སྲིད་པ་འཁོར་ལོའི་མཚོན་དོན་མདོ་ཙམ་བཤད་པ།
༄།།སྲིད་པ་འཁོར་ལོའི་མཚོན་དོན་མདོ་ཙམ་བཤད་པ།
མཁན་ཨ་པད་རིན་པོ་ཆེའི་གསུང་།།
ནང་ཆོས་ཀྱི་བརྗོད་དོན་ལ་གཞི་བཅོལ་ཏེ་སྲིད་པ་འཁོར་ལོ་ཞེས་པའི་རི་མོ་ཞིག་འབྲི་སྲོལ་ཡོད་རེད། དེའི་གོ་དོན་གང་ཡིན་མདོར་བསྡུས་ཤིག་ཞུ་འདོད་བྱུང་། དེ་ནི་རི་མོའི་ཐོག་ནས་འཁོར་འདས་ཀྱི་འགྲོ་སྟངས་བརྡ་སྤྲོད་ཀྱི་ཡོད་རེད། དེ་ལ་དུས་རྒྱུན་ཐེག་པ་ཆེ་ཆུང་གི་;གསུང་རབ་རྣམས་སུ་བཤད་རྒྱུའི་བརྗོད་བྱ་བདེན་པ་བཞི་ཟེར་བ་ཞིག་ཡོད་རེད། དེ་ཤེས་དགོས་ཀྱི་ཡོད་རེད། བདེན་པ་བཞི་ནི་འཁོར་བ་རྒྱུ་འབྲས་གཉིས་དང༌། ཐར་པ་རྒྱུ་འབྲས་གཉིས་ཏེ་བཞི་ལ་ཟེར་གྱི་ཡོད་རེད། འཁོར་བའི་རྒྱུ་ལས་དང་ཉོན་མོངས་པ་གཉིས་དང། འབྲས་བུ་འཁོར་བ་ནི་ཕྱིའི་སྣོད་དང༌། ནང་སེམས་ཅན་ལ་གསུང་གི་ཡོད་རེད། ཐར་པ་རྒྱུ་འབྲས་ནི་གོ་བདེ་པོ་བྱས་ན། ཆོས་ཉམས་སུ་ལེན་མཁན་གྱི་སེམས་རྒྱུད་ཀྱི་ཡོན་ཏན་འཕགས་ལམ་ཡན་ལག་བརྒྱད་ལྟ་བུ་ནི་ལམ་གྱི་བདེན་པ་དང༌། སེམས་ཀྱི་སྐྱོན་ཉོན་མོངས་པ་དང་དེའི་འབྲས་བུ་སྡུག་བསྔལ་ལས་བྲལ་བའི་བྲལ་བ་ལ་འགོག་པའི་བདེན་པ་ཟེར་གྱི་ཡོད་རེད། སྲིད་པ་འཁོར་ལོ་དེའི་ལྟེ་བ་ལ་སེམས་ཅན་དུད་འགྲོ་གསུམ་བྲིས་ཡོད་རེད། དེ་དག་འཁོར་བའི་རྒྱུ་ཀུན་འབྱུང་མཚོན་བྱེད་རེད། དེ་ཡང་ཕག་པས་གཏི་མུག་མཚོན་པ་དང། སྦྲུལ་གྱིས་ཞེ་སྡང༌དང་། བྱ་ཕུག་རོན་གྱིས་འདོད་ཆགས་མཚོན་ཀྱི་ཡོད་རེད། ཕྱི་ལོག་ལ་ངན་སོང་གསུམ་དང༌། ལྷ་མི་གཉིས་ཏེ་ཆ་ལྔ་ཡོད་རེད། དེ་དག་གིས་སྡུག་བསྔལ་གྱི་བདེན་པ་མཚོན་པ་དང་། མུ་ཁྱུད་ཀྱི་ནང་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡོད་རེད། དེས་རྒྱུ་དང་འབྲས་བུ་ཇི་ལྟར་བྱས་ནས་འཁོར་བར་འཁོར་སྟངས་བཤད་པ་རེད། འཁོར་ལོའི་གཡས་ཕྱོགས་ཀྱི་འོག་ཏུ་སངས་རྒྱས་ཀྱི་གསུང་ཚིགས་བཅད་གཉིས་ནི་ལམ་བདེན་མཚོན་བྱེད་རེད། དེའི་ཐོག་ལ་ཟླ་བ་གཅིག་བྲིས་ཡོད་པ་དེས་འགོག་པའི་བདེན་པ་མཚོན་པ་དང་། སྟོན་པའི་སྐུ་གཅིག་འཁོར་ལོའི་གཡོན་ཕྱོགས་ན་བཞེངས་ནས་ཟླ་བ་དང་འཁོར་ལོ་གཉིས་ལ་ཕྱག་མཛུབ་སྟོན་སྡོད་པ་ཞིག་ཡོད་པ་དེས་ཐར་པའི་ལམ་དང་འབྲས་བུ་ལ་ལྟོས་ཟེར་བའི་དོན་དག་རེད། འདིས་འཁོར་བ་ལ་ཞེན་ན་ངེས་འབྱུང་མིན་ཞེས་པའི་ཞེན་པ་བཞི་བྲལ་གྱི་ཚིག་རྐང་པ་གཉིས་པ་དེའི་དོན་མདོར་བསྡུས་ཤིག་ཚར་བ་རེད། །བདེ་བར་གཤེགས་པ་མཁན་ཨ་པད་རིན་པོ་ཆེའི་གསུང་།།