ལས་སླ་བའི་ངང་སེལ་ཐུབ་པ་ཞིག་མིན་མོན༌། འོན་ཀྱང༌། ཨ་མེ་རི་ཀ༌། ཚིག་འདི་ཡིད་ལ་ཟུངས་། འཇིག་ཉེན་དེ་དག་གནས་སྐབས་ཙམ་ཡིན་པས་མི་འགྱངས་བར་སེལ་ངེས་ཡིན༌།
དེ་རིང་ང་ཚོ་འདི་རུ་ལྷན་དུ་འཛོམས་དོན་ནི་ང་ཚོས་རེ་བ་འདེམས་པ་ལས་འཇིགས་སྣང་མིན༌། བློ་སེམས་གཅིག་སྒྲིལ་འདེམས་པ་ལས་འགལ་ཟླ་གདོང་གཏུག་མིན༌།
དེ་རིང་འདི་རུ་ཡོངས་ཁྱབ་ཏུ་བསྒྲགས་རྒྱུ་ཞིག་ནི༌། ཅོལ་ཆུང་གི་བློ་རྒྱ་དང་རྫུན་སླད་ཀྱི་སྦགས་པའི་ཁས་ལེན་ཡོད་ཚད་ནི་ཁ་སང་གི་འདས་དོན་དང༌། ཕན་ཚུན་སྐྱོན་འཛུགས་དང་ཚིག་རོ་རྙོག་བཤད་དེ་དག་དེ་རིང་ནས་དུར་འཇུག་བྱས་པ་ཡིན་། ང་ཚོའི་དབུགས་ལམ་འགག་བྱེད་དང་ཁག་བཀལ་བྱས་པའི་ཆབ་སྲིད་དེའི་རིགས་གནས་ཡུན་རིང་དྲགས་པ་རེད༌།
ཨ་མེ་རི་ཀ་ད་དུང་ཡང་ལོ་ན་གཞོན་པའི་རྒྱལ་ཁབ་ཅིག་ཡིན༌། ཡེ་ཤུའི་གསུང་རབ་ནང་གི་ཚིག་གཅིག་ལུང་འདྲེན་བྱས་ན༌། བྱིས་བློའི་རྨོངས་བསམ་རིགས་དོར་དགོས་པའི་དུས་སུ་བབས་ཡོད༌། ད་ལྟ་ནི་ང་ཚོས་ཡུན་གཏན་འགྱུར་མེད་ཀྱི་ནུས་པའི་དཔལ་ཡོན་དར་རྒྱས་གོང་འཕེལ་དུ་གཏོང་རྒྱུའི་དུས་ལ་བབས་ཡོད་ལ༌། གསར་གཏོད་ཀྱི་གོམ་ཁ་བསྒྱུར་ནས་ལོ་རྒྱུས་ཀྱི་ཤོག་ངོས་གསར་བ་ཞིག་བསྐྲུན་རྒྱུའི་དུས་ལའང་འཁེལ༌། མི་རབས་ནས་མི་རབས་བར་བརྒྱུད་པའི་རིན་ཆེན་ནོར་བུ་དང་ཕུགས་བསམ་རྒྱུད་འཛིན་དར་སྤེལ་གྱི་དུས་ལ་བབས་ཡོད༌། དཀོན་མཆོག་གིས་ང་ཚོར་གཅིག་མཚུངས་སུ་གནང་པ་ནི༌། མི་ཚང་མ་འདྲ་མཉམ་དང༌། མི་ཚང་མར་རང་དབང༌། མི་ཚང་མར་བདེ་སྐྱིད་འཚོལ་རྒྱུའི་ཐོབ་ཐང་ཡོད༌།
རང་རེའི་རྒྱལ་ཁབ་ཀྱི་རླབས་ཆེའི་དཔལ་ཡོན་བསྐྱར་སྒྲོག་བྱེད་པ་དང་ཆབས་ཅིག རླབས་ཆེན་ཞེས་པ་དེ་སྐྱེས་མ་ཐག་ནས་ལྡན་པ་ཞིག་དང་གནམ་ནས་འབབ་རྒྱུ་ཞིག་མིན་པ་ང་ཚོས་ཧ་ཅང་གསལ་བོའི་སྒོ་ནས་ཤེས་ཡོད་ལ༌། དེ་ནི་མཐར་ཐུག་གི་བརྩོན་འགྲོས་དང་ལྷག་བསམ་ལས་རེག་པ་ཞིག་རེད༌།
ང་ཚོའི་ལོ་རྒྱུས་ཀྱི་བརྒྱུད་ལམ་ནི་མགྱོགས་ལམ་ལ་ཞུགས་ནས་རེག་པ་ཞིག་མིན་ལ༌། འོས་མིན་བསྟུན་ཐབས་ལས་རེག་པའི་ལམ་བུ་ཞིག་དེ་བས་ཀྱང་མིན༌། ང་ཚོའི་ལམ་བུ་དེ་ནི་སྡར་མ་འགྲོ་སའི་ལམ་བུ་ཞིག་མིན་ལ༌། ལམ་བུ་དེ་ནི་ལེ་ལོ་གཡོ་སྒྱུ་ཅན༌། མིང་སྣ་དང་ལོངས་སྤྱོད་ཁོ་ནར་ཆགས་མཁན་ཚོའི་ཡང་མིན༌། ལམ་བུ་དེ་ནི་ཉེན་ཁར་མི་འཇིགས་པའི་དཔའ་བོ༌། ཏན་ཏན་ཏིག་ཏིག་གི་དངོས་སྒྲུབ་པ༌། བློ་རིག་དང་གནམ་དཔྱོད་རྒོད་པའི་གསར་གཏོད་མཁན་ལ་དབང་པའི་ལམ་བུ་ཞིག་ཡིན༌། ཕུན་ཚོགས་དང་རང་དབང་གི་ཀྱག་ཀྱོག་བཞུད་ལམ་རིང་མོར་སྣེ་ཁྲིད་པའི་མདུན་སྐྱོད་པའི་དཔུང་ཁག་ཁྲོད༌། མཚན་སྙན་གྲགས་ཀྱི་བ་དན་དགོང་ན་གཡོ་པའི་མི་སྣ་གྲགས་ཅན་ཁ་ཤས་ཡོད་མོད༌། འོན་ཀྱང༌། མང་ཆེ་ཤོས་ནི་སོ་སོའི་ལས་གནས་སུ་བརྩོན་པ་ཉམས་པ་མེད་པར་དཀའ་ལས་མྱངས་དང་མྱོང་བཞིན་པའི་ཕོ་མོ་དཀྱུས་མ་དག་ཡིན༌།
ང་ཚོའི་ཆེད་དུ༌། ཁོང་ཚོས་ཆས་གོས་ཉུང་ཉུང་ཞིག་མཆན་དུ་བཟུང་སྟེ་རྒྱ་མཚོ་ཕ་རོལ་ནས་ཚུལ་རོལ་དུ་ཡོང་ནས་གསར་བྱུང་གི་འཚོ་བ་ཞིག་འཚོལ་སྙེག་བྱེད་ཀྱིན་ཡོད༌།
ང་ཚོའི་ཆེད་དུ༌། ཁོང་ཚོས་བཟོ་གྲྭའི་ནང་ངལ་བ་འཛད་མེད་ཀྱིས་ཧུར་བརྩོན་བྱས་ཤིང༌། ནུབ་ཕྱོགས་ཀྱི་ས་རྒོད་བཏུལ༌། ཁོང་ཚོས་རྟ་ལྕག་གི་ཚ་ཕྲོབས་སྒོམ་ནས་སྲ་ཞིང་མཁྲེགས་པའི་ས་སྒང་དུ་འབད་འབུངས་བྱས༌།
