སྨྲ་སྒོ་མཚོན་ཆའི་འབྲུ་འགྲེལ་གསལ་བྱེད།
སྨྲ་སྒོ་མཚོན་ཆའི་འབྲུ་འགྲེལ་ཅུང་ཟད་གསལ་བ་བྱེད་པ།
སྨྲ་བ་ངག་གི་འཁོར་ལོས་ཤེས་བྱའི་ཁྱོན།།
དབང་བསྒྱུར་སྨྲ་བའི་རྒྱལ་པོའི་ཞབས་སེན་རྡུལ།།
དཔྲལ་བའི་ཐིག་ལེ་ཉིད་དུ་འཛིན་བྱེད་ན།།
སྨྲ་བྱེད་ངག་གི་རྩ་མདུད་གྲོལ་གྱུར་ཅིག།
ཤེས་བྱའི་གནས་ཀུན་གསལ་བར་གོ་འབྱེད་པའི།།
ཚོགས་གསུམ་རིག་པའི་དབྱངས་ཀྱི་ང་རོ་ཡིས།།
ཐུབ་བསྟན་གངས་རི་སྐྱོང་བའི་ལོ་པཎ་ཚོར།།
མི་ཕྱེད་དད་པས་སྙིམ་པ་གཙུག་ན་ཟུམ།།
སྔོན་མེད་སྒྲོ་གདུག་རྩེན་པའི་གཙུག་ལག་ནགས།།
མཛེས་པ་བསྐྲུན་པའི་ལང་ཚོ་མི་ལྡནཡང་།།
སྐྱེས་སྦྱངས་གོམས་པའི་ཐིག་ལེ་སྣུམ་པོ་འདིས།།
གཉིས་སྐྱེས་ཕལ་བའི་གྲལ་དང་མཚུངས་མིན་སྙམ།།
དེ་སླད་རང་གི་ཡིད་ལ་གོམས་ཕྱིར་དང་།།
སྐལ་སྙམ་གཞན་ལའང་ཅུང་ཟད་ཕན་སྙམ་ནས།།
སྔོན་བྱོན་མཁས་པས་བཅས་པའི་གཙུག་ལག་མཛོད།།
རྣམ་འབྱེད་གསར་པའི་ལྡེ་མིག་འདི་ཉིད་བསྐྲུན།།
ཞེས་ཤིས་པ་བརྗོད་པ་དང་། ཕྱག་བྱེད་པ་དང་། དངོས་པོ་ངེས་པར་བསྟན་པའི་ཚིག་དག་གི་བརྗོད་པའི་མེ་ཏོག་གི་ཕྲེང་བས་སྔུན་དུ་བསུས་ཏེ། འདིར་གང་ཞིག་བརྗོད་པར་བྱ་བ་ནི། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་གྲགས་པ་དེའི་ཚིག་དོན་གྱི་ཆ་ཅུང་ཟད་འགྲེལ་བ་ཡིན་ལ། དེ་ཉིད་ཇི་ལྟར་བཤད་པའི་ཚུལ་ནི། རྩ་བ་དང་ཡན་ལག་གི་ས་བཅད་ནང་གསེས་ཀྱི་རྣམ་གྲངས་དབྱེ་བའི་ལུགས་སུ་མ་བྱས་པར། ས་བཅད་ཆེ་ཆུང་ཀུན་དོན་ཚན་ལུ་གུ་བརྒྱུད་དེ། རྩ་བའི་བཤད་པ་བསྡུས་པ་རྣམས་རྒྱས་སུ་གཏོང་། རྒྱས་པ་རྣམས་རང་མལ་བཞག། མ་བཤད་པ་དང་མི་གསལ་བ་རྣམས་བཤད་ཅིང་གསལ་བར་བྱ། མཁས་པའི་བཞེད་སྲོལ་མི་འདྲ་བ་རྣམས་ལོགས་སུ་བཀོད། ཉེ་བར་མཁོ་བའི་དོན་གནད་ཁ་ཤས་ཀྱིས་ཟུར་རྒྱན་ཏེ་བཤད་པའོ།། གང་ལ་བརྟེན་ནས་འཆད་པ་ནི། སྨྲ་སྒོ་རང་འགྲེལ་དུ་གྲགས་པ་དང་གཞན་དུ་དཔལ་རོང་ཟོམ་མ་ཧཱ་པཎྜི་ཏས་མཛད་པར་གྲགས་པ་དེ་ཉིད་བསྟན་བཅོས་འཛིན་གྲྭའི་སློབ་ཚན་ཡིན་པས་འབྲུ་སྣོན་པའི་གཞིར་བྱས། དེའི་ཐོག་ཏུ། འཇམ་མགོན་ས་པཎ་གྱི་སྨྲ་སྒོའི་ས་བཅད་དང་། སྨྲ་སྒོའི་འགྲེལ་བ་སྒྲ་ལ་འཇུག་པ། ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་མཛད་པར་གྲགས་པའི་གནས་བརྒྱད་རྩ་འགྲེལ། དཔང་ལོ་ཆེན་པོའི་ཚོགས་གསུམ་གསལ་བ། སྐྱོགས་སྟོན་ལོ་ཙཱ་བའི་བརྡ་གསར་རྙིང་ལི་ཤིའི་གུར་ཁང་། སྣར་ཐང་ལོ་ཙཱ་བ་སངྒཱ་ཤྲཱིའི་སྔགས་ཀློག་ཐབས། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་སྨྲ་སྒོའི་འགྲེལ་བ་སྨྲ་བའི་རྒྱན། བསྟན་དར་ལྷ་རམས་པའི་ཡིག་བཤད་མཁས་པའི་ཁ་རྒྱན། དམུ་དགེ་བསམ་གཏན་གྱི་དབྱངས་ཅན་སྒྲ་མདོའི་འབྲུ་འགྲེལ་དང་བློ་གསར་དགའ་སྟོན་བཅས་ལ་བརྟེན་ནས་སོ།།
བསྟན་བཅོས་ཀྱི་མཚན་བཤད་པ།
རྒྱ་སྐད་ཀྱི་མཚན་ནི།
རྒྱ་གར་སྐད་དུ། ཝ་ཙ་ན་མམུ་ཁཱ་ཡུདྷོ་པ་མ་ནཱ་མ།
དེ་ལ་རྒྱ་གར་ནི། དུས་འཁོར་ལས། འཕགས་ཡུལ་བོད་ལི་རྒྱ་ནག་དང༌། །ཀཻ་ལ་ཤ་དང་གངས་ཅན་མཚོ། ། ཞེས་འབྱུང་བ་ལྟར་འཛམ་གླིང་དུམ་དྲུག་བགོས་པའི་དབུས་ན་གནས་པ་ཏེ། མིང་གི་སྒྲ་དོན་ནི། བུ་སྟོན་དང་། རྗེ་བཙོང་ཁ་པ་ཆེན་པོ་སོགས་ཚད་མའི་སྐྱེས་བུ་རྩོད་མེད་ཚོས། རྒྱུ་མཚན་ལ་མ་ལྟོས་པར་འདོད་རྒྱལ་དུ་བཏགས་པར་འདོད་དེ། འདོགས་ལུགས་ནི། མཉན་ཡོད་གནས་བཅས་ཙམ་པ་ཀ།། ཝཱ་ར་ཎཱ་སི་ཡངས་པ་ཅན།། རྒྱལ་པོའི་ཁབ་དང་དྲུག་པོ་སྟེ།། འདི་དག་གྲོང་ཁྱེར་ཆེན་པོ་ཞེས།། ཞེས་པ་ལྟར་གྲོང་ཁྱེར་དྲུག་གི་བདག་ཉིད་ལ་རྒྱ་གར་ཞེས་འདོད་རྒྱལ་དུ་བཏགས་པ་གསུངས། རྗེས་སུ་གྲུབ་པའི་མིང་དུ་འདོད་པ་དག་གི་ནང་ནས། ཁ་ཅིག རྒྱ་ནི་སྣོད་ཀྱི་ས་ཁྱོན་རྒྱ་ཆེ་བ་དང་གར་ནི་གཅུད་ཀྱི་སེམས་ཅན་གླུ་གར་རོལ་མོ་ལ་དགའ་བའི་རིགས་ཡིན་པས་སོ་ཟེར་ཏེ། ཤིན་ཏུའང་མོད་དོ་སྙམ་མོ།། གཞན་དག རྒྱ་ནི་ས་ཁྱོན་དང་གར་གི་གོས་ཀྱི་ཁ་ཁོག་སྟེ། རྒྱུན་ལྡན་གྱོན་གོས་དཀར་པོ་ཤས་ཆེར་གོན་པའི་རིགས་ཡིནཔས་སོ་ཟེར་ཏེ་དེ་ཡང་ཤིན་ཏུ་འདྲ་བར་སྣང་ལ།[1] དེས་ཚིག་ཟླ་དྲངས་པས་རྒྱ་ནག་ཀྱང་ས་ཁྱོན་རྒྱ་ཆེ་བ་དང་གོན་གོས་ནག་པོ་གོན་པས་འཇོག་པར་བཤད་པའང་འདྲ་བ་སྣང་ངོ་།། ལ་ལ། རྒྱ་ནི་མི་རིགས་དང་གར་ནི་མཆོག་གམ་རབ་གྱི་དོན་ཏེ། རྒྱའི་རིགས་ཀྱི་ནང་ནས་རབ་གམ་མཆོག་ཏུ་འདོད། འགའ་ཞིག མཐའ་ཡས་རྒྱ་མཚོ་དང་ལོགས་སུ་གར་བས་དེ་ལྟར་འདོགས་པར་བཤད། སུམ་པའི་འཛམ་གླིང་སྤྱི་བཤད་ལས། རྒྱ་གར་ཞེས་པ་ཁ་ཆེ་བལ་བོ་བོད་སོག་ཞེས་པ་ལྟ་བུ་འདོད་རྒྱལ་དུ་བཏགས་པའི་མིང་ཞེས་ཀྱང་རུང་ལ། གལ་ཏེ་སྒྲ་བཤད་བྱེད་ན་རྒྱ་གར་གྱི་ཡུལ་ན་སྣོད་བཅུད་ཀྱི་ཁྱད་ཆོས་ཕུལ་དུ་བྱུང་བ་མང་བའི་སྒོ་ནས་ཡུལ་གཞན་ལས་ལྷག་སྟེ་གར་བ་ལྟ་བུར་སྣང་བ་དང་། ཡང་གངས་ཅན་གྱི་ཡུལ་ལས་ལྷོ་ངོས་སུ་གར་ནས་ཡོད་པ་དང་། ཡུལ་དེ་ན་རི་ཉུང་བས་རི་སོ་སོར་ཚོམ་བུ་ལྟར་གར་ནས་ཡོད་པའི་སྒོ་ནས་ཀྱང་དེ་སྐད་བརྗོད་འོས་སོ།།ཞེས་གསུངས་ལ། སྔོན་གྱི་ཡིག་རྙིང་རྣམས་སུ་རྒྱ་ནག་གི་རྒྱ་ལ་དགྱ་ཞེས་བྲིས་པའང་ཡོད་དེ། དེ་ནི་དགྲ་དང་གོ་དོན་གཅིག་པས། དགྱ་ནག་པོ་ཞེས་པའང་དགྲ་ནག་པོ་དོན་ཡིན་ཞིང་། དེའི་ཚིག་ཟླས་དྲངས་པའི་རྒྱ་དཀར་པོར་ཡང་སྲིད་ཀྱི་ཐད་ནས་རྒྱ་དང་ཆོས་དང་རིག་གཞུང་གི་ཐད་ནས་དཀར་པོ་ཡིན་པས་འགྲེལ་བརྗོད་ཀྱང་མཐོང་མོད་བརྟག་པར་བྱ་བའི་གནས་སོ།། མཁས་པ་ལ་ལས། རྒྱ་དཀར་ནག་སེར་གསུམ་གདོང་གི་རྒྱ་སྤུའི་ཁ་དོག་གི་སྒོ་ནས་འདོགས་པ་སྟེ། རྒྱ་གར་གྱི་མི་རྣམས་རྒས་པའི་སྐབས་གདོང་གི་རྒྱ་དང་ཁ་སྤུ་དཀར་པོ་འགྱུར་འགྲོ་བས་སོ། རྒྱ་ནག་པོ་དང་སེར་པོ་དག་ཀྱང་རྒས་དུས་རྒྱ་དང་ཁ་སྤུ་སེར་པོ་འགྱུར་འགྲོ་བས་དེ་ལྟར་འདོགས་པར་བཤད་ན་ཤེས་ཉམས་མཚར་བའི་བཤད་པ་མཛད་དོ། །དེ་ལྟ་ན་ངས་ཀྱང་གཅིག་བཤད་པར་འདོད་དེ། རྒྱ་ནི་སྣོད་ཀྱི་འཇིག་རྟེན་ཏེ་ཡངས་ཤིང་རྒྱ་ཆེ་བ་དང་། གར་ནི་བཅུད་ཀྱི་སེམས་ཅན་ཚོའི་བསམ་པའི་རང་བཞིན་ཏེ་རྣམ་དཀར་དགེ་སྒྲུབ་ལ་དགའ་བས་རྒྱ་གར་ཞེས་བཏགས་པ་ཡིན་ཟེར་ན་མི་ཆོག་ཅི་ཞིག་འཆིས། ཡང་ན། རྒྱ་ནི་རིགས་དང་གར་ནི་སེམས་པ་ལ་འགྲེལ་ཏེ། རྒྱ་གར་བ་རྣམས་སྐྱེས་ཆེན་དུ་མ་བྱོན་པའི་སྐུའི་བྱིན་རླབས་དང་གསུང་གི་ལེགས་བཤད་ལ་བརྟེན་ནས་སེམས་པ་དཀར་པོ་ཡིན་པས་སོ།། དེའི་ཚིག་ཟླས་དྲངས་པའི་རྒྱ་ནག་ཀྱང་ཟློག་ཕྱོགས་ཀྱིས་འགྲེལ་ན་འཐད་མིན་བརྟག་པར་མཛོད། སྐད་ནི། སྔོན་གྱི་འཕགས་ཡུལ་མཁས་པ་ཚོས་འཛམ་བུ་གླིང་ལ་སྐད་རིགས་བདུན་བརྒྱ་ཉི་ཤུ་ཡོད་པ་བཤད་དེ། སྐབས་དེའི་འཛམ་གླིང་ནི་ད་ལྟའི་རྒྱ་གར་འདི་རང་ལ་ངོས་འཛིན་བྱེད་པ་འདྲ་སྟེ། ཇོ་བོ་རྗེ་གསེར་གླིང་ལ་ཕེབས་སྐབས་འཛམ་གླིང་བརྒལ་ནས་ཕེབས་ཚུལ་དང་། བོད་དུ་ཕེབས་དུས་ཀྱང་འཛམ་གླིང་བརྒལ་ནས་བོད་དུ་སོང་ཚུལ་བཀའ་གདམས་ཕ་ཆོས་སུ་འཁོད་པ་ལས་ཤེས་ནུས་སོ།།་དེ་ལྟར་ན་སྐད་རིགས་བདུན་བརྒྱ་ཉི་ཤུ་ཞེས་པའང་རྒྱ་གར་གྱི་ནང་ཁུལ་ཁོ་ནར་སེམས་ཏེ། དེ་ཡང་གྲོང་ཁྱེར་དང་གྲོང་བརྡལ། གྲོང་གསེབ་དང་རོང་འབྲོག་གི་ཁྱད་པས་དབྱེ་བ་ལས་གནམ་དང་སའི་ཁྱད་པ་ཤོར་བའི་སྐད་རིགས་མང་པོ་དེ་འདྲ་རང་ལ་གོ་རྒྱུ་མིན་པ་འདྲ། དེ་དག་ཡི་གེའི་ཁོངས་སུ་བསྡུ་བའི་ཚེ། འགའ་ཞིག་ཏུ་ཡིག་རིགས་སུམ་བརྒྱ་དྲུག་ཅུར་བཤད་པ་ཡོད་ཀྱང་། རྒྱ་ཆེར་རོལ་པའི་མདོ་ལས་དངོས་སུ་བགྲང་པ་ནི་དྲུག་ཅུ་རྩ་བཞི་སྟེ། དེ་དག་ཀྱང་སྐད་རིགས་ཆེན་པོ་བཞིར་འདུས་ཤིང་། བཞི་པོ་དེ་དག་གི་ཁུངས་དང་རྩ་ལྟ་བུ་ཡང་ལེགས་སྦྱར་ལྷ་ཡི་སྐད་ལ་ཐུག་སྟེ། འདི་ལ་ལྷ་ཡི་སྐད་ཅེས་པའི་རྒྱུ་མཚན་ནི། ཐོག་མར་གསུང་པ་པོ་ལྷ་ཚངས་པ་ཡིན་པས་དེས་ན་ལྷ་ཡི་སྐད་ཅེས་བརྗོད་པའོ། །གཞན་དུ། ཡུལ་དེར་སྐད་རིགས་ཆེན་པོ་བཞི་ཡོད་པ་ལས། ལེགས་སྦྱར་ནི་ལྷའི་སྐད་དུ་གྲགས་ཀྱང༌། མི་ཡུལ་དུ་གཙོ་བོར་རྒྱ་གར་འཕགས་ཡུལ་གྱི་མཁས་པ་རྣམ་ལ་གྲགས་པས། རྒྱ་གར་སྐད་ཅེས་བྱ་བ་གསུངས་ཏེ་རྒྱུ་མཚན་འབྲེལ་ཆགས་པ་སྣང་།[2] དུ་ནི་ངོས་བཟུང་བའོ།། ཁམས་འགྲེལ་ལས་ནི། དུ་ཞེས་པ་གནས་གཞི་ལ་འཇུག་པའི་རྣམ་དབྱེ་བདུན་པ་སྟེ། ཞེས་ཀྱང་གསུངས་སྣང་། དེས་ན་རྒྱ་གར་སྐད་དུ་ཞེས་གཞུང་འདི་གང་ལས་བསྒྱུར་བའི་ཁུངས་སྟོན་པའོ། །སྐད་དེ་ཉིད་ཀྱི་ཐོག་ཏུ་བསྟན་བཅོས་འདིའི་མཚན་ལ། ཝ་ཙ་ན་མམུ་ཁཱ་ཡུདྷོ་པ་མ་ནཱ་མ། ཞེས་བྱའོ། །
བོད་སྐད་ཀྱི་མཚན་ནི།
བོད་སྐད་དུ། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བ།