ང་ཚོའི་ཆེད་དུ༌། ཁོང་ཚོ་དཔའ་སྟོབས་ཀྱིས་གཡུལ་སར་ཆས་ནས་ཟུངས་ཁྲག་སར་གཏོར་ཏེ་གཟུགས་པོ་འབེན་ལ་བཞག ཁང་ཁར་ཌི༌། གྷེ་ཏའེ་སི་རྦུར་གྷུ༌། ནོར་མན་ཌི་དང་ཞེ་ཧྲན་སོགས་སུ་དུས་གཏན་དུ་མིག་བཙུམ་གཅིག་མར་གཤེགས༌།
ང་ཚོར་འཚོ་བ་བཟང་བོ་ཞིག་ལྡན་རྒྱུའི་ཆེད་དུ༌། སྐྱེས་བུ་ཕོ་མོ་དེ་དག་གིས་གཅིག་རྗེས་གཅིག་གིས་མཐུད་ནས་དཔའ་ངར་ཞུམ་མེད་གྱིས་རང་སྲོག་བློས་བཏང་སྟེ། ཁོང་ཚོའི་ལག་ཟུང་ལ་གོ་རག་མ་ཆགས་བར༌། ཁོང་ཚོའི་མཐོང་སྣང་གི་ཨ་མེ་རི་ཀ་དེ་ང་ཚོའི་བརྗིད་ཆེའི་བློ་སྟོབས་ཡོད་ཚད་ལས་ཀྱང་མཐོ་བ་ཞིག་དང༌། ཁོང་ཚོས་ཨ་མེ་རི་ཀའི་ཕུགས་བསམ་དེ་སོ་སོའི་སྐྱེ་འཆི་ལས་ཀྱང་གཅེས་འཛིན་དང༌། རྒྱུ་ནོར་དང་ཚོགས་ཤོག རིགས་རུས་ལས་ཀྱང་གལ་འགངས་ཆེ་བར་བཞག་ཡོད༌།
འདི་ནི་ང་ཚོ་མུ་མཐུད་ནས་བསྐྱོད་དགོས་པའི་ལམ་བུ་ཡིན༌། ང་ཚོ་ད་དུང་ཡང་འཛམ་གླིང་སྟེང་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་དང་སྟོབས་ཆེན་གྱི་རྒྱལ་ཁབ་དེ་ཡིན༌། ངལ་རྩོལ་མི་དམངས་ཀྱི་གསར་གཏོད་ཀྱི་ནུས་པ་དེ་མིག་སྔར་གྱི་འཇིག་ཉེན་འདིའི་རྐྱེན་གྱིས་ཇེ་ཞན་དུ་སོང་མེད་ལ༌། ང་ཚོར་སྔོན་ཆད་ནང་བཞིན་གྱི་གསར་གཏོད་གྱི་བློ་རིག་མ་ཉམས་པར་གནས་ཡོད༌། ང་ཚོའི་ཐོན་རྫས་དང་དགོས་མཁོ་དེ་གཟའ་འཁོར་སྔོན་མ་དང་ཟླ་བ་སྔོན་མ༌། ཡང་ན་ལོ་སྔོན་མ་ཇི་བཞིན་གནས་ཡོད་པ་ལས་ཇེ་ཉུང་ཇེ་ཞན་དུ་ཕྱིན་མེད༌། ང་ཚོའི་ནུས་ཤུགས་མ་ཉམས་སྔར་ལྟར་གནས་མུས་ཡིན་། འོན་ཀྱང་། ད་ལྟའི་གནས་སྟངས་དང་གུ་དོག་གི་ཁེ་བཟང་ལ་སྲུང་སྐྱོབ་དང༌། དཀའ་ཚེགས་ཀྱི་དུས་ཡུན་ཇེ་རིང་དུ་གཏོང་འདོད་ཀྱི་ཐབས་ཇུས་རིགས་ནི་འདས་ཟིན་པའི་ལོ་རྒྱུས་སུ་གྱུར་ཡོད་པར་གདོན་མི་ཟ༌། དུས་དེ་རིང་ནས་བཟུང༌། ང་ཚོ་ཤེད་ཀྱིས་ཡར་དགྱེ་ནས་ལུས་སྟེང་གི་ཐལ་རྡུལ་གཙང་མར་འཕྱག་ཏེ་གསར་བྱུང་གི་ཨ་མེ་རི་ཀ་ཞིག་འཛུགས་སྐྲུན་བྱ་རྒྱུའི་ལས་དོན་ལ་འབད་དགོས༌།
མགོ་བོ་ཡར་དགྱེས་ནས་ཕྱོགས་བཞི་ཀུན་དུ་བལྟས་ཚེ༌། ག་ས་གང་དུ་སྒྲུབ་དགོས་པའི་ལས་ཀས་སྒུག་འདུག ད་ལྟའི་དཔལ་འབྱོར་གྱི་གནས་སྟངས་ལ་ང་ཚོས་ངེས་པར་དུ་མགྱོགས་མྱུར་ངང༌། བློ་ཐག་རྦད་ཆོད་ངང་གདོང་ལེན་བྱ་དགོས༌། ང་ཚོས་འགན་འཁྲི་ཕྲག་ཏུ་ཁུར་ནས་སེམས་སུ་ཉར་ཏེ་ལས་གནས་གང་མང་ཞིག་གསར་བསྐྲུན་བྱ་དགོས་པ་མ་ཟད༌། འབྱུང་འགྱུར་གྱི་འཕེལ་རྒྱས་ལ་སྲ་བརྟན་གྱི་རྨང་རྡོ་ཡང་འཇོག་དགོས༌། ང་ཚོས་ལམ་ཁ་བཟོ་བ་དང༌། ཟམ་པ་འཕེན་པ༌། གློག་ཤུགས་དྲ་བ་གསར་བཟོ་ཁ་སྣོན་དང༌། ཚོང་དོན་དང་སྤྱི་འབངས་བར་འབྲེལ་ལམ་དམ་པོར་ཡོང་བྱེད་ཀྱི་འཕྲིན་གཏོང་དྲ་རྒྱའང་འདིང་དགོས༌། ང་ཚོས་ཚན་རིག་ལ་ལྡན་ངེས་ཀྱི་གོ་ས་སླར་གསོ་བྱ་རྒྱུ་དང༌། ཚན་རིག་ལག་རྩལ་ལ་བསྟུན་ནས་འཕྲོད་བསྟེན་གྱི་སྤོས་ཀ་མཐོ་རུ་འདེགས་རྒྱུ་དང་སྦྲགས་གཞི་རྩའི་འགྲོ་གྲོན་ཇེ་དམའ་རུ་གཏོང་རྒྱུ༌། ང་ཚོའི་རླངས་འཁོར་དང་བཟོ་གྲྭ་ཁག་ལ་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱུར་དམིགས་ནས་གོམ་གང་མདུན་སྤོས་ཀྱིས་ཉི་འོད་ཀྱི་ནུས་ཤུགས་དང༌། རླུང་དང་སའི་ནུས་ཤུགས་བེད་སྤྱོད་བྱ་རྒྱུ་ཡིན༌། དེ་མིན་སློབ་གྲྭ་དང་མཐོ་སློབ་ཁག་ལ་བཅོས་བསྒྱུར་བཏང་ནས༌། དུས་རབས་གྱི་དགོས་མཁོ་དང་ཡོངས་སུ་མཐུན་པའི་ངང་ལག་སྦྲེལ་དཔུང་རྡང་གིས་མདུན་དུ་བསྐྱོད་དགོས༌། གོང་དུ་བརྗོད་པའི་འགན་འཁྲི་དེ་དག་ལེགས་འགྲུབ་ཡོང་རྒྱུར་ནུས་པ་ལྡན་ལ་འགན་འཁྲི་དེ་དག་འགྲུབ་ཐུབ་པའི་ཡིད་ཆེས་ཀྱང་བརྟན་པོ་ཡོད༌།
དེ་རིང༌། མི་ལ་ལས་ཐེ་ཚོམ་གྱི་སེམས་པས་ང་ཚོའི་བརྗིད་ཆེའི་བློ་སྟོབས་ལ་རྒྱང་ལྟ་བྱེད་ཀྱིན་ཡོད༌། མི་དེ་དག་གིས་ཇི་སྐད་དུ༌། ང་ཚོའི་སྒྲིག་གཞིའི་དབང་གིས་དེ་ལྟ་བུའི་རླབས་ཆེན་གྱི་སྤྱི་ཁྱབ་ཀྱི་འཆར་བཀོད་ཅིག་འགྲུབ་མི་ནུས་ཟེར༌། མི་དེ་དག་གི་དྲན་ཤེས་ལ་སྐྱོན་ཞུགས་ཡོད་པ་འདྲ༌། ཇི་ལྟར་ཞེ་ན༌། ཁོང་ཚོས་རྒྱལ་ཁབ་འདིས་བླངས་པའི་རྒྱལ་ཁ་དག་བརྗེད་སོང་པ་རེད༌། ཉི་མ་གཅིག་ལ་ཐུན་མོང་གི་དམིགས་བྱ་ལ་ཕུགས་བསམ་གྱི་གཤོག་ཟུང་ཐོགས་དུས༌། དངོས་ཡོད་ཀྱི་རེ་འདུན་ལ་སྙིང་སྟོབས་ཀྱི་གཡོར་མོ་བསྒྲེངས་དུས༌། རང་དབང་གི་མི་དམངས་ཀྱིས་འགྲན་ཟླ་བྲལ་པའི་གསར་གཏོད་ཀྱི་ནུས་ཤུགས་ཧོབ་ཀྱིས་བཏོན་ངེས་ཡིན༌།
གྲང་ཤུར་ཤུར་མིག་ཟུར་གྱི་ལྟ་བའི་མི་དེ་དག་གིས་ཁོང་ཚོའི་རྐང་འོག་གི་ས་གཞིའི་གཡོ་འགུལ་ལ་ཚོར་ཤེས་སྐྱེས་མེད༌། དུས་ཡུན་རིང་བོའི་ནང་ང་ཚོའི་ནུས་ཤུགས་སྟོང་ཟད་དུ་གཏོང་པའི་རུལ་སུངས་ཀྱི་དྲི་མས་གོས་པའི་ཆབ་སྲིད་ཀྱི་ལྟ་བ་དེ་དག་དུས་ལས་ཡོལ་ཚར་པས་ཕྱིར་ཡོང་མེད་ལ་ཡོང་སའང་མེད༌། ང་ཚོས་དེ་རིང་བཏོན་པའི་དྲི་བ་ནི་ང་ཚོའི་ཆབ་སྲིད་ཆེ་དྲགས་པ་དང་ཡང་ན་ཆུང་དྲགས་པ་སོགས་མིན༌། དེ་ནི་གོ་ཆོད་ནུས་ལྡན་ཞིག་དང་ཀུན་ཕན་འབྲས་ལྡན་ཞིག་རེད་དམ་མ་རེད༌། དེས་མི་རྣམས་ལ་རོགས་རམ་གྱིས་འོས་འཚམ་གྱི་གླ་ཡོན་རེག་ཐུབ་པའི་ལས་གནས་བཙལ་ཐུབ་བམ༌། རིན་གོང་འོས་འཚམ་ཅན་གྱི་འཕྲོད་བསྟེན་ཞབས་ཞུ་མཁོ་སྤྲོད་བྱེད་ནུས་སམ༌། ལས་འཁྱུར་ངལ་གསོའི་རྗེས་སུ་ལ་རྒྱར་སྲུང་སྐྱོབ་བྱེད་ཐུབ་བམ༌། གལ་ཏེ་དྲིས་ལན་ཁག་ཐེག་ཡིན་ཚེ་ང་ཚོས་ལག་བསྟར་རྒྱུན་འཁྱོངས་བྱེད་དགོས༌། གལ་ཏེ་དྲིས་ལན་ལ་ཁག་ཐེག་མེད་ཚེ༌། འཆར་བཀོད་རྣམ་གྲངས་སོགས་ངེས་པར་དུ་འཚམ་འཇོག་དགོས༌། ཐུན་མོང་གི་མ་དངུལ་ལ་བདག་སྐྱོང་བྱེད་མཁན་ཞིག་ཡིན་པས་ཆ་ནས༌། གཡོལ་དུ་མེད་པའི་འགན་འཁྲི་ཡོད༌། མ་དངུལ་བཀོལ་སྤྱོད་འོས་འཚམ་བྱེད་པ༌། གོམས་གཤིས་མི་ལེགས་པ་དག་སྤང་ནས༌། འཇིག་རྟེན་ཉི་འོད་འོག་འགན་འཁྲི་ལག་ཏུ་བསྟར་དགོས༌། དེ་ལྟར་བྱས་ན་ད་བཟོད་གལ་འགངས་ཤིན་ཏུ་ཆེ་པའི་མི་མང་གིས་སྲིད་གཞུང་ལ་བཅངས་པའི་ཡིད་ཆེས་སླར་གསོ་བྱེད་ནུས༌།
ང་ཚོའི་མདུན་དུ་ལྷག་པའི་དྲི་བ་ཞིག་ནི༌། ཚོང་ར་ནི་གནམ་གྱི་ཚབ་བྱས་ནས་བདེན་ལུགས་སྤེལ་བའི་སྟོབས་ཤུགས་ཤིག་དང་ཡང་ན་རྐུན་མ་ལ་དཔའ་དར་དང་སྤྱང་ཀུ་ལ་ཚེ་ཐར་ལྟ་བུའི་སྟོབས་ཤུགས་ཤིག་རེད༌། འོན་ཀྱང་གསལ་བོ་ཞིག་ནི་ཚོང་རས་མི་རྣམས་ལ་སྦྱིན་པའི་རྒྱུ་ནོར་དང་རང་དབང་རྒྱ་བསྐྱེད་བྱེད་པའི་སྟོབས་ཤུགས་ནི་མཚུངས་ཟླ་མེད་པ་ཞིག་ཡིན་པར་ཐེ་ཚོམ་མི་དགོས༌། དེ་ལྟར་ཡིན་ཡང་མོད༌། ད་ལྟའི་དཔལ་འབྱོར་འཇིག་ཉེན་གྱིས་ང་ཚོར་སྤྲད་པའི་གསལ་བརྡ་ཞིག་ནི༌། གལ་ཏེ་ལྟ་སྐུལ་མེད་ཚེ་ཚོང་རར་སྟངས་འཛིན་མེད་པར་གྱུར་རྒྱུར་ཡང་གོར་མ་ཆག