བོད་ནི། གོང་དུ་བགྲངས་པ་ལྟར་འཛམ་གླིང་དུམ་དྲུག་བགོས་པའི་ནང་ཚན་བོད་ཅེས་པ་སྟེ། མིང་འདི་ལྟར་གྲགས་པ་ཡང་མཁས་པ་ཁ་ཅིག་ནི། འདོད་རྒྱལ་དུ་བཏགས་པ་འདོད་དོ། །ལ་ལ་ནི་ཆོས་ལུགས་ཀྱི་མིང་ཡུལ་ལ་ཐོགས་པ་འདོད་པ་དང་། གཞན་དག་སྟོད་ནས་བྲོས་པའི་མིང་ལས་སྟོད་བོད་བྱུང་བ་གླེང་། རྒྱ་ནག་ཐང་གི་ཡིག་ཚང་ལས་ཀྱང་ཐུའུ་བྷོད་(土)ཞེས་འབྱུང་ཞིང་། རྒྱ་གར་བས་ཊིབྷོཊ་ཟེར་ལ། དེང་སང་གི་བར་ཕྱི་གླིང་སྐད་ཡིག་ཏུའང་ཊི་བྷོཊ་(Tibet)ཞེས་བྱ་བ་དག་ལའང་དཔྱད་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་མང་། འགའ་ཞིག་ལེགས་སྦྱར་གྱི་བྷོཊ་ཅེས་ཟུར་ཆགས་པར་འདོད། ཁ་ཅིག་རྣམ་དབྱེ་བརྒྱད་པ་བོད་པའི་སྒྲས་བཏགས་པར་བཤད། གང་ལྟར་ཡང་བོད་མངའ་མཛོད་ཀྱི་སྐབས་ནས་བོད་ཅེས་པའི་མིང་འདི་བྱུང་སྣང་སྟེ། ལྡེའུའི་ཆོས་འབྱུང་དང་། ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ་སོགས་ལས། ཡུལ་གྱི་མིང་ལ་བོད་ཁ་གཡའ་དྲུག་ཟེར། ཞེས་སོགས་འབྱུང་བས་སོ།། མིང་འདི་གང་ལ་འདོགས་པའི་གཞི་ནི་ཡུལ་དུས་གནས་སྐབས་ཀྱི་འཕོ་འགྱུར་ལ་ལྟོས་པ་སྟེ། ཁྲི་སྲོང་བཙན་གྱི་སྐབས་སུ་སྟོད་མངའ་རིས་ནས་སྨད་མདོ་ཁམས་སྒང་དྲུག་ལ་ཁྱབ་པའི་ཡུལ་སྤྱིའི་མིང་ཡིན་ནོ།། སྐད་ནི་དེར་གནས་པའི་ཡུལ་མིའི་རང་བཞིན་གྱི་སྐད་དོ།། དུ་ནི་ངོས་བཟུང་བའི་དོན་ཏེ། སྐད་དེར་བསྒྱུར་ན། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ཞེས་བྱ་བའོ། །དེ་ཡང་བསྟན་བཅོས་ཀྱི་མིང་ལ། རྗོད་བྱེད་ཚིགས་བཅད་ཀྱི་གྲངས་ཀའི་སྒོ་ནས་བཏགས་པ་དང་། བརྗོད་བྱ་བསྟན་དོན་སྒོ་ནས་བཏགས་པ། དེ་བཞིན་དུ་ཞུ་བ་པོ་དང་། རྩོམ་པའི་ས་གནས། རྩོམ་པ་པོ། བཅས་ཀྱི་སྒོ་ནས་བཏགས་པ་དང་། དཔེ་དང་བྱེད་ལས་གཟུགས་སོགས་ཅི་རིགས་ཀྱི་སྒོ་ནས་འདོགས་པ་ཡོད་དེ། དེ་དག་ངག་ཐོག་ནས་ཤེས་པར་བྱ་ལ། སྐབས་འདི་ནི་དཔེ་དང་བྱེད་ལས་ཀྱི་སྒོ་ནས་བཏགས་པ་ཡིན་ནོ།། བསྟན་བཅོས་ཀྱི་དབུར་རྒྱ་སྐད་སྨོས་པའི་དགོས་པ་ནི་སྐད་ལ་བག་ཆགས་འཇོག་བ་དང་། རྒྱུད་ལ་བྱིན་རླབས་འབྱུང་། བསྟན་བཅོས་ཁུངས་པ་བཙུན་པ་བསྟན་པའི་ཆེད་དུ་ཡིན་པའི་འགྲེལ་བརྗོད་དག་ཀྱང་གཞན་ལས་ཤེས་པར་བྱའོ།།
བསྟན་བཅོས་ཀྱི་འགྱུར་ཕྱག་གི་ཚུལ་ནི།
སྨྲ་བའི་མཆོག་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །
སྨྲ་བའི་སྐྱེས་མཆོག་ཤེས་བྱ་ཐམས་ཅད་ལག་འཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མངོན་དུ་མཁྱེན་པ་ལྷག་པའི་ལྷ་མཆོག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། ཞེས་པའོ། །དེ་ལ་སྤྱིར་འགྱུར་ཕྱག་གི་དོན་ནི། རྒྱ་གར་མཁས་པས་བརྩམས་པའི་གཞུང་བོད་སྐད་དུ་བསྒྱུར་བ་དེ་ཉིད་འགྱུར་བ་མཐའ་ཕྱིན་པའི་ཆེད་རང་གི་ལྷག་པའི་ལྷ་ལ་ཕྱལ་འཚལ་བ་ལ། འགྱུར་ཕྱག་ཅེས་བྱ་སྟེ། ཁྲི་སྲོང་གི་སྐབས་བཀས་བཅད་ཀྱིས་གཏན་ལ་ཕབ་རྗེས་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིག་མ་འཆག་གི་བར། སྡེ་སྣོད་གསུམ་གྱི་ཁྱད་པས་འགྱུར་ཕྱག་ལའང་ཁྱད་པར་ཡོད་པ་ལྟར། ཕྱིས་ཀྱི་ལོ་པཎ་ཕལ་ཆེ་བས་ཀྱང་བཀས་བཅད་དེ་དག་གཞིར་མཛད་པ་ལྟར་ན། འདིར་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པས་འཇམ་པའི་དབྱངས་ལ་ཕྱག་འཚལ་བ་ཡིན་ནོ།། ཞེས་བརྗོད་པ་རིགས་སོ།།
བསྟན་བཅོས་ཀྱི་མཆོད་བརྗོད་དང་རྩོམ་པ་དམ་བཅའ་བ།
སྨྲ་མཆོག་གཙོ་ལ་ཕྱག་འཚལ་ནས།།
སྨྲ་བའི་ཡན་ལག་རྫོགས་དོན་དུ།།
ངག་གི་འདུ་བྱེད་གང་དེ་ཡི།།
ཚོགས་པ་བདག་གིས་བཤད་པར་བྱ།།
ཡི་གེ་བརྡ་སྤྲོད་པ་པོ་ཚངས་པ་དང་། དབང་ཕྱག ཁྱབ་འཇུག བརྒྱ་སྦྱིན་སོགས་ལྷ་དང་། གཞུང་དང་སྙན་ཚིག་གི་བྱེད་པོ་གྲོག་མཁར་བ་དང་། རྒྱས་པ་དང་། སེར་སྐྱ་རྐང་མིག་གཟེགས་ཟན་སོགས་སྔོན་གྱི་ཐར་པ་འཚོལ་བའི་བྲམ་ཟེ་དང་། གཅེར་བུ་བ་དང་། མགོ་བྲེགས་སོགས་དགེ་སྦྱངས་ཏེ། བརྡ་དང་ཐ་སྙད་ལྟ་བ་དང་གྲུབ་མཐའ་ཅི་རིགས་པ་སྨྲ་བའི་སྐྱེས་བུ་ཀུན་གྱི་མཆོག་དང་རབ་དང་གཙོ་བོར་གྱུར་པ་སྟོན་པ་ཡང་དག་པར་རྫོགསཔའི་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། ཞེས་མཆོད་པར་བརྗོད་ནས། གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞུང་ཆེན་པོ་དང་དེའི་ཡན་ལག་ཐ་སྙད་རིག་པའི་གནས་ཀུན་ཕྱིན་ཅི་མ་ལོག་པར་བརྡ་སྤྲོད་པའི་སྨྲ་བའི་ཡན་ལག་ཡོངས་སུ་རྫོགས་པའི་དོན་དུ། སྨྲ་བ་ངག་གི་འདུ་བྱེད་གྱུར་པའི་མིང་ཚིག་ཡི་གེའི་ཚོགས་པ་གང་ཡིན་པ་དེ་ནི། བདག་གིས་འདིར་བཤད་པར་བྱའོ། ཞེས་བརྩམ་པ་དམ་བཅའ་བ་སྟེ། མཆོད་བརྗོད་མཛད་པའི་དགོས་པ་དང་། རྩོམ་པ་དམ་བཅའ་བའི་སྐབས་ཀྱི་དགོས་སོགས་ཆོས་བཞི་སོགས་ནི་གཞུང་གཞན་དང་ཁོག་འདྲ་བས་གཞན་དུ་གཟིགས་པར་བྱའོ།།
ད་ནི་སྒོ་དེ་དང་ལྡན་པའི་པའི་བསྟན་བཅོས་དངོས་བཤད་པར་བྱ་སྟེ། དེ་ལ་གསུམ། མིང་ཚིག་གཉིས་ཀྱི་རྩོམ་གཞི་ཡི་གེ་བཤད་པ་དང་། ཡི་གེ་ལས་བྱུང་བའི་མིང་བཤད་པ། མིང་ལས་བྱུང་བའི་ཚིག་བཤད་པའོ། །
དང་པོ་ཡི་གེའི་ཚོགས།
༡ ཡི་གེ་འབྱུང་བའི་རྒྱུ་དང་རྐྱེན་སོགས་ལས་དབྱངས་ཀྱི་རྩ་བ་བདུན་འབྱུང་ཚུལ་སོགས་སྤྱིར་བསྟན་པ།
1. ཡི་གེ་སྐྱེ་བའི་གནས་བརྒྱད་བསྟན་པ།
ཁོག་པ་མགྲིན་པ་རྐན་དང་ལྕེ།།
སྣ་དང་སྤྱི་བོ་སོ་དང་མཆུ།།
དབྱངས་གསལ་གྱི་ཡི་གེ་རྣམས་གང་ལས་སྐྱེ་བའི་གནས་ནི་བརྒྱད་དེ། ཁོག་པ་དང་། མགྲིན་པ་དང་། རྐན་དང་། ལྕེ་དང་། སྣ་དང་། སྤྱི་བོ་དང་། སོ་དང་། མཆུ་རྣམས་སོ། །དབྱངས་གསལ་གྱི་ཡི་གེ་གང་ཞིག་ཡིན་ཡང་སྐྱེ་བའི་གནས་ཀྱི་རྒྱུ་བརྒྱད་པོ་དེ་དག་གང་རུང་ལ་མ་བརྟེན་པར་འབྲས་བུ་ཡི་གེ་སྐྱེ་བའི་གནས་མེད་དོ། །དཔེར་ན། པི་ཝང་གི་སྒྲ་འབྱུང་བ་ལ། སྒྲ་དེ་སྐྱེ་བའི་གནས་པི་ཝང་གི་ཁོག་པ་དང་། རྒྱུད་ཐག པགས་པ། ལག་པ་བཅས་པ་མ་བརྟེན་པར་འབྱུང་བ་མེད་པ་བཞིན་ནོ། །དེས་ན་གནས་བརྒྱད་པོ་དེ་དག་གི་སྤྱིའི་ཚོགས་པ་ནས་དབྱངས་གསལ་ཡི་གེའི་སྒྲ་འབྱུང་བ་ཡིན་ནོ། །
2. བྱེད་པའི་རྐྱེན་བཞི་བསྟན་པ།
སྤྱི་དང་རེ་རེའི་ཆ་དག་ལས།།
ཕྲད་དང་ཅུང་ཟད་ཕྲད་པ་དང་།།
དོག་པ་དང་ནི་ཡངས་པ་ནས།།
ཡི་གེ་སྐྱེ་བའི་གནས་དེ་དག་ཕན་ཚུན་ཕྲད་པའི་རྐྱེན་ནི་བཞི་སྟེ། ཕྲད་པ་དང་། ཅུང་ཟད་ཕྲད་པ་དང་། དོག་པ་དང་། ཡངས་པ་སྟེ་བྱེད་པ་བཞི་པོ་ཅི་རིགས་པ་ལ་བརྟེན་ནས་དབྱངས་གསལ་ཀྱི་ཡི་གེ་དག་གི་སྒྲ་གདངས་འབྱུང་བ་ཡིན་ནོ། །རྐྱེན་བཞི་བོ་དེ་དག་ཕན་ཚུན་མ་ཕྲད་པར་སྒྲའི་ང་རོ་འབྱིན་པ་མི་ནུས་སོ།། དེ་ལ། ཕྲད་པ་ནི། ལྕེ་དང་། རྐན་དང་། སོ་དང་། མཆུ་རྣམས་སོ།། ཅུང་ཟད་ཕྲད་པ་ནི། མགྲིན་པ་དང་། སྣ་དང་། སྤྱི་བོ་དང་། ཁོག་པ་རྣམས་སོ།། དོག་པ་ནི།་མགུལ་བ་དང་། སྣ་དང་། སྤྱི་བོ་རྣམས་སོ། ། དཔེར་ན། པི་ཝང་གི་རྒྱུ་སྐུད་སྦམ་ཕྲ་དུ་མ་བརྒྱུས་པ་དག་མཛུབ་མོ་དང་ཕྲད་པ་ལ་བརྟེན་ནས་པི་ཝང་གི་སྒྲ་འབྱུང་གི། མ་ཕྲད་ན་མི་འབྱུང་བ་བཞིན་ནོ། །དེས་ན་བྱེད་པ་བཞི་པོ་དེ་དག་ལ་བརྟེན་ནས་དབྱངས་གསལ་གྱི་སྒྲ་འབྱུང་བ་ཡིན་ནོ།། ནས་ནི་གང་ལས་འབྱུང་བའི་ཁུངས་བསྟན་པའི་བདུན་པའོ།།
3. འབྱིན་པའི་ང་རོ་བདུན་བཤད་པ་ལ།
དྲང་དང་བསྒྲེང་དང་བཀུག་པ་དང་།།
བསྟོད་པ་དང་ནི་སྨད་པ་དང་།།
བསྒྲིམས་དང་ཀློད་པའི་ང་རོ་འབྱུང་།།
གནས་དང་བྱེད་པའི་རྒྱུ་དེ་དག་ལས་འབྲས་བུ་ཡི་གེ་རང་གི་ངོ་བོའི་ང་རོ་ནི་བདུན་ཏེ། དྲང་པ་དང་། བསྒྲེང་པ་དང་། བཀུག་པ་དང་། བསྟོད་པ་དང་། སྨད་པ་དང་། བསྒྲིམ་པ་དང་། ཀློད་པའི་ང་རོ་བདུན་པོ་དག་འབྱིན་པ་ཡིན་ནོ། ། དེ་ལ་དྲང་པ་ནི་ཨ་དང་། བསྒྲེང་བ་ནི་ཨེ། བཀུག་པ་ནི་ཨི། བསྟོད་པ་ནི་ཨོ། སྨད་པ་ནི་ཨུ། བསྒྲིམས་པ་ནི་རྀ། ཀློད་པ་ནི་ལྀ་སྟེ། བདུན་པོ་དེ་དག་ནི་རང་བཞིན་གྱི་ཡི་གེ་ཞེས་སུ་འཆད་དོ། །དེ་དག་ལ་ནང་གསེས་ཀྱི་རིགདས་གཉིས་སུ་ཕྱེ་སྟེ། ཨ་ཨི་ཨུ་གསུམ་ནི་ལྷན་སྐྱེས་ཀྱི་ཡི་གེ་དང་།་ལྷག་མ་རྀ་ལྀ་ཨེ་ཨོ་བཞི་ནི་ཕན་ཚུན་སྦྱར་བའི་ཡི་གེ་ཡིན་ནོ།། ཇི་ལྟར་སྦྱར་བ་ཡིན་ཞེ་ན། ཨ་དང་ཨི་སྦྱར་བ་ལས་ཨེ་འབྱུང་དང་། ཨ་དང་ཨུ་སྦྱར་བ་ལས་ཨོ་འབྱུང་། ཨི་ཉིད་བསྒྲིམས་ཤིང་ཚེག་དྲག་དང་སྦྱར་བ་ལས་རྀ། ཨི་ཉིད་ཀློད་དེ་འདྲེན་པ་ལས་ལྀ་འབྱུང་བས་སོ། །དེས་ན། ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ། བཅས་བདུན་པོ་དེ་དག་ལ་རྩ་བའི་ཡི་གེ་དང་།་སྦྱར་བའི་ཡི་གེ་གཉིས་སུ་དབྱེ་ནས། སྔ་མ་གསུམ་རྩ་བ་དང་། ཕྱི་མ་བཞི་སྦྱར་བའི་ཡི་གེ་ཡིན་ནོ། །ཀ་ལ་སོགས་པ་བརྗོད་པའི་འབྲུ་ཐམས་ཅད་ཀྱང་རྩ་བའི་དབྱངས་ཨ་ཨི་ཨུ་གསུམ་ལས་འབྱུང་ཞིང་། ཕན་ཚུན་སྦྱར་བའི་ཡི་གེ་ནི། དབྱངས་ཙམ་མ་ཟད་གསལ་བྱེད་ལའང་ཡོད་པས།་དེས་ནས་དབྱངས་གསལ་ཡི་གེ་སྤྱིའི་རྩ་བ་ལ། ཉེར་ལྔ་དང་། དེ་ཡང་བསྡུ་ན་བཅུ་གཅིག དེ་ཡང་བསྡུ་ན་བདུན། དེ་ཡང་བསྡུ་ན་གཅིག་ཏུ་འདུ་བ་ཡིན་ནོ།།
ཡི་གེའི་རྩ་བ་ཉེར་ལྔ་བཤད་པ། ཡི་གེའི་རྩ་བ་ཉེར་ལྔ་ནི། གསལ་བྱེད་ཀྱི་ནང་ནས། ཀ ཁ་ག་གྷ། ཅ་ཆ་ཇ་ཇྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ། ཧ། ཀྵ། དབྱངས་ཡིག་ལས། ཨ་ཨི་ཨུ། བཅས་བསྡོམས་པས་ནེར་ལྔ་སྟེ། སྡེ་བ་ལྔའི་ཡི་གེ་དང་པོ་བཞིའི་ཐོག དྲོ་བ་གཅིག མཐའ་ཟད་གཅིག་བསྣན་པའི་གསལ་བྱེད་ཉེར་གཉིས་དང་། དབྱངས་ཀྱི་རྩ་བ་གསུམ་བཅས་ཡིན་ནོ། །འོ་ན། དབྱངས་ཡིག་ལྷག་མ། རྀ་ལྀ་ཨེ་ཨོ། བཞི་པོ་ཡི་གེའི་རྩ་བར་མི་བགྲངས་པའི་རྒྱུ་མཚན་གང་ཡིན་སྙམ་ན། དེ་དག་ནི་གོང་དུ་ཞུས་པ་ལྟར། ཕན་ཚུན་སྦྱར་བ་ལས་བྱུང་བས་རྩ་བར་མི་ཏད་དོ།་ཕན་ཚུན་སྦྱར་ལུགས་ཀྱང་། ཨེ་ནི་ཨ་དང་ཨི་སྦྱར་བ་ལས་བྱུང་བ་དང་། ཨོ་ནི་ཨ་དང་ཨུ་སྦྱར་བ་ལས་བྱུང་།་རྀ་ནི་ཨི་ཉིད་བསྒྲིམས་ཤིང་ཚེག་དྲག་པ་ལས་བྱུང་། ལྀ་ནི་ཨི་ཉིད་ཀློད་པས་འདྲེན་པ་གོང་དུ་ཞུས་པ་ལྟར་རོ། །གསལ་བྱེད་སོ་བཞི་ལས། ཉེར་གཉིས་རྩ་བར་བགྲངས་ནས།་ལྷག་མ། ང་ཉ་ཎ་ན་ཥ། ཡ་ར་ལ་ཝ། ཤ་ཥ་ས། བཅས་རྩ་བར་མ་བགྲངས་པའི་རྒྱུ་གང་ཡིན་ཞེ་ན། གསལ་བྱེད་བཅུ་གཉིས་པོ་དེ་དག་ཕན་ཚུན་སྦྱར་བ་ལས་འབྱུང་བས་རྩ་བར་མ་བགྲངས་སོ། །ཇི་ལྟར་སྦྱར་བའི་ཚུལ་ཡང་། ང་ཉ་ཎ་ན་མ་ལྔ་ནི། ཨེ་དང་ཨ་སྣ་ལྡན་འདུས་པ་ལས་བྱུང་། ཡ་ནི། ཨི་དང་ཨ་སྦྱར་བ་ལས་བྱུང་། ར་ལ་གཉིས་ནི། ཨ་ཉིད་བསྒྲིམ་པ་དང་ཀློད་པའི་ཁྱད་པར་ལས་བྱུང་། ཝ་ནི། ཨུ་དང་ཨ་སྦྱར་བ་ལས་བྱུང་། ཤ་ཥ་ས་གསུམ་ནི། ར་དང་མཐུན་པས་ཨ་ཉིད་བསྒྲིམས་ཤིང་ཚེག་དྲག་དང་སྦྱར་ནས་བྱུང་བས་སོ། །དེ་དག་བསྡུ་ན་ཡི་གེའི་རྩ་བ་བཅུ་གཅིག་ཏུ་འདུ་བ་ཡིན་ནོ།།
ཡི་གེའི་རྩ་བ་བཅུ་གཅིག་ཏུ་བཤད་པ། གོང་དུ་བཤད་པའི་ཡི་གེའི་རྩ་བ་དེ་དག་བསྡུ་ན་བཅུ་གཅིག་ཏུ་འདུ་སྟེ། ཀ་ཁ། ཅ་ཆ། ཊ་ཋ། ཏ་ཐ། པ་ཕ། ཧ། བཅས་སུ་འདུ་བས་སོ། །འདུ་ལུགས་ནི། ག་ཇ་ཌ་ད་བ་ལྔ་ནི། ཀ་ཅ་ཊ་ཏ་པ་ལྔའི་སྒྲ་ནས་བྱུང་ཞིང་། གྷ་ཇྷ་ཌྷ་དྷ་བྷ་ལྔ་ནི། ག་ཇ་ཌ་ད་བ་ལྔ་ཧ་དང་ཚོགས་པ་ལས་བྱུང་བས། ཡི་གེའི་རྩ་བ་ལས་བཏོན་ནས། ལྷག་མ་བཅུ་གཅིག་ཁོ་ན་ཡི་གེའི་རྩ་བར་འཇོག་གོ།དེ་དག་ཀྱང་བསྡུ་ན་རྩ་བ་བདུན་དུ་འདུ་བ་ཡིན་ནོ།།
ཡི་གེའི་རྩ་བ་བདུན་ནི། ཨ་ཀ་ཅ་ཊ་ཏ་པ་ཧ། བཅས་ཡིན་ནོ། །དེ་དག་རྩ་བར་འཇོག་པའི་རྒྱུ་མཚན་ནི་གོང་གི་ཁ་ཆ་ཋ་ཐ་ཕ་ལྔ་པོ་ཡང་། རང་རང་གི་སྡེ་པའི་ཡི་གེ་དང་པོ། ཀ་ཅ་ཊ་ཏ་པ་སྟེ་ལྔ་པོ་དེ་དག་ལས་བྱུང་བས་སོ། །དེ་ནི་ཀ་སོགས་རྩ་བ་དེ་དག་གི་ཡང་རྩ་བ་ཡིན་པས། དེས་ན་ཡི་གེའི་རྩ་བར་བདུན་དུ་འཇོག་གོ། དེ་དག་ཀྱང་བསྡུ་ན་གཅིག་ཏུ་འདུའོ།།
ཡི་གེའི་རྩ་བ་ཉག་གཅིག་ནི། ཨ་ཡིག་ཁོ་ན་ཏེ། དེ་ནི་དབྱངས་གསལ་ཡི་གེ་མཐའ་དག་པའི་བརྗོད་པའི་རྩ་བ་མཐའ་ཐུག་པ་དེ་ཡིན་ནོ།། ཇི་སྐད་དུ། རྗེ་ས་པཎ་གྱིས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག། མིང་ཚིག་རབ་ཏུ་གསལ་བར་བྱེད།། ཁོང་ནས་འབྱུང་བ་སྐྱེ་མེད་པའོ།།[3]ཞེས་དང་། སེངྒེ་ལྟ་བུ་ཨ་ཞེས་བྱ།།ཞེས་གསུངས་པའི་ཕྱིར།
རྣམ་པར་བཞག་པ་འདི་ཉིད་ལ་དཔལ་ལོ་ཆེན་མོ་བློ་གྲོས་བསྟན་པའི་ཚོགས་གསུམ་གསལ་བ་ལས། སྨྲ་སྒོའི་འགྲེལ་བ་ལ་སོགས་པར་བསྡུ་བའི་ཚུལ་དུ་མ་ནི་ཡི་གེ་ཉེར་ལྔ་དང་བཅུ་གཅིག་དང་བདུན་དུ་དབྱངས་རྣམས་དང་གསལ་བྱེད་ཐམས་ཅད་འདུས་ཤིང་། དེ་ཡང་ཨ་(ཨུ)རུ་འདུས་ཞེས་འཆད་པ་ནི་སྙིང་བོ་མེད་པ་སྟེ། གསལ་བྱེད་དབྱངས་སུ་འདུས་ཞེས་སྨྲ་བ་ནི་གྱང་རི་མོར་འདུས་ཞེས་པ་དང་འདྲའོ༎ གཞན་ཡང་དེ་ན་དཔྱད་མི་བཟོད་པ་མང་བོ་སྣང་སྟེ་རང་བཟོས་བླུན་པོ་མགོ་བསྐོར་བའོ།། ཞེས་གསུངས།
༢ རྩ་བ་བདུན་ལས་དབྱངས་ཡིག་བཅུ་དབྱངས་ཡིག་བཅུ་དྲུག་ཏུ་འགྱུར་ཚུལ་བསྟན་པ།
དྲང་དང་བཀུག་དང་སྨད་པ་དང་།།
བསྒྲིམས་པ་དང་ནི་ཀློད་པ་ལ།།
གྲྭར་དང་ཙྭང་གིས་ཕྱེ་བ་དང་།།
བསྒྲེང་དང་བསྒྲེང་སྟེ་བཀུག་པ་དང་།།
བསྟོད་དང་བསྟོད་དེ་སྨད་པ་དང་།།
སྣ་ལྡན་རྣམ་པར་གཅོད་པ་ཡིས།།
ང་རོ་བཅུ་དྲུག་དག་ཏུ་འདོད།།
དབྱངས་ཡི་ག་གོང་དུ་བཤད་པའི་རྩ་བ་བདུན་ལས་ཕྱེས་པའི་དབྱེ་བ་བཅུ་དྲུག་ཏུ་འགྱུར་ཏེ། བཅུ་དྲུག་གང་དང་གང་ཞེ་ན། དྲང་པ་ཨ་དང་།་བཀུག་པ་ཨི་དང་། སྨད་པ་ཨུ་དང་། བསྒྲིམས་པ་རྀ་དང་ནི། ཀློད་པ་ལྀ། བཅས་ལྔ་པོ་དེ་དག་ལ། གྲྭར་ཏེ་རིང་པོ་དང་། ཙྭང་སྟེ་ཐུང་ངུ་གཉིས་སུ་ཕྱེ་བས། ཨ་ཨི་ཨུ་རྀ་ལྀ་ཨཱ་ཨཱི་ཨཱུ་རཱྀ་ལཱྀ་བཅས་བཅུ་དང་། སྒྲེང་པ་ཨེ་དང་། བསྒྲེང་སྟེ་བཀུག་པ་ཨཻ་དང་། བསྟོད་པ་ཨོ་དང་། བསྟོད་དེ་སྨད་པ་ཨཽ་དང་། སྣ་ལྡན་གྱི་ཨཾ།་རྣམ་པར་གཅོད་པ་ཨ༔སྟེ།་བསྡོམས་པས་དབྱངས་ཀྱི་ང་རོ་བཅུ་དྲུག་དག་ཏུ་འདོད། །དེས་ན།་ཨ་ཨཱ་ཨི་ཨཱི་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨ༔། བཅས་བཅུ་དྲུག་ལ་འཕགས་ཡུལ་གྱི་དབྱངས་ཡིག་བཅུ་དྲུག་ཞེས་བྱའོ།། ཀ་ལཱ་པའི་སྒྲ་མདོར། དབྱངས་ཡིག་བཅུ་བཞིར་བགྲངས་པ་ནི། ཨཾ་སྣ་ལྡན་དང་། ཨ༔རྣམ་བཅད་གཉིས་མི་བརྩི་པས་ཡིན་ནོ།། དེ་གཉིས་མི་བགྲངས་པའི་རྒྱུ་མཚན་ཡང་། སྣ་ལྡན་དང་རྣམ་བཅད་ནི་གསལ་བྱེད་ཀྱི་ཁོངས་སུ་འདུ་ཞིང་ཨ་ཡིག་ནི་དེ་གཉིས་ཀྱི་བརྟེན་གཞི་ཙམ་ལས། རང་གི་ངོ་བོ་དངོས་ནི་ཨ་ཡིག་གི་ནང་དུ་འདུ་བས་སོ། །དཔང་ལོ་ཆེན་པོས་ཀྱང་། དབྱངས་ནི་བཅུ་བཞི་གསལ་བྱེད་ནི།།སུམ་ཅུ་གསུམ་དུ་མཁས་པས་གསུངས།། ཞེས་དང་། དབྱངས་རྣམས་བཅུ་བཞི་སྟེ། ཨ་ཨཱ། ཨི་ཨཱི། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽའོ།། ཞེས་དང་། གསང་སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་ཏུ་གསུངས་པ་དང་། སྤྱིར་ཡི་གེས་རྩེན་པ་རྣམས་ལ་ཨཾ་ཨཿགཉིས་བསྣན་པས་དབྱངས་བཅུ་དྲུག་ཅེས་གྲགས་ཏེ། །གཉིས་སུ་ཕྱེ་བ་ནི་རྣམ་པར་ཕྱེ་བ་ཙམ་ཡིན་གྱི་རིགས་བཅུ་བཞི་བོ་ལས་གཞན་པ་མེད་དོ།། ཞེས་གསུངས་སོ།། འོ་ན་གོང་གི་དབྱངས་ཡིག་བཅུ་བཞི་ལས་ལྀ་དང་ལཱྀ་གཉིས་ཀ་མི་དགོས་ཏེ། སཾསྐྲྀ་ཏའི་སྐད་དུ་ལ་ཡིག་ནི་ཀླྀཔྟ་ཞེས་པ་ལས་གཞན་ན་མེད་ཅིང་། དེ་ཉིད་མདོ་གཞན་གྱིས་བཀག་པ་དང་། ལྀ་ལ་རིང་བ་(ལཱྀ)་མེད་པས་བཅུ་གཉིས་སུ་འགྱུར་རོ་ཞེ་ན། མ་ཡིན་ཏེ། སློབ་དཔོན་ཆོས་འབངས་ཀྱིས། ལྕེ་མི་བདེ་བས་རྀ་ཡིག་ལྀ་རུ་བརྗོད་པ་ལ་དཔྱས་པ་ན། ལྀ་ཡིག་ཉེ་བར་མཁོའོ་ཞེས་དང་། སློབ་དཔོན་བགྲོད་སེང་གེས། ཇི་ལྟར་རྗེས་ཟློས་བྱེད་པས་དཔྱས་པ་ལ་ལྀ་ཡིག་ཐུང་ངུ་ཡོད་པ་ལྟར་དེ་ལ་རིང་བོའང་ཡོད་དོ་ཞེས་འཆད་དོ། །[4]
དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། ཨ་ཨི་ཨུ་རྀ་ལྀ། ཨཱ་ཨཱི་ཨཱུ་རཱྀ་ལཱྀ། ཨ་ཨེ་ཨར྄་ཨོ་ཨལ྄། ཨཱ་ཨཱེ་ཨཱར྄་ཨཽ་ཨཱ་ལ྄། ཧ་ཡ་ར་ཝ་ལ། ཧཱ་ཡཱ་རཱ་ཝཱ་ལཱ། བཅས་དབྱངས་སུམ་ཅུར་གསུངས་པ་ནི། ལུང་དུ་སྟོན་པའི་མདོའི་སྤྱི་སྐད་དང་མི་མཐུན་པས། རྣམ་བཞག་གཞན་དུ་ཤེས་པར་བྱ་དགོས་ཏེ། དཔང་ལོ་ཆེན་པོས། གང་ཡང་དཔལ་དུས་ཀྱི་འཁོར་ལོར། ཨ་ཨི་རྀ་ཨུ་ལྀ་ཞེས་པ་དབྱངས་ཐུང་ངོ་ལྔ་དང་ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཞེས་རིང་བོ་ལྔ་དང་། དེ་ལྔའི་རིམ་པ་བཞིན་གྱི་ཡོན་ཏན་ཨ་ཨེ་ཨར྄་ཨོ་ཨལ྄་ཞེས་པ་དབྱངས་ཐུང་ངུ་ཞེས་པ་དང་། དེ་ལྔ་འཕེལ་བ་ཨཱ་ཨཱེ་ཨཱར྄་ཨཽ་ཨཱ་ལ྄་དང་། དེ་ལྔའི་ཡ་ཎར་བསྒྱུར་བ་ཐུང་བ་ཧ་ཡ་ར་ཝ་ལ་ཞེས་པ་དང་། དེ་རིང་བ་ཧཱ་ཡཱ་རཱ་ཝཱ་ལཱ་ཞེས་པ་སྟེ། དབྱངས་སུམ་ཅུར་གསུངས་པ་ནི་རྣམ་པར་གཞག་པར་གཞན་ཁོ་ན་ཡིན་པས་སྤྱི་སྐད་དང་མི་མཐུན་ཏེ། ཡོན་ཏན་དང་འཕེལ་བའི་ཨ་ཡིག་གསུམ་དང་། ཨཱ་ཡིག་གསུམ་རྣམས་ཨའི་ཡི་གེ་རུ་འདུས་ཤིང་། ར་ལ་དབྱངས་མེད་དང་ཧ་སོགས་བཞི་གསལ་བྱེད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་སོ།།
༣ དབྱངས་ཀྱི་རྩ་བ་དེ་དག་རེ་རེ་ལའང་གསལ་བྱེད་བཅོ་བརྒྱད་དུ་འགྱུར་ཚུལ་བསྟན་པ།
ང་རོ་དག་གི་གསལ་བྱེད་ནི།།
དྲང་པོ་བཀུག་དང་སྨད་པ་དང་།།
འདྲེན་པ་རིང་ཐུང་གསུམ་ཡོད་དེ།།
དེ་ལའང་ཆེ་འབྲེང་རྣམ་པ་གསུམ།།
དེ་དག་སྣ་ལྡན་བཅོ་བརྒྱད་དོ།།
དབྱངས་ཀྱི་རྩ་བ་དེ་དག་རེ་རེ་ལའང་སྒྲའི་ང་རོ་གསལ་བར་བྱེད་པ་བཅོ་བརྒྱད་དང་བཅུ་གཉིས་སུ་འགྱུར་བ་ཡིན་ཏེ། དང་པོ་ང་རོ་དག་གི་གསལ་བྱེད་བཅོ་བརྒྱད་དུ་འགྱུར་ཇི་ལྟར་ཡིན་ཞེ་ན། དབྱངས་ཀྱི་ཡི་གེ་དེ་དག་གསལ་བྱེད་ནི་དྲང་པོ་ཨ་དང་། བཀུག་པ་ཨི་དང་། སྨད་པ་ཨུ་དང་གསུམ་མོ། །ཨ། ཨི་ཨུ་སྟེ་དབྱངས་ཀྱི་རྩ་བ་གསུམ་པ་དེ་དག་རེ་རེ་ལ། སྒྲའི་འདྲེན་པ་ཐུང་ངུ་དང་། རིང་པོ། ཤིན་ཏུ་རིང་པོ་གསུམ་དུ་དབྱེ་བས་དྲུག་ཏུ་འགྱུར་ལ། དྲུག་པོ་དེ་དག་ལའང་ཆེན་འབྲིང་ཆུང་གསུམ་དབྱེ་བས་དགུར་འགྱུར་རོ། དགུ་པོ་དེ་དག་སྣ་ལྡན་ལྔ་པོ་གང་རུང་དང་ལྡན་མི་ལྡན་གཉིས་སུ་དབྱེ་བས་བཅོ་བརྒྱད་དོ།། བཅོ་བརྒྱད་པོ་དེ་དག་ཀྱང་། ཨ། ཨི། ཨུ། གསུམ་གྱིས་ཕྱེས་པས་དབྱངས་ཡིག་ལྔ་བཅུ་ང་བཞིའོ།། འོ་ན། ཐུང་ངུ་དང་། རིང་པོ། ཤིན་ཏུ་རིང་པོ་གསུམ་གྱི་གོ་དོན་ཇི་ལྟར་ཡིན་ཞེ་ན། དེ་ལ་ཐུང་ངུ་ནི་ཧྲར་སྭ་ཞེས་བྱ་བ་སྟེ། དོན་གྱི་སྒྲའི་ཐ་མལ་ཏེ་བརྗོད་པའི་དུས་ཡུན་ཧ་ཅང་ཐུང་བ་ལའོ།། རིང་པོ་ནི་དཱིརྒྷ་ཞེས་བྱ་བ་སྟེ།་དོན་ནི་བརྗོད་པའི་དུས་ཡུན་གཉིས་དང་ལྡན་པས་རིང་བའོ།། ཤིན་ཏུ་རིང་བ་ནི་པཱུ་ཏ་ཞེས་བྱ་བ་སྟེ། དོན་ནི་བརྗོད་པའི་དུས་ཡུན་གསུམ་དང་ལྡན་པས་ཤིན་ཏུ་རིང་བའོ།། འོ་ན་ཆེན་འབྲིང་ཆུང་གསུམ་གྱི་དོན་ཇི་ལྟར་ཡིན་ཞེ་ན། དེ་ལ་ཆེན་པོ་ནི་ཨུདཱཏྟ་ཞེས་བྱ་བ་སྟེ། ཡི་གེ་གཉིས་ཀྱི་སྒྲ་དང་ལྡན་པས་ཆེན་པོ་ཞེས་བྱའོ།། འབྲིང་ནི་སྭ་རི་ཏ་ཞེས་བྱ་བ་སྟེ། ཡི་གེ་ཕྱི་མོ་གཅིག་གི་སྒྲ་དང་ལྡན་པས་འབྲིང་ངམ་བར་མ་ཞེས་བྱའོ།། ཆུང་ངུ་ནི་ཨནཱུ་ཏཏྟ་ཞེས་བྱ་བ་སྟེ། ཡི་གེ་ཕྱེད་ཀའི་སྒྲ་དང་ལྡན་པས་ཆུང་ངུ་ཞེས་བྱའོ།། གསུམ་པོ་དེ་དག་གི་ཁྱད་པར་ནི། འོག་ཏུ་འཆད་འགྱུར་གྱི། ཨུཏཏྟ་ནི་མཚུངས་གཉིས་གཅིག།་ཞེས་པའི་སྐབས་དུ་འབྱུང་ལ། དེས་ན་ཆེན་ཆུང་གི་དབྱེ་བ་ནི་རིང་ཐུང་གི་ཁྱད་པར་དང་མི་འདྲ་སྟེ། འདིར་ཆེན་ཆུང་གི་ཐ་སྙད་ནི་ཡི་གེ་སྲབ་མཐུག་གིས་ཕྱེ་བ་ཡིན་ལ། རིང་ཐུང་ནི་བརྗོད་པའི་དུས་ཡུན་ལ་བརྟེན་ནས་འཇོག་པས་སོ།།