གལ་ཏེ་རྒྱལ་ཁབ་ཅིག་ཕྱུག་པོ་ཁོ་ནར་འཕྲོད་པ་ཙམ་ཡིན་ཚེ་དེ་ནི་རྟག་བརྟན་ཞིག་མིན་པའང་ཁོ་ཐག་ཡིན༌། ཨ་མེ་རི་ཀའི་དཔལ་འབྱོར་ལེགས་འགྲུབ་བྱུང་ཡོད་པ་དེའང་ང་ཚོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར་གྱི་གཞི་ཁྱོན་ཁོ་ནའི་རྒྱུ་མཚན་གྱིས་མིན་ཞིང༌། དེ་ནི་དཔལ་འབྱོར་དར་ཞིང་རྒྱས་པའི་རྣམ་པ་དེ་ཁ་ཁུག་སྟེང་འོག་སོགས་ག་ས་གང་དུ་སིམ་ཡོད་པས་དང༌། ཕྱུག་པོར་གྱུར་འདོད་གྱི་མི་སུ་ཡིན་ཡང་དེ་ལ་གོ་སྐབས་སྤྲད་པར་ནུས་པའི་ནུས་ཤུགས་ལྡན་པས་ཡིན་པ་ལས་སྦྱིན་པར་ཁེན་པ་མིན༌། འདི་ནི་དོགས་པ་མི་དགོས་པའི་མཉམ་རྒྱས་མཉམ་དར་གྱི་ལམ་བུ་ཁོ་ན་དེ་ཡིན་ངེས༌།
ང་ཚོའི་འགོག་སྲུང་ཐད་གླེང་ན༌། བདེ་འཇགས་དང་དམིགས་འདུན་གཉིས་ལྡན་མིན་པའི་ཁུངས་མེད་ལུང་མེད་གྱི་བབ་ཅོལ་སྒྲུབ་བྱེད་ཅིག་ལ་ང་ཚོས་ངོས་ལེན་གཏན་ནས་བྱ་མི་སྲིད༌། རྒྱལ་ཁབ་གསར་དུ་འཛུགས་མཁན་སྔོན་རབས་པ་ཚོས་དེ་རིང་ང་ཚོས་བསམ་ཡུལ་དུའང་ཤར་དཀའ་པའི་དཀའ་སྡུག་གང་མང་ཞིག་ལ་གདོང་ལེན་གྱིས་ཁྲིམས་སྐྱོང་དང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ནུས་པའི་རྩ་ཁྲིམས་ཤིག་ཟིན་བྲིས་སུ་བཏབས༌། བུ་རབས་ཚ་རྒྱུད་ཀྱིས་རང་གི་ཚེ་སྲོག་གིས་ཇེ་ལེགས་ཇེ་ཚང་དུ་བཏང་པའི་རྩ་ཁྲིམས་ཤིག༌། དེ་རིང༌། དམིགས་འདུན་འདི་དག་གི་ཁྲོད་དུ་ས་ཡི་གོ་ལ་ཟླུམ་པོ་འདི་འོད་ལམ་ལམ་དུ་འཚེར༌། དེ་བས་ང་ཚོས་སྐབས་ཐོག་གི་ཁེ་བཟང་ཙམ་གྱི་ཆེད་དུ་དམིགས་འདུན་དེ་བརླག་མི་སྲིད༌། དེའི་དབང་གིས༌། དེ་རིང་བཀོད་པ་འདི་དང་བྱུང་ཚུལ་འདི་ལ་ལྟད་མོ་རུ་རོལ་བཞིན་པའི་རྒྱལ་ཁབ་གཞན་སོ་སོའི་མི་དམངས་དང་སྲིད་གཞུང༌། གྲ་རྒྱས་ཕུན་ཚོགས་ཅན་གྱི་རྒྱལ་ས་ནས་ངའི་ཨ་ཕ་འཁྲུངས་སའི་གྲོང་སྡེ་ཆུང་ཆུང༌། ང་ཚོའི་རེ་བར་ཁོང་ཚོས་ཤེས་དགོས་པ་ཞིག་ནི༌། ཞི་བདེ་དང་ལ་རྒྱ་རྩོད་པའི་རྒྱལ་ཁབ་གང་དང༌། དེ་མིན་སྐྱེས་པ་དང་བུད་མེད༌། དེ་བཞིན་བྱིས་པ་ཡོད་ཚད༌། ཨ་མེ་རི་ཀ་ནི་ཁྱེད་ཚོའི་གྲོགས་པོ་ཡིན༌། ཡང་བསྐྱར་ཐེངས་ཤིག་དུ་འགོ་ཁྲིད་ནས་སྔོན་དུ་བསྐྱོད་རྒྱུར་ང་ཚོས་གྲ་སྒྲིག་ཨང་གསར་ཡིན༌།
ཕྱི་མིག་ཅིག་བལྟས་ན༌། མི་རབས་འགའི་རིང་ལ་ཧྤ་སེ་སི་རང་ལུགས་དང་གུང་ཁྲན་རང་ལུགས་ལས་རྣམ་པར་རྒྱལ་བྱེད་ནི་འཐབ་འཁོར་ཐན་ཁེ་དང་འཕུར་མདའ་མིན་ལ༌། དེ་ནི་སྲ་བརྟན་གྱི་མཉམ་འབྲེལ་དང་འགྱུར་མེད་ཀྱི་དམིགས་འདུན་ཡིན༌། སྟོབས་ཤུགས་ཁོ་ནར་བསྟུན་ཚེ་ང་ཚོའི་བདེ་འཇགས་སྲུང་མི་ཐུབ་པ་ཤེས་ཡོད༌། སྟོབས་ཤུགས་ཀྱང་རང་སྣང་གང་ཤར་གྱི་དབང་ཤུགས་ལ་མི་དབང་ཞིང༌། དེ་ལས་ལྡོག་ཏེ༌། གཟབ་ནན་གྱིས་སྟོབས་ཤུགས་བེད་སྤྱད་ཚེ་ང་ཚོ་མུ་ནས་མུར་སྟོབས་ཇེ་ཆེ་ཤུགས་ཇེ་ཆེ་རུ་འགྲོ་ཐུབ་པར་ངེས་ཤེས་གསལ་བོ་ཡོད་ལ༌། ང་ཚོའི་བདེ་འཇགས་ཀྱི་འབྱུང་རྐྱེན་ནི་ལས་དོན་གྱི་དྲང་བདེན་རང་བཞིན་དང༌། ཚད་ལྡན་གྱི་ཡིད་འགུག་ནུས་ཤུགས༌། ད་དུང་ཁེངས་སྐྱུང་དང་བཟོད་སྒོམ་སོགས་སྙོམས་སྒྲིག་གི་མཐུ་ནུས་ཀྱང་ཡིན༌།