༤ དེ་ལས་གསལ་བྱེད་བཅུ་གཉིས་སུ་འགྱུར་ཚུལ།
གསལ་བར་བྱ་བ་འདི་ལྟ་སྟེ།།
བསྒྲེང་དང་བསྟོད་ལ་ཐུང་བ་སྟེ།།
བསྒྲིམས་དང་ཀློད་ལ་རིང་བའོ།།
བཅུ་གཉིས་ཡིན་ཏེ་བརྒྱ་རྩ་གཉིས།།
དམིགས་བསལ་བཅུ་གཉིས་སུ་འགྱུར་བའི་རིགས་ལ་གསལ་བར་བྱ་བ་འདི་ལྟ་སྟེ། བསྒྲེང་པ་ཨེ་དང་། བསྟོད་ཨོ་ལ་གཉིས་ལ་ཤིན་ཏུ་རིང་པོ་དང་རིང་པོ་གཉིས་ལས་ཐུང་བ་གསལ་བར་བྱ་སྟེ། དེ་ལྟ་ན། དབྱངས་ཡིག་ཨེ་ལ། རིང་པོ་དང་ཤིན་ཏུ་རིང་པོ་གཉིས་སུ་དབྱེ་ཞིང་། དེ་ལའང་ཆེན་འབྲིང་ཆུང་གསུམ་དུ་དབྱེ་བས་དྲུག་ཏུ་འགྱུར་རོ། །དྲུག་པོ་དེ་དག་ལ་སྣ་དང་ལྡན་པ་དང་མི་ལྡན་པ་གཉིས་སུ་དབྱེ་བས་བཅུ་གཉིས་སུ་འགྱུར་བ་ཡིན་ནོ།། དེས་ཨོ་ཡིག་ལའང་རིགས་བསྒྲེས་ཏེ། ཉེར་བཞིར་འགྱུར་རོ།། འོ་ན།་ཨེ་དང་། ཨོ་གཉིས་ལ་ཐུང་ངུ་གསལ་བའི་རྒྱུ་མཚན་གང་ཡིན་ཞེ་ན། ཨེ་དང་ཨོ་གཉིས་ལ་རང་བཞིན་གྱིས་ཐུང་ངུའི་སྒྲའམ་ང་རོ་དང་མི་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་བསྒྲིམས་པ་རྀ་དང་། ཀློད་ལ་ལྀ་གཉིས་ལ་ཤིན་ཏུ་རིང་བ་སྤང་ནས། ཐུང་ངུ་དང་། རིང་པོས་དབྱེ་བས་གཉིས་སུ་འགྱུར་བ་དེ་ལའང་ཆེན་འབྲིང་ཆུང་གསུམ་དུ་ཕྱེས་པས་བཅུ་གཉིས་སུ་འགྱུར་བ་ཡིན་ནོ། །འོ་ན། རྀ་ལྀ་གཉིས་ལ་ཤིན་ཏུ་རིང་པོ་གསལ་བའི་རྒྱུ་མཚན་གང་ཡིན་ཞེ་ན། ཤོང་སྟོན་གྱིས། རྀ་ཡི་སྒྲ་ཤིན་ཏུ་རིང་པོར་བརྗོད་ན་ཨི་སྒྲར་འགྱུར་རོ། །ཞེས་གསུངས་ཤིང་། འཇམ་མགོན་ས་པཎ་གྱིས། ལྀ་རྒྱུད་མེད་ཅེས་བྱ་བ་ཡིན་པས་རིང་བ་མེད་མོད་ཀྱི། ཤིན་ཏུ་རིང་པོ་ཡོད་ལ། རྀ་ལ་ནི་གསུམ་ཀ་ཡོད་དོ། །ཞེས་གསུངས་པ་གཞུང་འདི་དང་འགལ་ཡང་། སྡེབ་སྦྱོར་གྱི་བསྟན་བཅོས་ཀྱི་ལུགས་སུ་དགོངས་པ་སེམས་སོ། །དེས་ན།་ཨ་ཨི་ཨུ་གསུམ་ལ་ཕྱེས་པས་ལྔ་བཅུ་ང་བཞི་དང་། རྀ་ལྀ་ཨེ་ཨོ་བཞི་ལ་ཕྱེས་པའི་བཞི་བཅུ་ཞེ་བརྒྱད་དེ། ཡོངས་སུ་བསྡོམས་པས་བརྒྱ་རྩ་གཉིས་སུ་གྲུབ་པ་ཡིན་ནོ།།
འོ་ན། གོང་དུ་དབྱངས་ཡིག་བཅུ་དྲུག་ཏུ་བཤད་ཀྱང་། འདིར་གསལ་བའི་དབྱེ་བ་རེ་རེ་བཞིན་འཆད་པའི་སྐབས་སུ་དབྱངས་ཡིག་བཅུ་བཞི་ལས་མ་གསུངས་པའི་རྒྱུ་མཚན་གང་ཡིན་ཞེ་ན། དབྱངས་ཡིག་དེ་དག་བསྡུ་ན་བཅུ་བཞིར་འདུ་བར་དགོངས་ནས་མ་འཆད་པ་ཡིན་ནོ། ཇི་ལྟར་འདུ་བའི་ཚུལ་ཡང་། རྗེས་སུ་ང་རོ་ལ་སྣ་ལྡན་གྱི་མིང་གིས་བཏགས་ནས་དབྱངས་ཡིག་བཅུ་བཞིར་སྦྱོར་དུ་རུང་བས་སོ། དེར་བརྟེན་སྣ་ལྡན་ལོགས་སུ་མ་བགྲངསཤིང་། རྣམ་བཅད་ཀྱི་དབྱེ་བ་ལོགས་སུ་མི་འདྲེན་པའི་རྒྱུ་མཚན་ཡང་སྣ་ལྡན་གྱི་སྦྱོར་ཚུལ་ལ་དཔགས་ནས་ཤེས་ནུས་པར་དགོངས་པ་ཡིན་ལ། གཞན་ཡང་རྣམ་བཅད་ནི་གསལ་བྱེད་ཀྱི་ཁོངས་སུ་འདུ་ཞིང་། ཨ་ཡིག་ནི་དེའི་བརྟེན་གཞི་ཙམ་ལས་དོན་ལ་རྩ་བའི་དབྱངས་ཀྱིས་བསྡུས་པས་ཀྱང་ཡིན་ནམ་སྙམ་སྟེ་དཔྱད་པ་འཚལ།
༥༽ ཡི་གེ་སྤྱིའི་རྣམ་པའི་དབྱེ་བ་བསྟན་པ།
སྤྱི་ན་བརྒྱ་དང་བཅུ་རྩ་གཅིག།
རང་གནས་དང་ནི་བཅུ་གཉིས་སོ།།
ཡི་གེ་གཅིག་གིས་རྣམ་པའི་ཆ།།
ངག་གི་འདུ་བྱེད་ཚོགས་པའོ།།
དུས་གཅིག་ཏུ་ནི་བཅུ་གཅིག་གམ།།
སྣ་དང་ལྡན་པ་བཅུ་གཉིས་ཏེ།།
རང་གི་གནས་དང་བཅུ་གསུམ་མོ།།
ཀ་ཡིག་ལྟ་བུ་ཡི་གེ་རེ་ལ་དབྱངས་ཡིག ཨ། ཨི། ཨུ། ཞུགས་ཤིང་། དབྱངས་ཡིག་རེ་རེ་ལ། ཐུང་ངུ་དང་། རིང་པོ། ཤིན་ཏུ་རིང་པོ། གསུམ་དུ་དབྱེ། དེ་རེ་རེ་ལའང་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བས། ལྔ་བཅུ་ང་བཞི། རྀ། ལྀ། གཉིས་ལ་ཤིན་ཏུ་རིང་བ་ཆེ་འབྲིང་ཆུང་གསུམ་དོར། ཨེ། ཨོ། གཉིས་ལ་ཐུང་བ་ཆེ་འབྲིང་ཆུང་གསུམ་དོར་བས། ལྷག་མ་རྣམས་གོང་དང་མཚུངས་པར་ཕྱེ་ཞིང་འགྱུར་བས། བཞི་བཅུ་ཞེ་བརྒྱད་དེ། བསྡོམས་པས་བརྒྱ་དང་རྩ་གཉིས་ཐོག སྐྱེ་བའི་གནས་བརྒྱད་དང་།་བྱེད་པའི་རྐྱེན་ལས་གང་ཡང་རུང་བ་གཅིག་སྟེ་དགུ་བསྣན་པས། བརྒྱ་དང་བཅུ་གཅིག་ཏུ་འགྱུར་ལ། རང་གནས་ཀྱི་སྐྱེད་པ་གཙོ་ཆེ་བ་དེ་ཉིད་བགྲངས་པས་བརྒྱ་དང་བཅུ་གཉིས་སུ་འགྱུར་བའོ།།
ཀ་ལ་སོགས་པ་དབྱངས་གསལ་གཉིས་སུ་ཕྱེ་བའི་གསལ་བྱེད་ཡི་གེ་རེ་རེར་ཡང་། དུས་གཅིག་ཏུ་ཐུན་མོང་བ་སྐྱེ་བའི་གནས་བརྒྱད་དང་། བྱེད་པའི་རྐྱེན་གྱི་རྣམ་པ་གང་ཡང་རུང་བ་གཅིག དབྱངས་ཀྱི་ང་རོའི་གསལ་བྱེད་རིང་ཐུང་གསུམ་ལས་གང་ཡང་རུང་བ་གཅིག དེ་ལ་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་པའི་གང་ཡང་རུང་བ་གཅིག་སྟེ་བཅུ་གཅིག་དང་། དེ་ལ་སྣ་ལྡན་བསྣན་ཚེ་བཅུ་གཉིས་སོ། །དེའི་ཐོག་རང་གི་སྐྱེ་གནས་གཙོ་བོ་བསྣན་པས་བཅུ་གསུམ་མོ། །དེ་ཡང་རང་ཉིད་གང་ལས་སྐྱེས་པའི་སྐྱེ་གནས་གཙོ་བོ་ཤས་ཆེ་བའི་དབང་དུ་བྱས་ཀྱི། དེ་ཉིད་སྐྱེ་གནས་བརྒྱད་ཀྱི་ནང་དུ་མ་འདུས་མེད་དོ། །
སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས་ནི། གསལ་བྱེད་རྣམས་ནི་སུམ་ཅུ་བདུན། འདི་ནི་དབྱངས་ཡིག་ཉི་ཤུ་གཉིས། འདི་རྣམས་ཡི་གེ་ལྔ་བཅུ་དགུ ཞེས་གསུངས་པས། ཨ་ཨི་ཨུ་རྀ་བཞི་ལ་ཐུང་ངུ་དང་གསུམ་ཡིག་གི་ཉ྄་རྟགས་ཀྱིས་མཚོན་པའི་ཤིན་ཏུ་རིང་དང་། ལྀ་ལ་རིང་བོ་མེད་པས་གཉིས་དང་། ཨེ་ཨཻ་ཨོ་ཨཽ་རྣམས་ལ་ཐུང་ངུ་མེད་པས་གཉིས་གཉིས་ཏེ།- བསྡོམས་པས་དབྱངས་ཉི་ཤུ་རྩ་གཉིས་སོ། གསལ་བྱེད་ནི་སྔར་བཤད་པའི་སུམ་ཅུ་རྩ་གསུམ་(མཐའ་ཟད་ཕུད་པའི)དང་རྗེས་སུ་ང་རོའི་མིང་ཅན་ཀླད་གོར་དང་། རྣམ་པར་གཅད་བྱའི་མིང་ཅན་ཚེག་དྲག་དང་། ལྕེ་རྩ་ཅན་གྱི་མིང་ཅན་ཀ་དང་ཁའི་སྟེང་དུ་འབྱུང་བའི་ ཌ་མ་རུའི་རྣམ་པ་ཅན་ྈྐ་ྈྑ་ཞེས་པ་ལྟ་བུ་དང་། མཆུ་དང་ཉེ་བ་ཅན་པ་དང་ཕའི་སྟེང་དུ་འབྱུང་བའི་གླང་བོ་ཆེའི་མྱོས་བུམ་གྱི་རྣམ་པ་ཅན་ྉྤ་དང་ྉྥ་ཞེས་པ་ལྟ་བུ་སྟེ་སུམ་ཅུ་རྩ་བདུན་ནོ་ཞེས་བཤད་དོ། །དེ་དག་ལས་བཤད་སྲོལ་གཞན་པ་དཔང་ལོ་ཆེན་མོའི་ཚོགས་གསུམ་གསལ་བར། གཞན་པའང་ཅི་ལྟ་བུ་ཞེ་ན། ཨ་ཨི་ཨུ་རྀ་བཞི་རྣམས་ལ། ཐུང་རིང་པླུ་ཏ་གསུམ་གསུམ་སྟེ། །རེ་རེ་ལ་ཡང་ཨུ་དཏ་ཏ། །ཨ་ནུ་དཏ་སྭ་རི་ཏིའོ། །དབྱངས་ཀྱི་ཡི་གེ་བཞི་པོ་དེ་ལ་སོ་སོར་རེ་རེ་ལ་ཐུང་ངུ་དང་རིང་བོ་དང་པླུཏ་ཞེས་པའི་ཤིན་ཏུ་རིང་བོར་ཕྱེ་བས་གསུམ་གསུམ་སྟེ། དེ་གསུམ་རེ་རེ་ལའང་ཨུ་དཏྟ་དང་ཨནུ་དཏྟ་དང་སྭ་རི་ཏ་སྟེ་རེ་རེ་ལ་གསུམ་གསུམ་དུ་ཕྱེ་བས་དགུ་དགུའོ་། དེ་ཡང་སྣ་ལྡན་སྣ་མེད་དུ། །ཕྱེ་བས་བཅོ་བརྒྱད་རྣམས་སུ་འགྱུར། །དགུ་བོ་རེ་རེ་ལ་ཡང་སྣ་ལྡན་དང་སྣ་ལྡན་མ་ཡིན་པ་གཉིས་གཉིས་སུ་ཕྱེ་བས་ཨ་ལ་སོགས་པ་རེ་རེ་ཡང་བཅོ་བརྒྱད་དུ་འགྱུར་རོ། །མཚམས་སྦྱོར་ཡི་གེ་ཐུང་ངུ་མེད་། ལྀ་ཡིག་རིང་བོ་མེད་པས་ན། ལྔ་བོ་བཅུ་གཉིསབཅུ་གཉིས་སོ། ཨེ་ཨཻ་ཨོ་ཨཽ་རྣམས་མཚམས་སྦྱོར་གྱི་ཡི་གེའི་མིང་ཅན་ཡིན་ཞིང་དེ་བཞི་ལ་ཐུང་ངུ་མེད་ལ། ལྀ་ལ་རིང་བོ་མེད་པས་བཅུ་གཉིས་རེ་སྟེ། བསྡོམས་པས་བརྒྱ་དང་སུམ་ཅུ་གཉིས། བརྡ་སྤྲོད་པའི་གཞུང་ཆེ་བ་རྣམས་སུ་དབྱངས་བརྒྱ་སུམ་ཅུ་རྩ་གཉིས་སུ་བཤད་དོ།། ཞེས་ཀྱང་གསུངས་སོ།།
༦༽ངག་གི་འདུ་བྱེད་རྣམ་པ་བདུན་གྱི་དཔེ་ལུས་ཀྱི་སྒོ་ནས་བསྟན་པ།
མཚོན་འདེབས་གར་དང་ལས་བྱེད་དང་།།
སྟབས་འགྲོས་ལྟ་སྟངས་བྱེ་བྲག་དང་།།
རྐང་ལག་མིག་གི་འགྱུར་བག་གིས།།
ལུས་ཀྱི་འདུ་བྱེད་བདུན་པོ་ནི།།
ཐད་ཀར་ལྟ་དང་གྱེན་དུ་ལྟ།།
དེ་བཞིན་བཟློག་སྟེ་ལྟ་བ་དང་།།
བསྟོད་དེ་ལྟ་དང་སྨད་དེ་ལྟ།
བསགྲིམ་དང་ཀློད་དེ་ལྟ་བ་ལྟར།།
གང་ལ་སོགས་པ་འང་དེ་བཞིན་ཏེ།།
ལུས་ཀྱི་འདུ་བྱེད་བདུན་པོ་ལྟར།།
ངག་གི་འདུ་བྱེད་དེ་བཞིན་ནོ།།
ངག་གི་འདུ་བྱེད་དམ་དབྱངས་ཀྱི་ང་རོ་བདུན་པོ་དེ་དག་ལུས་ཀྱི་འདུ་བྱེད་བདུན་དང་མཐུན་པ་སྟེ། དཔའ་བོས་མཚོན་ཆ་འདེབས་པ་དང་། མཛེས་མས་གར་འཁྲབ་དང་། དེ་ལས་གཞན་ཡང་ལས་གང་ལ་བྱེད་པ་པོ་གང་གོས་བྱ་བ་གང་ཞིག་རྩོམ་པ་ན། དྲང་པོ་བྱེད་པ་དང་། བསྒྲེང་སྟེ་བྱེད་དང་། བཀུག་པ་དང་། བསྟོད་པ་དང་། སྨད་པ་དང་། བསྒྲིམས་པ་དང་། ཀློད་པ་སྟེ། བདུན་པོ་དེ་དག་གོ་སྒོ་ནས་རྩོམ་པར་བྱེད་དེ། དེ་དག་ལས་ལྷག་པའི་ལུས་ཀྱི་འདུ་བྱེད་རྩོམ་དུ་མེད་དོ། །དེ་ལས་རྐང་པའི་སྟབས་འགྲོས་ལྟ་བུ་དཔེར་མཚོན་ན། ཐད་ཀར་གོམ་པ་འདོར་བ་ནི་དྲང་པོ་དང་། སླར་ཡང་བཟློག་པའི༷་ཚུལ་གྱིས་འདོར་བ་ནི་བཀུག་པ་དང་། དེས་མཚོན་ནས་གོམ་པ་གྱེན་དུ་འདོར་བ་ནི་བསྒྲེང་པ་དང་། གོམ་པ་འཕང་བསྟོད་དེ་འདོར་བ་ནི་བསྟོད་པ་དང་། གོམ་པ་འཕང་སྨད་དེ་འདོར་བ་ནི་སྨད་པ། གོམ་པ་བསྒྲིམས་ཏེ་སྤོ་བ་ནི་སྒྲིམ་པ་དང་།་གོམ་པ་ཀློད་དེ་འདོར་བ་ནི་ཀློད་པའོ།། དེ་བཞིན་དུ་སྐྱེས་བུ་གང་ཞིག་གིས་ལྟ་བྱའི་ཡུལ་ཞིག་ལ་ལྟ་བའི་ཚེ། ལྟ་སྟངས་ཀྱི་འདུ་བྱེད་བདུན་དུ་ངེས་ཏེ། མིག་མི་འགྱུར་བར་ཐད་ཀར་ལྟ་བ་ནི་དྲང་པོར་ལྟ་བའོ།། བསྒྲེང་སྟེ་ལྟ་བ་ནི་བལྟ་བྱའི་གནས་ལས་གྱེན་དུ་ལྟ་བའོ།། བཀུག་སྟེ་ལྟ་བ་ནི་ཕྱོགས་གཞན་ནས་བསྐོར་ཞིང་བཟློག་སྟེ་ལྟ་བའོ།། བསྟོད་དེ་ལྟ་ནི་མིག་འཕང་བསྟོད་དེ་ལྟ་བའོ།། སྨད་དེ་ལྟ་བ་ནི་མིག་འཕང་སྨད་དེ་ལྟ་བའོ།། བསྒྲིམ་སྟེ་ལྟ་བ་ནི་མིག་གིས་སྟངས་བསྒྲིམ་སྟེ་ལྟ་བའོ།། ཀློད་དེ་ལྟ་བ་ནི་མིག་ལྟ་སྟངས་ཀློད་ནས་ལྟ་བའོ།། དེ་ལྟར་རྐང་པ་དང་། ལག་པ།་མིག་གི་འགྱུར་བག་དག་གིས། ལུས་ཀྱི་འདུ་བྱེད་བདུན་དུ་འགྱུར་བ་དེ་ལྟར། མཚོན་འདེབས་པ་དང་གར་ལ་སོགས་པ་འང་དེ་བཞིན་ཏེ། བྱེད་པོ་དང་བྱ་བ་གཉིས་དང་པོ་ཇི་ལྟར་གནས་པ་དེ་བཞིན་དུ་བྱེད་པ་ནི་དྲང་པོའོ། གྱེན་དུ་བྱེད་པ་ལྟ་བུ་ནི་བསྒྲེང་པའོ།། གཞན་ནས་བྱེད་པ་ལྟ་བུ་ནི་བཀུག་པའོ།། འཕང་བསྟོད་དེ་བྱེད་པ་ནི་བསྟོད་པའོ།། ཕང་སྨད་དེ་བྱ་བ་ནི་སྨད་པའོ།། བྱ་བར་བསྒྲིམ་ཏེ་བྱེད་པ་ནི་བསྒྲིམ་པའོ།། བྱ་བར་ཀློད་དེ་བྱེད་པ་ནི་ཀློད་པ་སྟེ། འདུ་བྱེད་བདུན་པོ་དེད་དག་ཇི་ལྟ་བ་དེ་བཞིན་དུ། དབྱངས་ཀྱི་ང་རོ་དག་ཀྱང་དྲང་པ་ནི་ཨ་དང་ལྡན་པའི་ཚོགས་རྣམས་སོ།། བསྒྲེང་པ་ནི་ཨེ་དང་ལྡན་པའོ།། བཀུག་པ་ནི་ཨི་དང་ལྡན་པའོ། བསྟོད་པ་ནི་ཨོ་དང་ལྡན་པའོ། སྨད་པ་ནི་ཨུ་དང་ལྡན་པའོ། བསྒྲིམ་པ་ནི་རྀ་དང་ལྡན་པའོ། ཀློད་པ་ནི་ལྀ་དང་ལྡན་པ་སྟེ། ལུས་ཀྱི་འདུ་བྱེད་བདུན་པོའི་འགྱུ་བག་ཇི་ལྟ་བ་ངག་གི་འདུ་བྱེད་དག་ཀྱང་དེ་བཞིན་ནོ།། ཞེས་པ་སྟེ་གོ་སླའོ།།
༧ ངག་གི་འདུ་བྱེད་རྣམ་པ་བདུན་གྱི་དཔེ་ཡི་གེའི་དབྱིབས་ཀྱི་སྒོ་ནས་བསྟན་པ།
དེ་བསྟན་དབྱིབས་ཀྱི་གནས་ལུགས་ཀྱང་།།
མདའ་དང་གླང་ཆེན་བསེ་རུ་སྣ།།
གདུགས་དང་རྐང་བརྟེན་ལྟ་བུ་དང་།།
མེ་རི་ཆུ་ཡི་དཀྱིལ་འཁོར་ལྟར།།
ཐད་ཀ་ཟུར་དང་ཟུར་ལོག་དང་།།
སྟེང་འོག་རང་གི་ལུས་རྣམས་ལ།།
གནས་པའི་བརྡས་ནི་ཤེས་པར་བྱ།།
ངག་གི་འདུ་བྱེད་བདུན་པོ་དེ་དག་བསྟན་པའི་ཆེད་ཕྱི་རོལ་གཟུགས་དབྱིབས་ཀྱི་དཔེའི་སྒོ་ནས་དོན་ཀྱི་གནས་ལུགས་དག་ཀྱང་མཚོན་པར་བྱེད་དེ། ཇི་ལྟར་མཚོན་པ་ནི།་དེ་ཡང་དྲང་པོའི་ཡི་གེ་ནི་མདའ་དང་འདྲ་འོ། བསྒྲེང་པའི་ཡི་གེ་ནི་རི་དྭགས་བསེ་རུའི་རྭ་དང་འདྲ་བའོ།། བཀུག་པའི་ཡི་གེ་ནི་གླང་པོ་ཆེའི་སྣ་དང་འདྲ་བའོ།། བསྟོད་པའི་ཡི་གེ་ནི་གདུགས་དང་འདྲ་བའོ།། སྨད་པའི་ཡི་གེ་ནི་སྐྱེས་བུའི་རྐང་བརྟེན་ལྟ་བུའོ།། བསྒྲིམ་པའི་ཡི་གེ་ནི་མེ་རི་དང་འདྲ་བའོ།། ཀློད་པའི་ཡི་གེ་ནི་ཆུ་ཡི་དཀྱིལ་འཁོར་དང་འཕྱོ་བ་དང་འདྲ་སྟེ། དབྱིབས་གཟུགས་བདུནཔོ་དེ་དག་རང་རང་གི་སྒྲ་དང་མཐུན་པའི་བརྗོད་འདོད་ཀྱི་བརྡ་ཡང་མཚོན་པར་བྱེད་དེ། སྒྲ་དྲང་པོར་བརྗོད་བྱེད་ཀྱི་བརྡ་འམ་སྐུལ་སློང་ཡང་དྲང་པོ་སྟེ།་ལྷག་མ་དྲུག་ལའང་དེ་བཞིན་སྦྱར་རོ།། མཚོན་མ་དེ་དག་གི་གནས་ལུགས་ཀྱང་འདྲ་དང་འདྲ་བས་ནི་ཐད་ཀར་མཚོན་པ་དང་། བསེ་རུས་ཟུར་དང་། གླང་པོ་ཆེས་ཟུར་ནས་ལོག་དང་། གདུག་ནི་སྟེང་དང་། རྐང་རྟེན་གྱིས་འོག་དང་། མེ་རི་དང་ཆུའི་དཀྱིལ་གྱིས་རང་གི་ལུས་ལ་མཚོན་པ་སྟེ། ལེགས་སྦྱར་གྱི་ཡིག་གཟུགས་འབྲི་བའི་དབྱིབས་རིས་ཀྱང་འདི་ལས་བཤད་པ་དང་མཐུན་པའོ། །འདི་དག་གིས་ཀྱང་རྗོད་པའི་ངག་དང་དེ་བརྗོད་འདོད་ཀྱི་བརྡ་གཉིས་མཐུན་པར་བསྟན་ཏེ། དྲང་པོ་ལ་ཐད་ཀས་མཚོན་པའི་བརྡས་གཞན་ལའང་རིགས་བསྒྲེ་ནས་ཤེས་པར་བྱའོ།།
༨ ཡི་གེའི་རྒྱུ་བདུན་བཤད་པ།
དེས་བསྟན་བརྡ་ཅན་འབྱུང་བ་ན།།
ལྕགས་རྣམས་ལ་ནི་ཁབ་ལེན་བཞིན།།
རྣམ་རྟོག་དབང་གིས་རླུང་རྣམས་གཡོ།།
ཇི་ལྟར་གནས་གཞི་མེད་བཞིན་དུ།།
མཁའ་ལ་འདབ་བསྐྱོད་རླུང་འབྱུང་ལྟར།།
རྣམ་པར་རྟོག་པས་བསྐྱོད་པ་ན།།
པཱ་ཡ་ཏ་ཞེས་བྱ་བའི་རླུང་།།
ལུས་ལ་རབ་ཏུ་གཡོ་བར་འགྱུར།།
གཡོ་རླུང་རབ་ཏུ་གཡོས་པ་ཡིས།།
བྱེད་པ་ཀུན་ཏུ་བསྐྱོད་པས་ན།།
དོག་དང་ཡངས་པའི་གནས་རྣམས་སུ།།
ཕྲད་དང་ཅུང་ཟད་ཕྲད་པར་བྱེད།།
དེརའི་ཚེ་ནི༔ཤྭཱ་སྭཱ་ཞེས་པའི།།
རླུང་དང་ལྷན་ཅིག་འབྱུང་བ་སྟེ།།
ཇི་ལྟར་གསུགས་ལ་འབྱུང་བ་བཞིན།།
ང་རོ་ལ་ནི་བརྟེན་བཞིན་དུ།།
རྣམ་རྟོག་རང་གི་སྣང་ཆ་ལས།།
གཟུགས་བརྙན་བཞིན་དུ་ཆ་མཉམ་སྐྱེ།།
བརྗོད་འདོད་ཀྱི་བརྡ་དེས་བསྟན་པའི་བརྡ་ཅན་རྗོད་བྱེད་སྒྲ་རྣམས་རྒྱུ་བདུན་ཚོགས་པ་ལས་འབྱུང་ལ། རྒྱུ་བདུན་ནི། གནས་དང་། བྱེད་པ་དང་། རྣམ་རྟག་དང་། རླུང་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། ཀུན་འགྲོ་རྒྱུ། སྐལ་མཉམ་རྒྱུ་དང་བདུན་ནོ།། དེ་དག་རིམ་པར་བཞིན་འཆད་པ་ལ། དཔེར་ན་ལྕགས་ནི་ཁབ་ལེན་གྱིས་གཡོ་བ་བཞིན་དུ་རྣམ་རྟོག་གིས་ལུས་ལ་གནས་པའི་རླུང་(བཱ་ཡ་ཏ)བསྐུལ་ནས་དེས་སྒྲ་འབྱུང་བའི་གནས་རྣམས་གཡོ་བར་བྱེད་དོ། །རྣམ་རྟོག་གིས་རླུང་ཇི་ལྟརསྐྱོད་དམ་ཞེ་ན། དཔེར་ན། འདབ་ཆགས་མཁའ་ལ་འཕུར་བའི་ཚེ་འདབ་གཤོག་བསྐྱོད་པ་ལས་རླུང་ཤུགས་འབྱུང་བ་དང་འདྲ་བར། སྐྱེས་བུས་རྣམ་རྟོག་ལས་བྱུང་བའི་བརྗོད་འདོད་ཀྱི་དོན་དེ་གཞན་གྱིས་གོ་བར་འདོད་པའི་ཤུགས་ཀྱིས་སྐྱོད་པའི་ཚེ། རང་གི་ལུས་ལ་ཁྱབ་པའི་རླུང་(བཱ་ཡ་ཏ)གི་རྒྱུ་བ་ཀུན་ནས་གཡོ་བར་བྱེད། དེའི་རྐྱེན་གྱིས་སྐྱེ་བུ་དེའི་ལྕེ་སོགས་བྱེད་པའི་རྐྱེན་རྣམས་གཡོ་ཞིང་ཡི་གེ་སྐྱེ་བའི་གནས་རྣམས་དང་ཕྲད་སྟོབས་ཀྱིས་བརྗོད་འདོད་ཀྱི་བརྡའི་སྐུལ་སློང་དང་མཐུན་པའི་ངག་གི་འདུ་བྱེད་དག་འབྱུང་བ་ཡིན་ནོ།། དེའི་ཚེ་ངག་གི་བརྗོད་པ་དང་ལྷན་ཅིག་དུ་འབྱུང་བའི་ཤྭཱ་སྭཱ་ཞེས་པའི་རླུང་ནི་ངག་གི་འདུ་བྱེད་ཀྱི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ནོ།། ངག་གི་འདུ་བྱེད་དེ་ཉིད་ལ་ཁྱབ་པའི་དབྱངས་གསལ་རྣམས་ནི་ཀུན་འགྲོ་རྒྱུ་ཡིན་ཏེ། ཡི་གེ་ཐམས་ཅད་དབྱངས་གསལ་གྱི་རྗེས་སུ་ཀུན་ཏུ་འགྲོ་བས་སོ། དཔེར་ན། གཟུགས་མཐའ་དག་འབྱུང་བ་བཞིས་བསྐྱེད་པ་བཞིན་ནོ།།
སྐྱེས་བུའི་རྣམ་རྟོག་གི་སྣང་ཆ་ལས་རྗོད་བྱེད་ཀྱི་སྒྲ་དང་བརྗོད་བྱའི་དོན་གཉིས་འབྲེལ་བ་སྣང་བ། བརྗོད་བྱ་གདུང་འདེགས་ཀྱི་དོན་བྱེད་ནུས་པ་ལ། རྗོད་བྱེད་ཀྱི་མིང་ཀ་བ་ཞེས་གདགས་པ་དེ་དང་འབྲེལ་ནས། བརྡ་དུས་སུ་རྟོག་པའི་ཞེན་པ་ལྟར་མིང་བརྡས་སྦྱར་བ་ལ། ཕྱིས་ནས་སྐྱེས་བུ་རང་གི་རྟོག་ངོ་འཆར་བ་དང་འདྲ་བའི་མིང་གིས་འཇུག་པ་ན། དོན་དེ་ཉིད་མིང་ཚིག་དེའི་ངོས་སུ་མེ་ལོང་ལ་གཟུགས་བརྙན་བཞིན་འཆར་བ་ཡིན་ལ། འདི་ནི་ཡི་གེའི་སྐལ་མཉམ་གྱི་རྒྱུ་ཡིན་ནོ།། དཔང་ལོ་ཆེན་མོའི་ཚོགས་གསུམ་ལས། ད་ནི་ཡི་གེའི་རྒྱུ་བརྗོད་པ། བརྗོད་འདོད་དབང་གིས་རླུང་གཡོས་ཤིང་། དེ་ཡིས་གནས་དང་བྱེད་པ་དང་། རྩོལ་བ་བསྐྱེད་དེ་དབུགས་དབྱུང་དང་། ལྷན་ཅིག་ཡི་གེ་གདངས་རྣམས་སྐྱེ། །ཞེས་སོ། །སློབ་དཔོན་ཆོས་མཆོག་གིས། ངག་གི་དོན་སྣང་བའི་སེམས་པ་ལས་བརྗོད་འདོད་སྐྱེ་ལ། དེ་ལས་གནས་དང་བྱེད་པ་ཕྲད་ཅིང་དེ་ལས་སྒྲ་སྐྱེའོ་ཞེས་གསུངས་མོད་གནས་ཕྲད་པར་བྱེད་པ་ལ་རླུང་ཡང་དགོས་པར་གསལ་ལོ། ཐུན་མོང་མ་ཡིན་པའི་རྒྱུའི་དབང་དུ་མཛད་ནས། སློབ་དཔོན་ཆེན་པོ་ཙནྡྲགཽ་མིས་ཡི་གེའི་མདོར། གནས་དང་བྱེད་པ་དང་རྩོལ་བ་རྣམས་ལས་ཡི་གེ་རྣམས་སྐྱེའོ། ཞེས་གསུངས་སོ།།
༨ ཡི་གེའི་རྒྱུ་དེ་དག་བསྡུས་ཏེ་བསྟན་པ།
གནས་རྣམས་དང་ནི་བྱེད་པ་དང་།།
རྣམ་པར་རྟོག་དང་རླུང་གཉིས་དང་།།
ང་རོ་གསལ་བྱེད་སྣང་ཆ་ཡིས།།
ངག་གི་འདུ་བྱེད་ཀུན་ཏུ་བསྐྱེད།།
ཡི་གེ་འབྱུང་བའི་རྒྱུ་དེ་དག་བསྡུ་ན་ཡི་གེ་སྐྱེ་བའི་གནས་ཁོག་པ་སོགས་(འདི་དག་ལ་གཞིའི་རྒྱུ་ཞེས་ཀྱང་བྱའོ་)དང་། བྱེད་པའི་རྒྱུ་ཕྲད་པ་སོགས་(འདི་དག་འབྱིན་པའི་རྒྱུ་ཞེས་ཀྱང་བྱའོ)དང་། རྣམ་པར་རྟོག་པ་(སྐུལ་བའི་རྒྱུ་ཞེས་ཀྱང་བྱའོ)དང་། བྱེད་པ་རྣམ་སྐྱོད་པར་བྱེད་པའི་རྒྱུ་རླུང་བཱ་ཡ་ཏ་དང་། ཡི་གེ་དང་ལྷན་དུ་འབྱུང་བའི་རྒྱུ་རླུང་ནི་(བཱ་ཡ་ཏ་དང་ནིཤྭཱ་སྭཱ་)གཉིས་དང་། ཀུན་ཏུ་འགྲོ་བའི་རྒྱུ་ང་རོ་བཅུ་དྲག་དང་གསལ་བྱེད་བཅོ་བརྒྱད། སྐལ་མཉམ་གྱི་རྒྱུ་རྟོག་པའི་ཞེན་སྣང་ལ་འཆར་བའི་ཕྱི་རོལ་གྱི་གཟུང་བའི་ཆ་ཡིས་དབྱེ་བ་སྟེ། རྒྱུ་བདུན་པོ་དེ་དག་ལས་ངག་གི་འདུ་བྱེད་ཀུན་ཏུ་བསྐྱེད་དོ།།