ང་ཚོ་ནི་སྲོལ་རྒྱུན་འདིའི་རྒྱུད་འཛིན་པ་ཡིན༌། ང་ཚོས་ཡང་བསྐྱར་རྩ་དོན་འདི་དག་སློབ་སྟོན་ཀྱི་མེ་ལུང་དུ་སེམས་ན་འཇིགས་སྐུལ་དེ་དག་ལ་ཕར་རྒོལ་བྱ་ནུས་ལ༌། དེའི་ཆེད་དུ་ངེས་པར་དུ་ཧུར་བརྩོན་ལྷོད་མེད་ཀྱིས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མཉམ་ལས་མཉམ་གནས་དང་ཡིད་ཆེས་ལ་སྐུལ་འདེད་ཐུབ་དགོས༌། ང་ཚོས་འགན་འཁྲི་ཅན་གྱི་ངོ་བོའི་སྟེང་ཨེ་ར་ཁི་དེ་ཨེ་ར་ཁི་མི་དམངས་ལ་རྩིས་སྤྲོད་བྱ་རྒྱུ་དང༌། དེ་མིན་ཨ་ཧྤི་གྷན་ནེ་སི་ཐན་གྱི་ཐོབ་དཀའ་བའི་ཞི་བདེ་ལ་རྒྱུན་འཁྱོངས་ཀྱང་བྱ་དགོས༌། ང་ཚོས་ལོ་མང་རིང་གི་གྲོགས་པོ་དང་འདས་པའི་ལོ་ཟླའི་ནང་གི་འགྲན་ཡ་དག་དང་མཉམ་དུ་བརྩོན་པ་ལྷོད་མེད་ངང་རྡུལ་ཕྲན་མཚོན་ཆའི་འཇིགས་པ་སེལ་བ་དང་ཡང་ན་འཇིགས་པའི་ཚད་ཇེ་དམའ་རུ་གཏོང་དགོས་པ་དང༌། གོ་ལ་ཟླུམ་པོ་ཇེ་དྲོད་དུ་འགྱུར་བཞིན་པའི་ལས་དབང་ངན་པ་བསྒྱུར་ཐབས་སུ་འབད་དགོས༌། ང་ཚོ་རིན་ཐང་གི་ལྟ་བའི་སྟེང་ཕྱི་ནུར་བྱེད་མི་སྲིད་པ་མ་ཟད༌། ད་དུང་རིན་ཐང་གི་ལྟ་བར་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་འདུན་པ་ནམ་ཡིན་ཡང་གཡོ་འགུལ་ཐེབས་མི་སྲིད༌། ལྐོག་གཡོ་ངན་ཇུས་ཀྱིས་འཇིགས་སྐུལ་དང་དོན་མེད་ཀྱི་དམར་གསོད་སོགས་ཐབས་སྡུག་གི་སྤྱོད་ངན་ལ་བསྟུན་ནས་ཁོང་ཚོའི་དམིགས་ཡུལ་འགྲུབ་ཐབས་བྱེད་མཁན་ཚོར༌། ད་འདི་ནས་གསལ་བོར་བཤད་རྒྱུ་ཞིག་ནི༌། ང་ཚོའི་འདུན་པ་སྔར་ལས་བརྟན་ཞིང༌། རྡོ་རྗེ་ཕ་ལམ་ལྟར་མཁྲེགས་པས་གཏོར་རྒྱུའི་རེ་བ་མ་བཅངས༌། ཁྱེད་ཚོས་ང་ཚོ་ངན་འདྲུད་སྟོབས་ཟད་བར་འགྱངས་ནས་ཉམས་དམས་སུ་གཏོང་རྒྱུའི་བྱིས་བློ་དེ་ནི་རྨི་ལམ་ཙམ་ལས་མ་འདས་པས༌། མི་རིང་པར་ང་ཚོས་ཁྱེད་ཚོ་ཕམ་པར་རྒྱག་ངེས་ཡིན༌།
རྒྱུ་མཚན་ནི་ང་ཚོས་རང་ངོ་རང་གིས་གསལ་བོར་ཤེས་ཡོད་པས་ཡིན༌། ང་ཚོའི་སྣ་མང་མཉམ་འདུས་རང་བཞིན་གྱི་སྣ་མང་ཅན་གྱི་སྲོལ་རྒྱུན་ནི་ཁྱད་འཕགས་ཀྱི་དགེ་མཚན་ཞིག་ཡིན་པ་ལས་ཞན་ཆ་མིན༌། ང་ཚོ་ནི་ཡེ་ཤུའི་ཆོས་ལུགས་དང་ཁ་ཆེ་ཆོས་ལུགས༌། རྗོའུ་ཆོས་ལུགས་དང་རྒྱ་གར་ཧིན་ངྷི་ཆོས་ལུགས༌། དེ་མིན་ཆོས་ལུགས་ངེས་གཏན་མེད་པའི་ཚོགས་སྡེས་གྲུབ་པའི་རྒྱལ་ཁབ་ཅིག་ཡིན༌། ང་ཚོ་སའི་གོ་ལའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐད་རིགས་དང་རིག་གནས་མི་འདྲ་བ་རེ་རེའི་དགེ་མཚན་གྱིས་རྣམ་པར་བརྒྱན་ཡོད༌། ང་ཚོས་ལྷོ་བྱང་དམག་འཁྲུག་དང་རིགས་རྒྱུད་དབྱེ་བཀར་གྱི་སྐྱུར་ཆུའི་བྲོ་བར་མྱངས་བཞིན་སྐབས་དེའི་མུན་ནག་གི་དུས་རབས་ལས་བགྲོལ་ནས་དེ་རིང་སྔར་ལས་ཀྱང་མཐུན་སྒྲིལ་དང་སྲ་བརྟན་དུ་གྱུར་ཡོད༌། སྔོན་ཆད་ཀྱི་སྙིང་ནད་འཁོན་འཛིན་རྣམས་མི་རིང་བར་འདས་ཟིན་པའི་ལོ་རྒྱུས་སུ་གྱུར་རྒྱུ་དང༌། ཚོགས་ཤོག་བར་གྱི་དབྱེ་མཚམས་དེ་མི་རིང་པར་ཤུལ་མེད་པར་གྱུར་རྒྱུ་ནི་ཆོས་ཉིད་ཡིན་པར་ང་ཚོར་ཡིད་ཆེས་ཡོད༌། འཇིག་རྟེན་འདི་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་པའི་འགྲོས་དང་བསྟུན་ནས༌། ཐུན་མོང་ལ་ལྡན་པའི་མི་ཆོས་རང་ལུགས་ཀྱི་སྟོབས་ཤུགས་དེ་མངོན་པར་གསལ་རྒྱུ་ནི་དུས་ཀྱི་སྔ་ཕྱི་ཙམ་ལས་མ་འདས་ལ༌། ཨ་མེ་རི་ཀས་ཞི་བདེའི་དུས་རབས་གསར་བ་ཞིག་གི་མདུན་བསུ་ཆེད་ངེས་པར་དུ་རང་ཉིད་ཀྱི་ནུས་བ་བཏོན་དགོས༌།