༩༽ཡི་གེའི་རྒྱུ་སོ་སོའི་ངོ་བོ་བཤད་པ་ནི།
རྒྱུ་བདུན་དག་ལས་འབྱུང་བ་ནི། །
གནས་རྣམས་གཞི་ཡི་རྒྱུད་ཡིན་ཏེ། །
བྱེད་པ་འབྱིན་པར་བྱེད་པའི་རྒྱུ། །
དེ་བཞིན་རྣམ་རྟོག་བསྐུལ་བའི་རྒྱུ། །
ཇི་ལྟར་ཤིང་ལས་རླུང་བཞིན་དུ། །
བྱེད་པ་སྐྱོད་རྒྱུ་བ་ཡ་ཏའོ། །
སྐྱེས་བུ་དང་ནི་བཞོན་པ་བཞིན། །
ལྷན་ཅིག་ཇའབྱུང་རྒྱུ་ནི་ཤྭ་ས། །
ང་རོ་རྣམས་དང་གསལ་བྱེད་ནི། །
ཀུན་ཏུ་ཁྱབ་པར་འགྲོ་བའི་རྒྱུ། །
སྣང་ཆ་འདྲ་བར་འབྱུང་བ་ནི། །
སྐལ་བ་མཉམ་པའི་རྒྱུ་ཞེས་བྱ། །
ཡི་གེའི་རྒྱུ་བདུན་ཏེ གཞིའི་རྒྱུ་གནས་རྣམས་དང། །འབྱིན་པའི་རྒྱུ་རྐྱེན་རྣམས་དང། སྐུལ་བའི་རྒྱུ་རྣམ་རྟོག་དང། སྐྱོད་པའི་རྒྱུ་རླུང་བཱ་ཡ་ཏ་དང། ལྷན་ཅིག་འབྱུང་བའི་རྒྱུ་རླུང་ནི༔ཤྭཱ་སྭཱ་སྟེ་དབུགས་དང། ཀུན་ཏུ་འགྲོ་བའི་དབྱངས་གསལ་ཉེར་ལྔ་དང། སྐལ་བ་མཉམ་པའི་རྒྱུ་རྟོག་པའི་ཞེན་ཡུལ་སྟེ་བདུན་ནོ། ། དེ་དག་གིས་ཡི་གེའི་རྒྱུ་བྱེད་སྟངས་ཀྱི་ཆ་ནས། ཁོག་པ་དང་མགྲིན་པ་ལ་སོགས་པ་ཡི་གེ་གང་ནས་འབྱུང་བའི་གནས་ལ་ནི་གཞིའི་རྒྱུ་ཞེས་བྱ་སྟེ། དཔེར་ན། དྲིལ་བུའི་སྒྲ་གང་ནས་འབྱུང་བའི་སྦུགས་སམ་ཁོག་དང་འདྲའོ། །རྐན་ལྕེ་སྦྱར་བ་དང། སོ་ལྕེ་སྦྱར་བ་དང། མཆུ་གཉིས་སྦྱར་བ་སོགས་ནི་འབྱིན་པར་བྱེད་པའི་རྒྱུ་ཞེས་བྱ་སྟེ། དྲིལ་བུའི་ལྕེ་དང་འདྲའོ། །ཀུན་སློང་གི་རྣམ་རྟོག་ལ་སྐུལ་བའི་རྒྱུ་ཞེས་བྱ་སྟེ། དེ་ནི་དྲིལ་བུ་བསིལ་བར་བྱེད་པའི་སྐྱེས་བུ་དང་འདྲའོ། །བཱ་ཡ་ཏ་ཞེས་བྱ་བའི་རླུང་ལ་སྐྱོད་པར་བྱེད་པའི་རྒྱུ་ཞེས་བྱ་སྟེ། དྲིལ་བུའི་ལྕེ་སྐྱོད་པར་བྱེད་པའི་རླུང་གི་ཤུགས་དང་འདྲ་བས་སོ། །བཞི་པོ་དེ་དག་ནི་རང་འབྲས་ཡི་གེའི་སྔ་རོལ་དུ་ངེས་པར་འབྱུང་དགོས་པས་སྐྱེད་བྱེད་ཀྱི་རྒྱུ་ཡིན་ལ། ནི༔ཤྭཱ་སྭཱ་ཞེས་བྱ་བ་ནི་དབུགས་ཀྱི་སྐད་དོད་ཡིན་ལ། དེ་འདྲའི་དབུགས་ནི་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། ཡི་གེའི་སྒྲ་རྣམས་ནི་དབུགས་དང་རྐན་ལྷན་ཅིག་སྐྱེ་འགག་བྱེད་ཅིང་། དབུགས་ཀྱི་རྟ་ལ་ཞོན་པའི་ཕྱིར། དབྱངས་བདུན་དང་གསལ་བྱེད་བཅོ་བརྒྱད་པོ་རྣམས་ལ་ནི་ཀུན་ཏུ་འགྲོ་བའི་རྒྱུ་ཞེས་བྱ་སྟེ། འབྲས་བུ་འབྱུང་གྱུར་གཟུགས་གང་ན་ཡོད་པ་དེ་ན་རྒྱུ་འབྱུང་བའི་གཟུགས་ཀྱིས་ཁྱབ་པ་བཞིན་ནོ། །རྟོག་པ་ལ་དབྱངས་གསལ་གྱི་ཡི་གེ་དེ་དང་དེར་སྣང་བའི་ཤེས་རྣམ་ལ་ནི་སྐལ་བར་མཉམ་པའི་རྒྱུ་ཞེས་བྱ་སྟེ། ཡི་གེ་རང་རང་གི་རིགས་འདྲའི་རྒྱུ་སྔ་མ་ཡིན་པའི་ཕྱིར། དཔེར་ན་བྱད་བཞིན་དང་དེའི་གཟུགས་བརྙན་བཞིན་ནོ། ། འཇམ་མགོན་ས་སྐྱ་པཎྚི་ཏས ། དང་པོ་བཞི་སྔོན་དུ་འགྲོ་བའི་རྒྱུ་དང། ཕྱི་མ་གསུམ་སྐལ་བ་མཉམ་པའི་རྒྱུར་བཞེདདེ། སྒྲ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ལས། གསུམ་པ་རྒྱུ་ནི། གཉི་སལས་ཕྱ་བས་བདུན་འགྱུར་ཏེ། སྔོན་དུ་འགྲོ་བའི་རྒྱུ་བཞི་དང་། སྐལ་བ་མཉམ་པའི་རྒྱུ་གསུམ་མོ།། ཞེས་གསུངས།་དབུས་པ་བློ་གསལ་གྱིས་ནི། ཇི་སྐད་དུ། བཞི་ནི་སྔོན་དུ་འགྲོ་བའི་རྒྱུ། །ལྷག་མ་ལྷན་ཅིག་འབྱུང་བར་བཞེད། །ཡང་ན་རྣམ་རྟོག་ཉེར་ལེན་རྒྱུ། །ལྷག་མ་ལྷན་ཅིག་འབྱུང་བར་བཞེད། །ཡང་ན་རྣམ་རྟོག་ཉེར་ལེན་རྒྱུ། །ལྷག་མ་ལྷན་ཅིག་བྱེད་པར་ཤེས། །ཞེས་བཤད་དོ། །
སྐབས་འདིར་པཎ་ཆེན་ཤཱཀ་མཆོག་པས། དེ་ཡང་འདི་ལྟར་ཤེས་དགོས་ཏེ། ཡི་གེ་དངོས་ནི་རྣམ་པར་རྟོག་པ་ལ་དེ་དང་དེར་སྣང་བའི་ཤེས་རྣམ་ལ་བྱ་ལ། དེ་ལས་གཟུགས་བརྙན་གྱི་ཚུལ་དུ་བྱུང་བའི་སྒྲ་ཉན་ཤེས་ཀྱིས་ཐོས་པ་དེ་ནི་ཡི་གེའི་གཟུགས་བརྙན་ནམ་འབྲས་བུ་ཡིན་གྱི། ཡི་གེ་དངོས་མ་ཡིན་ནོ། །དེ་ལྟར་ན་ཡི་གེ་དངོས་དང། དེ་ཀུན་ནས་སློང་བའི་རྟོག་པ་དང། ཡི་གེ་དེའི་འབྲས་བུར་གྱུར་བའི་སྒྲ་ཉན་ཤེས་ཀྱིས་ཐོས་པ་དང་གསུམ་མོ། །དོན་དེ་ལ་དགོངས་ནས། ཡི་གེ་ཀུན་སློང་ཤེས་པ་ལས། སྐྱེ་ལ། ཞེས་དང་ཤེས་པས་སྒྲ་སྐྱེའོ། །དེ་ཡི་ཁྱད་པར་ཅན་དེ་ནི། །སྣང་བས་ངེས་པར་འགྱུར་བ་ཡིན། །ཞེས་གསུངས་སོ། །དེ་ལྟ་མོད་ཀྱི་གཞུང་འདིར་ནི་ཡི་གེའི་འབྲས་བུ་ལ་ཡི་གེར་བཏགས་ནས། ཡི་གེ་དངོས་སུ་འཆད་རྒྱུ་དེ། །སྐལ་བ་མཉམ་པའི་རྒྱུ་བཤད་དོ། །ཞེས་གསུངས།
༡༠༽ཡི་གེ་རང་བཞིན་བཤད་པ།
ཡི་གེ་རང་བཞིན་བཤད་པ་ལ། གནས་ཀྱི་ཡི་གེ་རྒྱས་པར་བཤད་པ་དང། རྩ་བའི་ཡི་གེ་རྒྱས་པར་བཤད་པའོ། །དང་པོ་ལ་ལྔ་སྟེ། འབྲས་བུའི་དབྱེ་བ། གྲངས་ཀྱི་དབྱེ་བ། གནས་ཀྱི་དབྱེ་བ། འདྲེན་པའི་དབྱེ་བ། འབྱིན་པའི་རྐྱེན་བཤད་པའོ། །
(༡)འབྲས་བུའི་དབྱེ་བ་ནི། །
དེ་ལ་གདངས་ཀྱི་བྱེ་བྲག་ནི། །
རྒྱུ་རྣམས་དག་གིས་ཕྱེ་བ་སྟེ། །
སྔོན་དུ་སོང་བར་རིག་པར་བྱ། །
དེ་ལ་རྒྱུ་དང་རང་བཞིན་ནོ། །
དེ་ལ་གནས་ཀྱི་ཡི་གེ་གསལ་བྱེད་རྣམས་གདངས་ཀྱི་བྱེ་བྲག་གང་ལས་བྱུང་བའི་རྒྱུ་བཤད་མ་ཐག་པ་བདུན་དེ་དག་གིས་ཕྱེ་བ་སྟེ། འབྲས་བུ་མི་འདྲ་བ་རྣམས་ཀྱི་རྒྱུ་མི་འདྲ་བ་སྔོན་དུ་སོང་བ་རིག་པར་བྱ་སྟེ། དེས་ན་རྒྱུ་ནི་གོང་དུ་བཤད་པ་བདུན་པོ་དང་རང་བཞིན་ནི་ང་རོ་བདུན་པོ་དེ་དག་གོ །
(༢)གྲངས་ཀྱི་དབྱེ་བ་ནི།
ང་རོ་དྲང་པོ་ལས་བྱུང་བ།
ཀ་སོགས་སྡེ་ནས་རིམ་བཞིན་དུ། །
སྡེ་ལྔ་དག་དང་ཨནྟཥྛ། །
ཨུསྨ་ཤྭ་དང་མཐར་ཟད་དོ། །
གནས་ཀྱི་ཡི་གེ་སུམ་ཅུ་སྟེ། །
མིང་དང་ཕོ་ཞེས་བྱ་བ་སྟེ། །
གནས་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་པོ་དེ་དག་ལས། ཀ་སྡེ་ནས་རིམ་པར་བཞིན་པ་སྡེ་བར་གྱི་སྡེ་བ་ལྔ་སྟེ། ཀ་ཁ་ག་གྷ་ང་། ཅ་ཆ་ཇ་ཇྷ་ཉ། ཊ་ཋ་ཌ་ཌྷ་ཎ།། པ་ཕ་བ་བྷ་མ།་བཅས་ལྔ་ཚན་ལྔར་ཕྱེས་པའི་གནས་ཀྱི་ཡི་གེ་ཉེར་ལྔ་ནི། ང་རོ་དྲང་པོ་ཨ་ཐུང་ཞུགས་པ་ལས་བྱུང་བའོ། ། ཡ་ར་ལ་ཝ་བཞི་ནི་ཨནྟསྠ(ཥྛ)་ཞེས་པ་མཐར་གནས་ཏེ་རིམ་པར་བཞིན་སྡེ་པ་ལྔ་པོ་དེ་དག་གི་མཐའ་ན་གནས་པས་སོ། །གཞན་དུ་བར་གནས་ཞེས་ཀྱང་བྱ་བ་བཤད་དེ། དེའི་རྒྱུ་མཚན་ནི། ཨནྟདང་སྠའི་བར་དུ་རྣམ་བཅད་ཀྱི་དབྱངས་༔ ཞུགས་པ། ཨནྟ༔སྠ་ཉིད་ཡིན་ཡང་མཚམས་སྦྱར་གྱི་༔ བསྡུས་པས། ཨནྟསྠ་ཞེས་གྲུབ་པས་སོ། །ཞེས་འཆད་དེ་མཁས་པའི་བཤད་པ་ཉིད་དུ་སེམས་ལ། དེའི་སྒྲ་དོན་ནི། སྡེ་བ་ལྔ་དང་དྲོ་བའི་བར་དུ་གནས་པས་དེ་སྐད་འདོགས་པར་སེམས་མོད། སྔོན་བྱོན་བོད་ཀྱི་མཁས་པ་ཚོས་གསུང་སྲོལ་ནི་སྔ་མ་ཁོ་ན་ཉིད་དུ་ངེས་པར་སེམས་སོ།། ཤ་ཥ་ས་ཧ་དང་བཞི་ནི་ཨུསྨ་ཥ་ཞེས་པ་དྲོ་བ་སྟེ། དེ་ངག་འདོན་པ་ན་དབུགས་དྲོ་བ་འབྱུང་བའི་ཕྱིར། ། ཀྵ་ཡིག་ནི་མཐར་ཟད་དེ་ཀྵྱནྟ་ཞེས་པ་མཐར་ཟད་པ་དང་མ་ལུས་པ་ལ་འཇུག་པས་སོ། །དེ་ལྟར་ན་གནས་ཀྱི་ཡི་གེ་སུམ་ཅུ་རྩ་བཞི་པོ་དེ་དག་ལ། མིང་གི་ཡི་གེ་ཞེས་ཀྱང་བྱ་ལ། ཕོའི་ཡི་གེ་ཞེས་ཀྱང་བྱའོ། །
དེ་ཡང་སྤྱིར་ཡི་གེ་ལ་སྒྲའི་ཡི་གེ་དང། གནས་ཀྱི་ཡི་གེ་ཞེས་བྱ་བ་གཉིས་སུ་འབྱེད་ཅིང་། དབྱངས་ཀྱི་ང་རོ་རྣམས་ལ་ནི་སྒྲ་ཡི་གེ་དང་གསལ་ཀྱི་རྣམས་ལ་གནས་ཀྱི་ཡི་གེ་ཞེས་བྱའོ། །
དཔང་ལོ་ཆེན་པོ་ནི། དེ་ལ་དང་བོར་ཡི་གེའི་དབྱེ་བ་བརྗོད་པར་བྱ་སྟེ། དབྱངས་ནི་བཅུ་བཞི་གསལ་བྱེད་ནི།།སུམ་ཅུ་གསུམ་དུ་མཁས་པས་གསུངས།། སྡེ་བ་ལྔ་ཚན་ལྔ་དང་ནི། མཐར་གནས་བཞི་དང་དྲོ་བ་བཞི། །ཞེས་དང་། སྡེ་བའི་ཡི་གེ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ་སྟེ། སྡེ་བ་ལྔ་ཚན་ལྔ་དང་། མཐར་གནས་ཡ་ར་ལ་ཝ་དང་། དྲོ་བ་ཤ་ཥ་ས་ཧ་རྣམས་ཏེ། གསལ་བྱེད་སུམ་ཅུ་རྩ་གསུམ་མོ།།ཞེས་མཐའ་ཟད་ཀྱི་ཀྵ་ཡིག་མ་བགྲངས་སོ།།
(༣)གནས་ཀྱི་དབྱེ་བ་ནི།
དེ་ལ་དང་པོའི་སྡེ་པ་དང། །
ཨུསྨཤྭའི་བཞི་པ་ནི། །
བཅད་པར་བྱས་པ་མགྲིན་པ་ལས། །
གཉིས་པ་དང་ནི་ཨནྟཥྛའི། །
དང་པོ་ཨུསྨའི་དང་པོ་རྣམས། །
རྐན་ལས་རབ་ཏུ་འབྱུང་བ་ཡིན། །
གསུམ་པ་དག་དང་ཨནྟཥྛའི། །
གསུམ་པ་ཨུསྨའི་གཉིས་པ་རྣམས། །
སྤྱི་བོ་ལས་ནི་རབ་ཏུ་འབྱུང། །
བཞི་པ་དང་ནི་ཨནྟཥྛའི། །
བཞི་པ་ཨུསྨའི་གསུམ་རྣམས། །
སོ་ཡི་ཆ་ལས་ཀུན་ཏུ་འབྱུང། །
ལྔ་པ་དང་ནི་ཨནྟཥྛའི། །
གཉིས་པ་མཆུ་ལས་འབྱུང་བ་ཡིན། །
མཐར་ཟད་མགུལ་དང་སྤྱི་བོ་ལས། །
ཞེས་པའོ། ། དེ་ལ་དང་པོའི་སྡེ་པ་ཀ་སྡེ་དང། ཨུསྨཤྭའི་དྲོ་བའི་བཞི་པ་ཧ་དང་། ཚེག་དྲག་ཅན་རྣམས་མགྲིན་པ་ལས་འབྱུང་ངོ་།། སྡེ་པ་གཉིས་པ་ཙ་སྡེ་དང་ནི་ཨནྟཥྛའི་མཐའ་གནས་ཀྱི་དང་པོ་ཡ། ཨུསྨའི་དྲོ་བའི་དང་པོ་ཤ་རྣམས་ནི་རྐན་ལས་སོ།། སྡེ་པ་གསུམ་པ་ཊ་སྡེའི་ཡི་གེ་དག་དང་། ཨནྟཥྛའི་མཐའ་གནས་གཉིས་པ་ར། ཨུསྨའི་དྲོ་བ་གཉིས་པ་ཥ་རྣམས་ནི་སྤྱི་བོ་ལས་སོ།། སྡེ་བ་བཞི་པ་ཏ་སྡེ་དང་། ཨནྟཥྛའི་མཐའ་གནས་བཞི་པ་ལ། ཨུསྨའི་དྲོ་བ་གསུམ་ས་རྣམས་ནི་སོ་ཡི་ཆ་ལས་ཀུན་ཏུ་འབྱུངངོ་། །སྡེ་བ་ལྔ་པ་དང་། ཨནྟཥྛའི་གཉིས་པ་(ཝ)རྣམས་ནི་མཆུ་ལས་འབྱུང་བ་ཡིན་ནོ།། མཐར་ཟད་ཀྵ་ནི་མགུལ་དང་སྤྱི་བོ་ལས་འབྱུང་བ་སྟེ་གོ་སླའོ། །འདིར་ཝ་ཡིག་མཐའ་གནས་ཀྱི་གཉིས་པར་བཞག་པའི་ཁུངས་གང་ཡིན་བརྟག་དགོས། པཎ་ཆེན་ཤཱཀ་མཆོག་པས། གཞུང་འདིའི་ལུགས་ལ་མཐར་གནས་ཀྱི་གོ་རིམ་ནི། ཡ་ཝ་ར་ལ་ཞེས་འདོན་དགོས་པར་སྣང་བས་གཞན་དང་མི་མཚུངས་པ་ཉིད་དུ་གོ་བར་བྱའོ། །ཞེས་ཀྱང་གསུངས་སྣང་ངོ་།། ཨནྟཥྛ་ནི་མཐའ་གནས་དང་། ཨུསྨ་ནི་དྲོ་བའི་སྐད་དོད་དེ། གོང་དུ་བཤད་ཟིན་ཏོ།།