ཁ་ཆོས་པའི་འཇིག་རྟེན་ལ་གཞིགས་ནས༌། ང་ཚོས་ཐུན་མོང་གི་ཁེ་བཟང་དང་ཕན་ཚུན་ལ་གུས་བཀུར་གྱི་རྨང་གཞིའི་སྟེང་སྐུལ་འདེད་ཀྱི་ལམ་ཁ་གསར་བ་ཞིག་འཚོལ་དགོས༌། དེ་མིན་པའི་འཛམ་གླིང་སྟེང་གི་རེ་སྟོང་ཁོག་ཏུ་བཅངས་ནས་འགལ་བ་བཟོ་བ་དང་དཀྲུག་ཤིང་འཕེན་པ༌། ད་དུང་སོ་སོའི་སྤྱི་ཚོགས་ཁྲོད་ཀྱི་གནད་དོན་ནུབ་ཕྱོགས་ཀྱི་འགོ་ཁྲིད་པར་ཁག་དཀྲི་བྱེད་མཁན་ཚོར༌། ངས་འདི་རུ་བསླབ་སྐུལ་བྱེད་འདོད་པ་ནི༌། ཁྱོད་ཚོའི་མི་དམངས་ཀྱིས་ཁྱོད་ཚོའི་འཛུགས་སྐྲུན་བྱས་རྗེས་ཀྱིས་ཁྱེད་རང་ཚོར་གདེང་འཇོག་བྱེད་ཀྱིན་ཡོད་པ་ལས་གཏོར་བརླག་གི་ནུས་པ་གང་ཆེ་ཡིས་ཚད་འཛིན་བྱེད་ཀྱིན་མེད༌། དེ་མིན་ལྐོག་ཟ་རུལ་སུངས༌། གཡོ་སྒྱུ༌། ལྟ་བ་མི་མཐུན་པ་ཚོར་དྲག་གནོན་སོགས་ཐབས་ངན་ལ་བརྟེན་ནས་དབང་ཤུགས་སྐྱོབ་སྲུང་བྱེང་མཁན་ཚོ༌། ངའི་གསལ་འདེབས་ནི༌། ཁྱོད་རང་ཚོ་ནོར་འཁྲུལ་ཅན་གྱི་ལོ་རྒྱུས་གྲུ་ཟུར་དེར་ལངས་འདུག་ འོན་ཀྱང༌། གལ་སྲིད་ཁྱོད་ཚོས་གཉའ་གནོན་རྒྱང་དུ་དོར་ནུས་ན་ང་ཚོས་དུས་ནམ་ཡིན་ཡང་རོགས་རམ་གནང་ཆོག
དབུལ་ཕོངས་ནང་ཐར་མེད་པའི་རྒྱལ་ཁབ་དག ང་ཚོ་ནམ་ཡིན་ཡང་ཁྱེད་ཚོ་དང་ལག་རྡང་དཔུང་འབྲེལ་ངང་བརྩོན་འགྲུས་བྱེད་ངེས་ཡིན༌། ཁྱོད་ཚོའི་ས་ཞིང་སྟེང་ལོ་ལེགས་འབྱུང་ཐབས་དང༌། དྭངས་གཙང་གི་འཐུང་ཆུ་དུས་རྟག་ཏུ་ལྷང་ལྷང་དུ་འབབ་རྒྱུ༌། ལྟོག་སྐོམ་གྱིས་ནར་པའི་ལུས་གཟུགས་ལ་ཕུན་ཚོགས་ཟས་བཅུད་ཀྱིས་གསོ་བ་དང་གཞན་དབང་གི་བཅིངས་པའི་སེམས་རྒྱུད་ལ་གུ་ཡངས་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་སོགས་ནི་ང་ཚོ་ཐུན་མོང་གི་དམིགས་བྱ་ཡིན༌།
ཡང་དེ་ལས་གཞན་སྟེ་ང་ཚོ་དང་འབྱོར་ཕྱུག་འདྲ་མཉམ་གྱི་རྒྱལ་ཁབ་དག ངའི་འབོད་སྐུལ་ནི་སྔོན་ཆད་ནང་བཞིན་མི་གཞན་པའི་སྡུག་བསྔལ་མི་རིག་མི་གོ་པར་འདུག་སྲོལ་མེད་ལ༌། འཇིག་རྟེན་འདི་ལ་དབང་པའི་ཐོན་ཁུངས་རིགས་གང་འདོད་ལྟར་ཆུད་ཟས་སུ་གཏོང་ས་ཡེ་ནས་མེད༌། འཇིག་རྟེན་འདི་ལ་འགྱུར་ལྡོག་ཐེབས་ཟིན་པས་ངེས་པར་དུ་ཇི་སྲིད་བསྐལ་བརྒྱར་མ་ཉམས་པར་འཇིག་རྟེན་འདི་དང་མཉམ་གནས་མཉམ་འགྲོ་བྱེད་དགོས༌།
ང་ཚོའི་མདུན་དུ་ལྷག་པའི་འབྱུང་འགྱུར་གྱི་བགྲོད་ལམ་ལ་གཞིགས་ཚེ༌། ང་ཚོས་ལྷག་བསམ་རྣམ་དག་གིས་དེང་སྐབས་བྱེ་ཐང་དང་རི་ལུང་ཁྲོད་སྐོར་སྲུང་བྱེད་བཞིན་པའི་ཨ་མེ་རི་ཀའི་དཔའ་བོ་དང་དཔའ་མོར་ཐུགས་རྗེ་ཆེ་ཞུས་པ་ཡིན༌། ཁོང་ཚོས་ང་ཚོར་ཅི་ཞིག་བཤད་ཀྱིན་འདུག་ དུས་གཏན་དུ་ཨར་ལེན་ཊོན་རྒྱལ་ཁབ་དུར་སར་འཐིམས་པའི་དཔའ་རྒོད་ཚོས་ལྷང་འཇགས་ཀྱི་ལོ་ཟླ་རིང་མོའི་ཁྲོད་བར་མེད་དུ་འཕྱོ་པའི་གསུང་དབྱངས་ནང་བཞིན༌། ང་ཚོས་ཁོང་ཚོར་གུས་འདུད་ཞུ་འོས༌། ཁོང་ཚོས་ང་ཚོའི་རང་དབང་ལ་སྲུང་སྐྱོབ་བྱས་པ་ཙམ་མ་ཡིན་པར༌། ཁོང་ཚོས་མཚོན་པ་ནི་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་དང༌། གང་ཟག་སྒེར་པའི་འདུ་ཤེས་ལས་བརྒལ་ཏེ་རླབས་ཆེན་གྱི་ཕུགས་བསམ་འཚོལ་སྙེག་གི་འདུན་པ་མངོན་ཡོད༌། དེ་བས༌། དུས་རབས་འབྱེད་པའི་དོན་སྙིང་དང་ལྡན་པའི་སྐབས་འདི་རུ༌། ང་ཚོར་འཛོམས་དགོས་པ་ནི་འདི་ལྟ་བུའི་སྙིང་སྟོབས་ཡིན༌།
སྲིད་གཞུང་གི་ཅི་ཞིག་སྒྲུབ་ནུས་པ་དང་ཡང་ན་ཅི་ཞིག་སྒྲུབ་དགོས་ཡང༌། མཇུག་མཐར་རྒྱལ་ཁབ་ཀྱི་གཞི་བཅོལ་ས་ནི་མི་དམངས་ཀྱི་དད་པ་དང་ཆོད་སེམས་ཡིན་ལ༌། འདི་ནི་རང་རེའི་རྒྱལ་ཁབ་འདི་ཆགས་སའི་རྟེན་གཞི་འང་ཡིན༌། ཆུ་རགས་ཤོར་དུས་མི་སུ་ཡིན་འདི་ཡིན་ལ་མི་ལྟ་བར་སྐྱོབ་གང་ཐུབ་བྱས་པའི་བྱམས་སེམས་དེའི་དབང་གིས༌། ལས་བཟོ་བས་རང་གི་གླ་ཕོག་ཇེ་ཉུང་དུ་གཏོང་དགོས་ཀྱང་ལས་གྲོགས་ཀྱི་ལས་གནས་སྲུང་སྐྱོབ་བྱེད་པའི་སྒེར་སེམས་དང་བྲལ་པའི་སྙིང་སྟོབས་སོགས་ཀྱི་དབང་གིས༌། ང་ཚོ་ཆེས་མུན་ནག་གི་དུས་སྐབས་རེ་རེ་ལས་རྣམ་པར་རྒྱལ་ཡོད༌། ད་དུང་ཡང༌། མེ་སྐྱོན་འགོད་གསོད་རུ་ཁག་གི་དཔའ་རྒོད་རྣམས་དུད་ནག་དགོང་དུ་འཕྱུར་ཞིང་མེ་ལྕེ་བར་སྣང་དུ་ལྡིང་པའི་ཁང་བརྩེགས་ནང་ངར་གྱིས་མཆོང་ཕོད་པའི་བླ་མེད་སྙིང་སྟོབས་དང་། ཕ་མ་ཚོས་སོ་སོའི་བྱིས་པ་རྣམས་གསོ་སྐྱོང་བཟང་པོ་ཞིག་བྱེད་རྒྱུའི་ཆེད་དུ་རང་བཞིན་ངང་འཕེལ་པའི་རང་བཞིན་སོགས་ལས་ང་ཚོས་ད་བཟོད་མཐར་མཇུག་གི་ལས་དབང་ལ་ཐག་གཅོད་བྱ་ནུས་།
ང་ཚོའི་མདུན་དུ་ལྷག་པའི་གནད་དོན་རིགས་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན་ཡང་སྲིད་། ང་ཚོས་གནད་དོན་དེ་དག་ལ་གདོང་ལེན་བྱེད་སྟངས་ཀྱང་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཡིན་ཡང་སྲིད་། ཅི་ཞིག་ཡིན་རུང་། ང་ཚོ་ཁེན་སའི་རྒྱལ་ཁའི་རིན་ཐང་གི་ལྟ་བ་ནི་བདེན་པ་དང་འརྩོན་འགྲུས་། སྙིང་སྟོབས་དང་དྲང་བདེན་། བཟོད་སྒོམ་གུ་ཡངས་དང་འཚོལ་སྙེག་དཔྱད་ཞིབ་། བློ་དཀར་དང་རྒྱལ་གཅེས་ཡིན་། ལྟ་བ་འདི་དག་ལ་དོགས་པ་ཐེ་ཚོམ་མི་དགོས་ལ་འདི་དག་ནི་ནོར་མེད་འཕྱུག་མེད་ཡིན་། ལྟ་བ་འདི་དག་ནི་རྒྱལ་ཁབ་འདིའི་ལོ་རྒྱུས་ཧྲུལ་བོའི་ཁྲོད་ལྷིང་འཇགས་ངང་གནས་པའི་ཡར་ཐོན་གྱི་སྟོབས་ཤུགས་ཤིག་ཡིན་། ད་ལྟ་དགོས་མཁོ་ཆེ་བ་ནི་གཏན་ཚིག་དེ་དག་ཡང་བསྐྱར་བཀོལ་དགོས། ད་ལྟ་ང་ཚོས་སྒྲུབ་དགོས་བ་ནི་འགན་འཁུར་པའི་དུས་རབས་གསར་བ་ཞིག་གི་དབུ་འབྱེད་དགོས་། ཨ་མེ་རི་ཀ་བ་རེ་རེས་ངེས་པར་དུ་ངེས་ཤེས་སྐྱེ་དགོས་པ་ཞིག་ནི་ང་ཚོས་རངཉིད་ཐེ་པའི་རྒྱལ་ཁབ་དང་འཇིག་རྟེན་འདི་ལ་འོས་འགན་ཁུར་ཡོད་། འོས་འགན་འདི་དག་ངོས་ལེན་བྱས་པ་ཙམ་མིན་པར་བློ་མོས་ཞེ་མོས་ཀྱིས་དེང་ལེན་བྱེད་པ་དང་ཆབས་ཅིག་དཀའ་ཚེགས་ཤུན་ཏུ་ཆེ་བའི་འགན་འཁྲི་དེ་དག་གི་སླད་དུ་ཡོད་ཚད་བློས་གཏོང་ནུས་པར་ཡིད་ཆེས་བརྟན་པོ་ཡོད་། འདི་ལས་གཞན་བྱ་བཞག་གང་གིས་ཀྱང་ང་ཚོའི་སྤྱོད་ཤེས་ཚིམ་པར་མི་ནུས་ལ་ང་ཚའི་ཁྱད་འཕགས་ཀྱི་རྣམ་པ་མཚོན་ཡང་ག་ལ་ནུས་།
འདི་ནི་ད་བཟོད་མི་སེར་ཞིག་གི་འོས་འགན་དང་དམ་བཅའ་ཡིན་།
འདི་ནི་ད་བཟོད་ང་ཚོའི་རང་བློམ་གྱི་འབྱུང་རྩ་ཡིན་། དཀོན་མཆོག་གི་གསུང་སྐད་ཐོས་ནས་ང་ཚོས་མག་མོག་གི་མདུན་ལམ་ཁྲོད་རང་གི་ལས་དབང་ལ་སྟངས་འཛིན་ཐོབ་།
འདི་ནི་ང་ཚོའི་རང་དབང་དང་ང་ཚོས་དམ་པོར་སྲུང་པའི་དམ་ཚིག་གི་དོན་སྙིང་ཡིན་།
འདིས་མི་རིགས་སྣ་ཚོགས་དང་། ཆོས་ལུགས་མི་གཅིག་པའི་ཕོ་མོ་རྒན་གཞོན་གྲངས་ལས་འདས