འདིར་དཔང་ལོས། དེ་ལ་གནས་བཤད་པའི་ཆེད་དུ་བཤད་པ་ནི། ཨ་ཀུ་ཧ་ཀ་མགྲིན་པ་ལས༎ ཨི་ཙུ་ཡ་ཤ་རྐན་ལས་འབྱུང་༎ ཨཱིཏ་ཨེཏ་ཨཻཏ་རྣམས་མགྲིན་རྐན་ལས།། ཝ་ནི་མཆུ་དང་སོ་ལས་འབྱུང་༎ རྗེས་སུ་ང་རོ་སྣ་ལས་ཏེ། སྣ་དང་རང་གི་གནས་དག་ལས༎ སྡེ་བའི་ལྔ་བ་རྣམས་འབྱུང་ངོ་། །འདི་རྣམས་བཙུན་པ་ཟླ་བས་གསུངས༎ ཞེས་པའི་སྡོམ་ཚིག་བཀོད་རྗེས། སླར་ཡང་འདི་ལྟར། ཨའི་ཡི་གེ་དང་། ཙནྡྲ་བའི་མདོ་ལ་སོགས་པར་ཨུཏའི་སྡེ་དང་བཅས་པའོ། །ཞེས་གསུངས་པས་སྡེ་བའི་དང་པོ་ལ་དབྱངས་ཨུ་ཡིག་སྦྱར་བས་དེའི་སྡེ་བ་གོ་བར་བརྡ་ཆད་བྱས་པའི་ཕྱིར༎ ཀུ་སྟེ་ཀ་སྡེ་དང་། ཧ་ཡིག་དང་ལྕེ་རྩེ་ཅན་གྱིས་མཚོན་པའི་ཚེག་དྲག་རྣམ་འགྱུར་དང་བཅས་པ་རྣམས་མ་ཡིན་པ་ལས་འབྱུང་ངོ་། །དེ་བཞིན་དུ་གཞན་རྣམས་ལའང་སྦྱར་བར་བྱ་སྟེ་སླའོ། །ཙུ་ཊུ་ཏུ་པུ་རྣམས་ཀྱིས་སྔ་མ་ལྟར་རང་རང་གི་སྡེ་དང་བཅས་པ་རྟོགས་པར་བྱའོ།། ཞེས་ཀྱང་གསུངས་སྣང་ངོ་།།
(༤)སྡེ་པ་ལྔ་ལས་ནང་བསེས་ཀྱི་བྱེ་བྲག་ལྔ་ལྔ་བསྟན་པ།
སྡེ་ལྔ་དག་ལས་ལྔ་ལྔ་ཡང་། །
དང་པོ་རང་གནས་དྲག་པོ་སྟེ། །
གཉིས་པ་འབྲིང་དང་སྤྱི་བོའི་ཆ། །
གསུམ་པ་རྣམས་ནི་ཞན་པ་སྟེ། །
མ་ཧཱ་པྲཱ་ཎ་ཞེས་བྱ་བའི། །
བཞི་པ་རང་གནས་ཁོང་ནས་ཏེ། །
ཨ་ནུ་སྭ་ར་ཞེས་བྱ་བའི། །
ལྔ་པ་རང་གནས་སྣ་ལས་འབྱུང། །
ཀ་སྡེ་ནས་པ་སྡེ་བར་སྡེ་ལྔ་པོ་དེ་དག་ལ་རེ་རེ་ལའང་ནང་གསེས་ཡི་གེ་ལྔ་ལྔ་རྣམས་འདྲེན་པའི་སྒོ་ནས་དབྱེ་ན། དང་པོ་ཀ་ཅ་ཊ་ཏ་པ་ལྔ་པོ་རྣམས་ནི་རང་རང་གི་སྐྱེ་གནས་ལས་སྒྲ་གདངས་དྲག་པོ་སྒོ་ནས་བརྗོད་པ་སྟེ། དེ་བཞིན་དུ་སྡེ་པ་རང་རང་གི་ཡི་གེ་གཉིས་པ། ཁ་ཆ་ཋ་ཐ་ཕ། ལྔ་པོ་ནི་རང་རང་གི་སྐྱེ་གནས་ལས་སྒྲ་གདངས་འབྲིང་པོ་ཉིད་དུ་འདྲེན་པ་དང་ཁ་སོགས་དེ་དག་སྤྱི་བོའི་ཆ་ནས་ཀྱང་འབྱུང་ངོ་། །སྡེ་བ་དེ་དག་གི་ཡི་གེ་གསུམ་པ། ག་ཇ་ཌ་ད་བ། རྣམས་ནི་སྒྲ་གདངས་ཞན་པར་དྲངས་པའི་སྒོ་ནས་འདྲེན་པའོ། །དེ་དག་རང་རང་གི་སྡེ་བའི་ཡི་གེ་དང་པོ། ཀ་ཅ་ཊ་ཏ་པ་ལྔ་པོ་ཨ་དང་སྦྱར་ལས་བྱུང་ངོ་།། སྡེ་པ་ལྔ་ཀའི་ཡི་གེ་བཞི་པ། གྷ་ཛྷ་ཌྷ་དྷ་བྷ་སྟེ་ལྔ་པོ་ནི། མ་ཧཱ་པྲཱ་ཎ་སྟེ། མ་ཧཱ་ནི་ཆེན་པོ་དང་པྲཱ་ཎ་ཞེས་བྱ་བ་ནི་སྟོབས་ཏེ། སྟོབས་ཆེན་པོ་ཞེས་བྱ་ལ། ཡི་གེ་རང་རང་གི་གནས་དང་ཁོང་པའི་སྒྲའི་ཆ་དང་ལྡན་པའོ། དེ་ཡང་གྷ་ལྟ་བུར་ག་ཡིག་རང་ཉིད་སྐྱེ་བའི་གནས་མགྲིན་པ་དང་། ཧ་སྒྲའི་ཆ་དང་ལྡན་པས་གཞིའི་གནས་མགྲིན་པའི་ཐོག་ཧ་སྒྲའི་ཆ་ཡང་ལྡན་ལ། དེ་གཉིས་མཉམ་དུ་ཚོགས་པ་སྟོབས་ཆེ་བ་ཞེས་བྱ་སྟེ། དེས་ཡི་གེ་ལྷག་མ། ཛྷ་ཌྷ་དྷ་བྷ་བཞི་ལའང་རིགས་བསྒྲེ་སྟེ། སྨྲ་སྒོར་འགྲེལ་བར། ག་དང་ཧའི་སྒྲའི་ཆ་དང་ལྡན་པ་ནི་སྟོབས་ཆེ་བ་ཞེས་བདེ་སྤྱོད་ཀྱི་མདོ་ལས་འབྱུང་ངོ་།། ཞེས་གསུངས་སོ།། དེ་ལ་དཔང་ལོ་ཆེན་པོས། དེའི་འགྲེལ་བར་ག་དང་ཧའི་སྒྲ་ལྡན་པ་ན་སྟོབས་ཆེ་བ་ཞེས་བདེ་སྤྱོད་ཀྱི་མདོ་ལས་འབྱུང་ངོ༌། །ཞེས་བཀོད་པ་ཡང་རྫུན་ལུང་ཡིན་ཏེ། བརྗོད་བྱ་དེ་སྒྲའི་ལུགས་ལ་མེད་པའི་ཕྱིར་དང༌། རྗོད་བྱེད་དེ་སྒྲའི་མདོའི་ཚིག་གི་རིགས་མ་ཡིན་པས་སོ། །ཞེས་དགག་པར་མཛད་སྣང་ངོ་།།(པཎྜིཏ་ཞིག་ལ་འདྲི་དགོས)
སྡེ་པ་དེ་དག་གི་ནང་གསེས་ཡི་གེ་ལྔ་པ། ང་ཉ་ཎ་ན་མ། ལྔ་ནི་ཨ་ནུ་སྭ་ར་ཞེས་བྱ་བ་རྗེས་སུ་ང་རོ་སྟེ། ཐིག་ལེའི་ཡི་གེ་ཡིན་ལ།
འདི་དག་ལྔ་པོ་རང་གནས་དང་སྣ་སྒྲ་ཕྲད་པ་ལས་འབྱུང་སྟེ། མགུལ་བ་དང་སྣ་ཕྲད་པ་ལས་ང་ཡིག་འབྱུང་། དེ་བཞིན་མགུལ་བ་དང་སྣ་ཕྲད་པ་ལས་ཉ། རྐན་དང་སྣ་ཕྲད་པ་ལས་ཎ། སོ་དང་སྣ་ཕྲད་པ་ལས་ན། མཆུ་དང་སྣ་ཕྲད་ལ་པས་མ་བཅས་འབྱུང་ངོ་།། འདིར་མཁས་པའི་དབང་པོ་པཎ་ཆེན་ཤཱཀྱཱ་མཆོག་ལྡན་གྱིས། སྨྲ་སྒོ་མཚོན་ཆའི་འགྲེལ་བ་སྨྲ་རྒྱན་ལས། དེ་ཡང་མ་ཧཱ་པྲཱ་ཎ་ཞེས་པ་ནི་སྲོག་ཆེན་པོ་ཞེས་བྱ་བ་ཡིན་ལ། དེའི་དོན་ཡང་གོང་དུ་ང་རོ་ལ་དགུར་དབྱེ་བའི་སྐབས་སུ། ང་རོ་གཉིས་ཀྱི་གདངས་ཅན་ལ་ཆེན་པོར་བཤད་པ་དེ་ཉིད་དོ། །ཨནུ་སྭ་ར་ཞེས་པ་ནི། རྗེས་དབྱངས་སམ་རྗེས་སུ་ང་རོ་ཞེས་པ་ཡིན་ལ། དེ་ཡང་སྡེ་པ་ལྔའི་ཐ་མ་ལྔ་པོ་དེ་སྐབས་ལ་ལ་ཞིག་ཏུ། ཀླད་སྐོར་རམ། ཐིག་ལེའི་རྣམ་པ་ཅན་དུ་འབྲི་དགོས་པའི་རྒྱུ་མཚན་གྱིས་དེ་སྐད་ཅེས་བྱའོ། །འོ་ན་ཀླད་སྐོར་ལ་གཟུགས་གཅིག་ལས་མེད་པས། ང་ཉ་ཎ་ན་མ་ལྔའི་ཁྱད་པར་གང་གིས་དབྱེ་ཞེ་ན། ཇི་སྐད་དུ་མ་གསལ་བྱེད་ལ་རྗེས་སུ་ང་རོའོ། །སྡེ་པ་ལ་དེའི་སྡེ་པའི་ལྔ་པར་ཡང་ནའོ། །ཞེས་གསུངས་ལ། ཇི་ལྟར་ཀློག་པའི་ཚུལ་ཡང། ཡི་གེའི་མདོ་ལས། འོག་ཏུ་རང་གི་རིགས་མཐོང་ན། །ཐ་མའི་ཡི་གེའི་དབང་དུ་བཀླག །ཤད་ཡོད་ན་ནི་དེ་ཉིད་དེ། །ཤད་མེད་ན་ནི་འོག་མ་བཙན། །ཞེས་འཆད་དོ། །ཞེས་གསུངས་སོ།།
(༥) བྱེད་པ་རྣམས་ཀྱི་གནས་བསྟན་པ།
མགུལ་དང་སྣ་དང་ཀླད་པའི་སྦུབས། །
དོག་པ་ཡིན་ཏེ་ཡངས་པ་གཞན། །
རྐན་དང་སོ་དང་ལྕེ་དང་མཆུ། །
ཕྲད་པ་ཡིན་ཏེ་གཞན་ཞེས་བྱ། །ཞེས་པའོ། །
ཡི་གེ་སྐྱེ་བའི་གནས་རྣམས་བྱེད་པ་དང་ཕྲད་པ་ན་སྒྲ་དྲག་ཞན་ཇི་ལྟར་འབྱིན་པའི་ཚུལ་ནི། ཡི་གེ་སྐྱེ་གནས་བརྒྱད་ལས། མགུལ་དང་། སྣ་དང་། ཀླད་པའི་སྦུབས་ཏེ། གསུམ་པོ་ནི་དོག་པ་ཞེས་བྱ་ཞིང་། དེ་དག་བྱེད་པ་དང་ཕྲད་པ་ལས་འབྱུང་བའི་ཡི་གེ་ནི་དོག་པའི་རྐྱེན་གྱིས་འབྱིན་པས་དོག་པ་ཞེས་བྱའོ།། ཡངས་པ་ནི་དེ་ལས་གཞན་པའི་གནས། རྐན་དང་། སོ་དང་། ལྕེ་དང་། མཆུ་རྣམས་སོ།། གནས་དེ་དག་རྐྱེན་དང་ཕྲད་པ་ལས་འབྱིན་པའི་ཡི་གེ་རྣམས་ནི་དོག་པ་ལས་གཞན་ཡངས་པ་ཞེས་བྱའོ། ། དེ་དག་གི་རྣམ་བཞག་ཞིབ་མོའི་ལུགས་སུ་བྱས་ན། སློབ་དཔོན་ཙནྡྲ་གཽ་མིས། བྱེད་པ་ལྕེ་ཡི་རྩ་བ་ནི། ལྕེ་རྩེ་ཅན་གྱི་ཡིན་པར་བཤད༎ ལྕེ་དབུས་རྐན་ལས་འབྱུང་རྣམས་ཀྱིའོ། ལྕེ་རྩེ་དང་ཉེ་སྟེང་འབྱུང་བའི༎ སོ་ལས་འབྱུང་བའི་ལྕེ་རྩེ་སྟེ། ལྷག་མའི་རང་གི་གནས་ཉིད་དོ།། ཞེས་པ་འདི་ཁུངས་སུ་བྱས་ནས། དཔང་ལོ་ཆེན་པོའི་ཚོགས་གསུམ་གསལ་ལ་ལས། ལྕེ་རྩེ་ཅན་གྱི་བྱེད་པ་ལྕེའི་རྩ་བ་སྟེ། རྐན་ལས་འབྱུང་བ་རྣམས་ཀྱི་བྱེད་པ་ལྕེའི་དབུས་ཡིན་ཞེས་སྦྱར་ཏེ། ཕྱི་མ་དག་ཀྱང་དེ་དང་འདྲའོ། །སྟེང་ལས་འབྱུང་བ་ནི་སྤྱི་བོ་ལས་འབྱུང་བའོ། །དངོས་སུ་བྱེད་པའི་ལྷག་མ་རྣམས་ཀྱི་བྱེད་པ་ནི་རང་རང་གི་གནསཁོ་ན་ཡིན་པས་ལོགས་པ་མེད་དོ།། རྩོལ་བ་བཤད་པའི་སྐབས། ཙནྡྲ་སྒྲ་མདོར། རྩོལ་བ་ནང་དང་ཕྱི་རོལ་ཏེ། ནང་གི་ཕྱེ་དང་བཙུམ་པ་དང་། ཕྲད་དང་ཅུང་ཟད་ཕྲད་པའོ།། ཕྱི་རོལ་་སྒྲ་ལྡན་དང་། སྲོག་ཆུང་བ་དང་སྲོག་ཆེན་དང་། དྲོ་བ་ཞེས་བྱ་རྣམས་སུ་བཤད་། །ཅེས་པ་དྲངས་ནས། རྩོལ་བ་ཞེས་བྱ་བ་ནི་བྱེད་པ་རྣམས་ཀྱི་ནང་དུ་རྟོགས་པའི་ཡོན་ཏན་གྱི་ཁྱད་པར་ཏེ་། དེ་ཡང་ནང་དང་ཕྱི་གཉིས་སོ༎ ནང་ནི་ནང་དུ་འཇུག་པའི་བྱེད་པའི་ནང་དུ་སོན་པའོ་། དེ་ལས་བཟློག་ན་ཕྱི་རོལ་ལོ་། ཕྱེ་བ་ཞེས་པ་ནི་མགྲིན་པ་མ་བསྡམས་པར་བརྗོད་པ་དབྱངས་རྣམས་དང་པོ་བ་རྣམས་དང་སྡེ་བའི་གཉིས་པ་དང་བཞི་བ་རྣམས་ཀྱི་ཡིན་པར་གསུངས་ཤིང་། དེ་རྣམས་ལས་ལྷག་པར་ཕྱེ་བ་ཡིན་པ་ཨཻཏ་ཀྱི་ཡིན་པ་དང་། དེ་དག་པས་ཀྱང་ལྷག་པར་ཆེས་ཆེར་ཕྱེ་བ་ཨོཏ་དངཨཽཏ་དག་གི་ཡིན་ལ། དེ་དག་པས་ཀྱང་ལྷག་པར་ཕྱེ་བ་ཡིན་པ་ཨཱ་ཡིག་གིའོ།། ཕྲད་པ་ནི་ཡི་གེ་འབྱུང་བའི་གནས་དེ་རྣམས་རྩོལ་བ་ཆེན་པོས་བཙིར་བ་སྟེ། ཨ་ཡིག་ཐུང་ངུའི་ཡིན་པར་རྣམ་པར་གཞག་པར་བྱའོ་། སྡེ་བ་ལྔའི་ཡི་གེ་རྣམས་དེ་ལྟ་བུ་ལས་འབྱུང་ངོ་། ཅུང་ཟད་ཕྲད་པ་ནི་ཕྲད་པ་ལས་བཟློག་པ་མཐར་གནས་བཞིའི་ཡིན་ནོ༎ཞེས་གསུངས་སོ།།
༡༡༽ ཡི་གེའི་ལྡང་ཚད་བཤད་པ།
གནས་ཆའི་ཡི་གེ་ཇི་སྙེད་ཀྱང།
ང་རོ་གཅིག་གིས་བཅིངས་པ་ལ། །
དེ་ལ་ཡི་གེ་གཅིག་ཅེས་བརྗོད། །
ཤིན་ཏུ་ཕྲ་བའི་རྣམ་པའི་ཆ། །
དེ་ཡང་ཡི་གེ་གཅིག་ཅེས་བྱ། །
སྤྱིར་ཡི་གེ་ལ་གནས་སྐབས་ཀྱི་རྣམ་པའི་ཆ་ནས་གཉིས་སུ་འགྱུར་ཏེ། དབྱངས་གཅིག་གིས་བཅིངས་པའི་ཡི་གེ་དང། མིང་གི་མཐའི་ཡི་གེའོ། །དེ་ལ་དབྱངས་གཅིག་པའི་ཡི་གེ་ནི། ཨོཾ་དང་། ཧཱུཾ་དང་། ཕཊ་ཞེས་པ་ལྟ་བུ་ལ་ཡི་གེ་མང་པོ་འདུས་ཀྱང་ང་རོ་དང་པོ་ནི། གཅིག་གིས་བཅིངས་པས་ཡི་གེ་གཅིག་ཏུ་འཇོག་པ་ཡིན་ལ། ཨོ་གཅིག་པུ་ལའང་ཨ་ཨོ་ཨཾ་གསུམ་ཚོགས་པ་ལས་གྲུབ་ཀྱང་།་ཨོཾ་ཞེས་བྱ་བ་དབསཡངས་ཀྱི་ཡི་གེ་གཅིག་གིས་བཅིངས་ཤིང་བསྡུས་པས།་ཨོ་ལ་ཡིག་འབྲུ་གཅིག་ཅེས་བྱའོ།།