པ་ཞིག་རླབས་ཆེན་གྱི་ཐང་ཆེན་འདིའི་སྟེང་མཉམ་འཛོམས་བྱེད་ཐུབ་པའི་རྒྱུ་མཚན་མཚོན་ཡོད་། ད་དུང་དེ་རིང་འདི་རུ་གང་ཞིག་ཡར་ལངས་ནས་བརྗིད་ཉམས་ཆེན་པོའི་ངང་དམ་བཅའ་འབུལ་ཐུབ་པའང་མཚོན་ཡོད་། འོན་ཀྱང་། འདིའི་སྔོན་གྱི་ལོ་ངོ་དྲུག་ཅུའི་ཡར་རོལ་དུ་ཁོང་གི་ཕ་རྒན་ལ་གསོལ་ཁང་གི་སྣེ་ལན་རེག་དཀའ་།
རྒྱུ་མཚན་དེའི་དབང་གིས་། ཉིན་མོ་འདི་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་པས་ཡིད་ལ་འཛིན་རིན་མཆིས་། ང་ཚོ་མི་གང་འདྲ་ཞིག་ཡིན་པ་ཡིད་ལ་ཆོངས་། ང་ཚོ་ལམ་བུ་གང་འདྲ་ཞིག་བརྒྱུད་མྱོང་པ་ཡིད་ལ་ཟུངས་། ཨ་མེ་རི་ཀ་དབུ་བརྙེས་པའི་ལོ་ཟླའི་ནང་། ཆེས་གྲང་ངར་ཅན་གྱི་ལོ་ཟླའི་ཁྲོད་། རྒྱལ་གཅེས་པ་གྲངས་ཉུང་ཞིག་འཁྱགས་རོམ་གྱི་བསྒྲིབས་པའི་གཙང་པོའི་འགྲམ་ཞིག་ཏུ་འཛོམས་དུས་མེ་དཔུང་དེ་ཡང་ཡལ་ལ་ཁལ་། རྒྱལ་སར་འགོག་སྲུང་བྲལ་། དགྲ་དམར་གྱིས་ཚུར་རྒོལ་བྱེད་མུས་། དཀར་པོ་ཁ་བ་ཡང་ཟུངས་ཁྲག་གིས་ཁ་དོག་བསྒྱུར་། ང་ཚོའི་གསར་བརྗེ་ཅི་བྱ་གཏོལ་མེད་ངང་ག་འགྲོ་འདི་འགྲོ་མེད་པའི་གནས་སུ་ལྷུང་ནས་མཇུག་འབྲས་ལ་ངེས་ཤེས་མེད་པའི་སྐབས་དེར་། ང་ཚོའི་རྒྱལ་ཁབ་འདི་གསར་དུ་འཛུགས་མཁན་རླབས་ཆེན་གྱི་མེས་པོས་རྒྱ་ཆེའི་མི་དམངས་ལ་གཤམ་གྱི་སྐད་ཆ་འདི་གསལ་བསྒྲགས་བྱེད་རྒྱུ་ཐག་བཅད་།
༼འབྱུང་འགྱུར་གྱི་འཛམ་བུ་གླིང་གིས་ཤེས་དགོས་པ་ཞིག་ནི་། གྲང་ངར་ཤིན་ཏུ་རྒོད་པའི་དགུན་གཞུང་ཞིག་ཏུ་། རེ་བ་དང་ཨ་མེ་རི་ཀ་གཉིས་ཁོ་ན་ལས་གསོན་མི་ཐུབ་པའི་ཉག་ཕྲའི་སྐབས་འདི་རུ་། འཇིག་ཉེན་གྱི་གཡང་སར་ལྷུང་པའི་གྲོང་ཁྱེར་དང་རྒྱལ་ཁབ་འདིས་བློ་སྟོབས་ཞུམ་པ་མེད་པར་གདོང་ལེན་བྱས་མྱོངས་། ༽
ཨ་མེ་རི་ཀ་། ང་ཚོར་འཇིག་ཉེན་ལ་ཐུག་དུས་། གྲང་ངར་གྱི་དགུན་གཞུང་ནང་ལྷུང་དུས་། ཡུན་གཏན་གྱི་སྐད་ཆ་འདི་དག་མ་བརྗེད་སེམས་ལ་ཆོངས་། རེ་བ་དང་སྤྱོད་བཟང་མ་བརྗེད་ཡ་ཆུང་སྙིང་གི་དབུས་སུ་ཟུངས་། ང་ཚོ་ཡང་གཅིག་གྲང་ངར་ལ་ཐུག་དུས་དཔའ་མི་ཞུམ་པར་། ཆུ་དཀྱིལ་ཀྱི་ཕ་བོང་ནང་བཞིན་བློ་སྟོབས་ཞུམ་པ་མེད་པའི་ངང་འབྱུང་འགྱུར་གྱི་དུས་ཡུན་ནང་ཡོང་སྲིད་པའི་དྲག་ཆར་ལ་གདོང་ལེན་བྱེད་རྒྱུར་གྲ་སྒྲིག་གིས་ང་ཚོ་ནི་གཏོར་མི་ནུས་པའི་རྡོ་རྗེ་ཕ་ལམ་ལས་ཀྱང་མཁྲེགས་པས་འཇིགས་དོན་མེད་ལ་འཇིགས་ཀྱང་མི་སྲིད་། ཕྱི་རབས་པ་ཚོས་གནའ་གཏམ་ནང་། ང་ཚོ་ནི་དཀའ་ངལ་ལ་མགོ་བོ་མི་སྒུར་ཞིང་ཕུགས་བསམ་ལ་འགྱུར་བ་མི་གཏོང་པའི་གདོང་ལེན་པ་དེའི་མཚོན་བྱེད་ཡིན་དགོས་།
ང་ཚོས་མདུན་སྐྱོད་ཀྱི་གོམ་ཀ་བསྒྱུར་མེད་། ང་ཚོས་གོམ་སྟབས་ལ་དལ་ལྷོད་བཏང་མེད་། གནམ་སའི་འདྲིས་མཚམས་ནི་ང་ཚོའི་དམིགས་ཡུལ་ཡིན་། དཀོན་མཆོག་གི་བཀའ་དྲིན་སེམས་སུ་བཅངས་ནས་སྲོལ་རྒྱུན་གྱི་ཆེས་རླབས་ཆེ་བའི་ལེགས་སྐྱེས་སྟེ་རང་དབང་ལག་ཏུ་དམ་པོར་བཟུང་ཏེ་མདུན་ནས་མདུན་དུ་སྐྱོད་ཀྱིན་། བདེ་འཚམ་ངང་ལེགས་སྐྱེས་འདི་ཕྱི་རབས་པ་ཚོའི་ལག་ཏུ་འཇོག་དགོས་།
རྣམ་པ་ལྷན་རྒྱས་ཚོ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།
དཀོན་མཆོག་གིས་ཁྱེད་ཚོ་སྐྱབས་སུ་མཆིའོ་།
དཀོན་མཆོག་གིས་ཨ་མེ་རི་ཀ་སྐྱབས་སུ་མཆིའོ་།