མིང་གི་མཐའི་ཡི་གེ་ནི། མིང་རྣམས་བཤིག་ན་ཤིན་ཏུ་ཕྲ་བའི་མཐར་ཐུག་པ་གསལ་བྱེད་བཅོ་བརྒྱད་ཀྱི་ཆ་ལྟ་བུ་སྟེ། ། དཔེར་ན་གཟུགས་རྣམས་བཤིག་ན་རྡུལ་ཕྲ་རབ་ཀྱི་མཐར་ཐུག་སྟེ། དེ་ལས་ཕྲ་བ་མེད་པ་བཞིན་ནོ། །པཎ་ཆེན་ཤཱཀྱ་མཆོག་པའི་འགྲེལ་བར། དེ་ལྟ་མོད་ཀྱི་ཚིགས་སུ་བཅད་པ་ལ་སོགས་པའི་ཡི་གེ་བགྲང་བ་ནི་དབྱངས་གཅིག་གིས་བཅིངས་པ་རྣམས་བགྲང་བ་ཡིན་ནོ། །ཞེས་གསུངས།།
སྨྲ་སྒོ་རྩ་འགྲེལ་གྱི་བཤད་པ་དེར། དཔང་ལོའི་ཚོགས་གསུམ་གསལ་བ་ལས། གང་ཡང་སྨྲ་སྒོ་ལ་སོགས་པར། ཨལ་པ་པྲཱ་ཎ་གཉིས་གཅིག་ཡིན། མཧཱཔྲཱ་ཎ་གཅིག་གཉིས་ཡིན། ཞེས་དང་། སྲོག་ཆུང་བ་དང་ཆེ་བའི་དཔེར་བརྗོད་ཕཊའི་ཊ་ལྟ་བུ་དང་། སྡེ་བའི་ཞེས་པ་རྣམས་ལ་བྱས་པ་ནི་མི་ཤེས་བཞིན་དུ་རང་བཟོ་བྱས་པ་ཡིན་ཏེ། སློབ་དཔོན་ཙནྡྲ་གཽ་མིས་གཞུང་དང་འགལ་བས་སོ། །ཞེས་དགག་པར་མཛད་དོ།།
༡༢༽ ཡི་གེ་རྣམས་ཀྱི་འདྲེན་པའི་ཆ་ཤས་ཀྱི་དབྱེ་བ་བསྟན་པ།
སྒྲ་འདི་དག་ལ་འདྲེན་པའི་ཆ། །
ཨལྤ་པྲ་ཎ་གཉིས་གཅིག་ཡིན། །
མཧཱ་པྲ་ཎ་གཅིག་གཉིས་ཡིན། །
ཨ་ནུ་སཱ་ར་རྔུབ་བའི་སྒྲ། །
བི་སརྫྫ་ནི་བཅད་པའོ། །
ཧྲ་ས་ཐ་མལ་སྒྲ་ཡིན་ཏེ། །
དཱིརྒྷ་དག་ནི་གཉིས་ཀྱི་ཡུན། །
པོ་ནུ་ཏྟ་ནི་ཕྱིད་ཆ་ཡིན། །
སྭ་ར་ཏ་ནི་རང་སྒྲའོ། །
སྣ་ལྡན་ཨནུསྭརའི་ཆ།་།
ཨ་ལྡན་ཨ་མེད་ཞེས་བྱ་བ། །
ཆེ་བ་དག་དང་ཆུང་བའི་མིང། །
དྲང་པོ་དག་ལ་ཇི་ལྟ་བར། །
ང་རོ་གཞན་ལ་དེ་བཞིན་ནོ། །
གསལ་བྱེད་ཀྱི་སྒྲ་འདི་དག་ལ་འདྲེན་པའི་ཆ་སྟོབས་ཆེ་ཆུང་གིས་དབྱེ་བར་བྱ་སྟེ། དེ་ལ་སྟོབས་ཆུང་བ་ནི་ཨལྤ་པྲཱ་ཎ་སྟེ། ཨལྤནི་ཆུང་ངུ་དང་། པྲཱ་ཎ་ནི་སྟོབས་ཏེ། སྲོག་ཆུང་ངམ་སྟོབས་ཆུང་བའི་ཡི་གེ་གཉིས་ལ་ཡི་གེ་གཅིག་གི་སྒྲ་ལས་མེད་པ་ནི་སྟོབས་ཆུང་བས་སྟོབས་མེད་ཅེས་བྱའོ།། དཔེར་ན། ཕཊ། ཅེས་པ་ལྟ་བུའི་ཊ་ཡི་སྒྲ་ནི་ཕྱེད་པའི་ཁོང་དུ་ཆུད་པས་ཕ་དང་མཉམ་དུ་ཚོགས་པའི་ཡི་གེ་གཅིག་གི་སྒྲར་སོང་བ་ལྟ་བུའོ།། ཤཀ་མཆོག་པས། ཨལྤ་པྲཱཎ་ནི་སྲོག་ཆུང་ཞེས་པ་སྟེ། ཧཱུཾ་དང་། ཕཊ་ལྟ་བུའོ།། མ་ཧཱ་པྲཱ་ཎ་ནི་སྲོག་ཆེན་ཞེས་པ་སྟེ། གྷ་དང་ཛྷ་དང་ལྟ་བུའོ། ། ཨནུཏྟ་ཏ་(ཨ་ནུ་དཏྟ)ཞེས་པ་ནི་ཡི་གེ་ཕྱེད་པ་ལ་ཆུང་ངུ་ཞེས་བྱ་བའི་ཆ་ཤས་སུ་བཞག་པའོ། །དཔེར་ན་ཕཊ་ཅེས་པ་ལ་ཊ་ཕྱེད་ཀྱི་སྒྲར་ཀློག་དགོས་པ་བཞིན་ནོ། །ཞེས་གསུངས། སྟོབས་ཆེ་བ་ནི་མཧཱ་པྲཱ་ཎ་སྟེ། མ་ཧཱ་ནི་ཆེན་པོ་དང་པྲཱ་ཎ་ནི་སྟོབས་ཏེ། དེ་ནི་ཡི་གེ་གཅིག་ལ་གཉིས་ཀྱི་སྒྲ་ཡོད་པ་སྟེ། དཔེར་ན། སྡེ་པ་ལྔའི་ཡི་གེ་བཞི་པ། གྷ་ཛྷ་ཌྷ་དྷ་བྷ་རྣམས་སྟེ། དེ་དག་ཡི་གེ་གཅིག་ལ་གཉིས་ཀྱི་སྒྲ་ཡོད་པས་དེ་དག་འདྲེན་པའི་སྟོབས་ཆེ་བས་སྟོབས་ཆེན་པོ་ཞེས་བྱའོ།། ཡི་གེ་གཅིག་ལ་གཉིས་ཀྱི་སྒྲ་ཡོད་ལུགས་ཀྱང་། གྷ་ལྟ་བུ་ཡི་གེ་གཅིག་ལ་ག་དང་ཧའི་སྒྲ་གཉིས་ཆར་ལྡན་པས་སོ།། དེས་ལྷག་མ་རྣམས་ལའང་ཤེས་པར་བྱའོ།། ཐིག་ལེའི་ཡི་གེ་ནི། ཨ་ནུ་སཱ་ར་ཞེས་བྱ་ལ། དོན་ནི་རྗེས་དབྱངས་ཏེ། དབྱངས་ཀྱི་ཡི་གེ་རྣམས་དང་རྗེས་སུ་མཐུན་པས་རྗེས་སུ་ང་རོ་ཞེས་ཀྱང་བྱའོ།། དེ་དག་རྔུབ་པའི་སྒྲ་དང་ལྡན་ཏེ། དཔེར་ན། ང་ཉ་ཎ་ན་མ། ལྟ་བུ་རྣམས་སོ། །ཤཀྱ་མཆོག་པས། ཨ་ནུ་སྭར་ནི་རྗེས་དབྱངས་ཏེ། འདི་ལ་རྔུབ་པའི་སྒྲར་བཤད་པ་ནི་ཨོཾ་ལྟ་བུ་ལ་འགྲིག་ཀྱང་། ཧཱུཾ་ལྟ་བུ་ལ་ཅུང་ཟད་དཀའ་བས་དཔྱད་པར་བྱའོ། །ཞེས་གསུངས། ཚེག་དྲག་ནི། བི་སརྫྫ་སྟེ། དོན་ནི་རྣམ་པས་བཅད་པ་ལའོ། །དྲག་ཏུ་བྱེད་ཅིང་རྣམ་པར་གཅོད་པས་རྣམ་པར་གཅད་པ་ཞེས་བྱའོ། དཔེར་ན། ཀཿ། ཁཿ། ཙཿ། ཚཿ། ཊཿ། ཋཿ། པཿ། ཕཿ། ཤཿ། ཥཿ། སཿ། ལྟ་བུ་རྣམས་ཏེ། ཤཱཀ་མཆོག་པའི་འགྲེལ་བར། བི་སརྫ་(རྫྫ)ཞེས་པ་ནི་རྣམ་བཅད་དེ། དྲག་པོར་གཅོད་པ་ཞེས་བྱ་བའི་དོན་ནོ། །འོ་ན་རྣམ་བཅད་འབྱུང་བའི་རྒྱུ་དང་གནས་སྐབས་གང་ཞེ་ན། མཚམས་སྦྱོར་དང་པོ་ལས། སྡེ་ཚན་རྣམས་ཀྱི་དང་པོ་དང། གཉིས་པ་དང་། ཤ་ཥ་ས་རྣམས་ནི་སྒྲ་དང་མི་ལྡན་པའོ། །ཞེས་ཡི་གེ་བཅུ་གཉིས་ནི་སྒྲ་དང་མི་ལྡན་པར་བཤད་ཅིང། གཞན་རྣམས་ནི་སྒྲ་དང་ལྡན་པའོ། །ཞེས་ལྷག་མ་ཉི་ཤུ་པོ་སྒྲ་དང་ལྡན་པར་བཤད་པ་ལས་སྒྲ་མེད་རྣམས་ཀྱི་གོང་དུ་ཚེག་དྲག་བྱུང་ན་གོང་མ་དྲག་པོར་བརྗོད་ཅིང། དེ་ཡང་ཙ་ཚ་གཉིས་ཀྱི་ཤ་དང། ཊ་ཋ་གཉིས་ཀྱི་ཥ་དང། ཏ་ཐ་གཉིས་ལ་ས་དང། ཀ་ཁ་གཉིས་ལ་ལྕེ་རྩ་ཅན་(ྈྐ་ྈྑ)དང། པ་ཕ་གཉིས་ལ་མཆུ་ཅན་(ྉྤ་ྉྥ)དུ་འགྱུར་བ་དང། ཤ་ཥ་ས་རྣམས་ལ་རང་གཟུགས་སུ་འགྱུར་བར་བཤད་དོ། །དེ་ཡང་རྣམ་བཅད་ཀྱི་རྒྱུ་ནི་ར་དང་ས་སྲོག་མེད་གཉིས་ཡིན་ཏེ། ཇི་སྐད་དུ། རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ། །ཞེས་འབྱུང་བས་སོ། །དེ་ལྟར་ན་རྣམ་བཅད་ཀྱི་རྒྱུ་དང། དེ་ལས་བྱུང་བའི་རྣམ་བཅད་རང་སོར་འཇོག་དགོས་པ་དང། དེ་ཡི་གེ་གཞན་དུ་འགྱུར་བ་དང། དེ་གང་དུ་བྱུང་བའི་ཡི་གེ་དེ་དྲག་པོར་བཅད་ནས་ཀློག་པའི་ཚུལ་རྣམས་ཁོང་དུ་ཆུད་པར་བྱའོ། །ཞེས་གསུངས། རྣམ་གཅོད་ཀྱི་ཨཿདང། སྣ་ལྡན་གྱི་ཨཾ་གཉིས་ཡི་གེར་མི་འདོད་པ་ཡང་ཡོད་དེ། ཤཱཀ་མཆོག་པས། ཁ་ཅིག་རྣམ་བཅད་དང། ང་རོ་གཉིས་ཀ་ཡི་གེ་མ་ཡིན་པར་འདོད་པ་ལ་ནི། དབྱངས་ཡིག་བཅུ་དྲུག་ཏུ་བཤད་མི་འཐད་པར་ཐལ་བ་དང། རྣམ་བཅུ་དབང་ལྡན་ལ་ཡི་གེ་བཅུ་མ་ཚང་བར་ཐལ་བ་དང། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ལས། གསལ་བྱེད་སུམ་ཅུ་རྩ་གསུམ་པོའི་སྟེང་དུ་ང་རོ་དང་རྣམ་བཅད་དང་ལྕེ་རྩ་ཅན་དང་མཆུ་ཅན་དེ་བཞི་བསྣན་ནས་གསལ་བྱེད་སུམ་ཅུ་རྩ་བདུན་དུ་བཤད་པ་མི་འཐད་པར་ཐལ་བ་དང། ཀ་ལཱ་པར། རྣམ་པར་བཅད་བྱ་ཙའམ་ཚ་ལ་ཤའོ། །ཞེས་སོགས་དང་འགལ་ལོ། །ཞེས་གསུངས། ཐུང་ངུའམ་ཐ་མལ་ནི། ཧྲ་ས་སྟེ་ཐ་མལ་སྒྲ་ཡིན་ཏེ། ཡི་གེ་གང་ཡང་རུང་བ་ཐུང་བའི་མཐའ་ཐུག་པར་བརྗོད་པ་ཐ་མལ་དུ་བརྗོད་པ་ཡིན་པས་ཐུན་མོང་ཞེས་ཀྱང་བྱའོ། །དཔེར་ན། ཀ་ཁ་སོགས་རང་མར་བཀླག་པའི་ཡི་གེ་རྣམས་སོ།། རིང་པོ་ནི། དཱིརྒྷ་སྟེ། དེའི་དོན་ནི་གཉིས་ཀྱི་ཡུན་ལ་འཇུག་པས། ཡི་གེ་གཅིག་ལ་ཡི་གེ་གཉིས་ཀྱི་ཡུན་དུ་བརྗོད་པས་རིང་པོ་ཞེས་བྱའོ།། ཤིན་ཏུ་རིང་པོ་ནི། པླུ་པ་སྟེ། དེའི་དོན་ནི་གསུམ་གྱི་ཡུན་ཏེ། ཡི་གེ་གཅིག་ཉིད་ཡི་གེ་གསུམ་གྱི་དུས་ཡུན་ལ་བརྗོད་པ་ཡིན་པས་ཤིན་ཏུ་རིང་པོ་ཞེས་བྱའོ།། འདི་གསུམ་གྱི་ཁྱད་པར། པཎ་ཆེན་ཤཀྱ་མཆོག་པའི་འགྲེལ་བར། འདིར་ཧྲ་ས་སོགས་གསུམ་ནི་ཐུང་ངུ་དང་རིང་པོ་དང། ཤིན་ཏུ་རིང་པོ་སོགས་ཀྱི་མིང་ཡིན་ལ། ཨུཏཏྟ་(ཨུདཱཏྟ)ནི་ཀ་གཉིས་བརྩེགས་ལྟ་བུ་སྲོག་གཅིག་ལས་མེད་པ་རྣམས་ཡིན་ལ། དེ་ཡང་གོང་གི་ཨལྤ་པྲཱཎ་དང་མི་འདྲ་བའི་ཁྱད་པར་ནི་འདྲ་མཚུངས་མ་ཡིན་པའི་ཡི་གེ་གཉིས་གྲལ་དུ་གཤིབས་པ་དང། འདྲ་མཚུངས་ཀྱི་ཡི་གེ་གཉིས་བརྩེགས་པའི་ཁྱད་པར་རོ། །ཞེས་གསུངས།། སྒྲ་ཆེན་པོ་ནི། ཨུ་དཱཏྟ་སྟེ། ཡི་གེ་མཚུངས་པ་གཉིས་གཅིག་ཏུ་བཏགས་པ་ལ་སྒྲ་ཆེན་པོ་གཅིག་ཏུ་བརྗོད་པར་བྱའོ།། དཔེར་ན། ཀྐཙྪ་ཞེས་པ་ལྟ་བུ་ཆེན་པོ་ཞེས་བྱའོ།། ཡི་གེ་ཕྱེད་ཀྱི་སྒྲ་ནི། ཨ་ནུ་དཱཏྟ་སྟེ། དེའི་དོན་ནི་ཡི་གེ་ཕྱེད་ཀྱི་སྒྲ་སྟེ་ཕྱེད་པ་གཉིས་ཀྱི་ཆ་དང་ལྡན་པ་ལ་ཆུང་ངུ་ཞེས་བྱའོ།། བར་མའི་སྒྲ་ནི་སྭ་ར་ཏ་སྟེ། དེའི་དོན་ནི་རང་སྒྲ་སྟེ། སྒྲའི་རང་བཞིན་དེ་ཉིད་ལ་བསྐྱེད་བསྐྱུང་གང་ཡང་མ་བྱས་པ་རང་སོར་བཞག་པར་བར་མ་ཞེས་བྱའོ།། པཎ་ཆེན་ཤཀ་མཆོག་པས། སྭ་རི་ཏ་ཞེས་པ་ནི་བསྐྱེད་བསྐྱུངས་གང་ཡང་མ་བྱས་རང་སྒྲའོ། ། ཞེས་གསུངས། སྣ་ལྡན་ནི། ཨ་ནུ་སྭ་ར་སྟེ། དེའི་དོན་ནི་ཐིག་ལེ་འམ་ཀླད་ཀོར་དང་ལྡན་པའི་ཆའོ།། ཨ་ལྡན་དང་ཨ་མེད་ཞེས་བྱ་བ་ནི། ཨ་དང་ལྡན་པ་དང་མི་ལྡན་པའི་ཁྱད་པར་རམ། ཨ་ཤས་ཆེ་བ་དང་ཆུང་བའི་བྱེ་བྲག་ཏུ་ཕྱེས་པའི་མིང་ལ་ཨ་ལྡན་དང་ཨ་མེད་ཅེས་བཏགས་པ་ཙམ་སྟེ། དེ་ལ་ཨ་དང་ལྡན་པ་ནི་དཔེར་ན། ཀཿཁཿ ཙཿ། ཚཿ། ལྟ་བུ་རྣམས་སོ།། ཨ་དང་་མི་ལྡན་པ་ནི། གཿ། གྷཿ། ཛཿ། ཛྷཿ། ལྟ་བུ་རྣམས་ཏེ། རྗེ་ས་པཎ་གྱི་རྣམ་པར་བཅད་པ་ཇི་ལྟར་སྦྱོར་ཚུལ་ཞེས་བྱ་ལ་ལས། ཨ་ལྡན་ཨ་མེད་ཅེས་བྱ་བ་ཞེས་པ་དང་།དབྱངས་ལྡན་དབྱངས་མེད་ཅེས་པས། སྤྱི་དབྱངས་དང་མི་ལྡན་པའི་ཡི་གེ་ནི། ཀཿ། ཁཿ། ཙཿ། ཚཿ། ཊཿ། ཋཿ། པཿ། ཕཿའོ། །དབྱངས་དང་ལྡན་པའི་ཡི་གེ་འདི་རྣམས་ཏེ། གཿ། གྷཿ། ངཿ། ཛཿ། ཛྷཿ། ཉཿ། ཌཿ། ཌྷཿ། ཎཿ། དཿ། དྷཿ། ནཿ། བཿ། བྷཿ། མཿ། ཡཿ། རཿ། ལཿ། ཝཿ། ཧཱ། ཨཿ། འདི་རྣམས་ཀུན་ལ་ཨུ་རུ་འགྲོ་བ་ཤེས་པར་བྱ་སྟེ། ཞེས་གསུངས། སྤྱི་ཨ་དང་མི་ལྡན་པ་ནི་མེད་དེ། ཡི་གེ་ཐམས་ཅད་ཀྱི་རྩ་བ་ཨ་ལས་བྱུང་བ་གོང་དུ་བསྟན་ཟིན་པའི་ཕྱིར།། དེ་ལྟར་ཨ་ལྡན་དང་ཨ་མེད་ཅེས་པ་ནི་ཨ་ཤས་ཆེ་ཆུང་ལ་བྱ་བ་ཡིན་གྱི། ཨ་གཏན་མེད་ནི་མ་ཡིན་ནོ། ཞེས་འགྲེལ་པ་འདིར་འཆད་ལ། དབུས་པ་བློ་གསལ་ནི། དེ་ལྟར་བཤད་ན་ཀ་ལཱ་པ་དང། མི་མཐུན་པས་སྔར་བཤད་པའི་ཡི་གེ་ཉི་ཤུ་དང་བཅུ་གསུམ་ལ་རིམ་པ་བཞིན་དུ་འཆད་དགོས་སོ། །ཞེས་གསུངས་སོ། །
དེ་ལྟར་དྲང་པོ་སྟེ་ཨ་ཡི་ཆ་ལྡན་པའི་གནས་ཇི་ལྟར་བ་བཞིན་ཏུ། བསྒྲེང་པ་དང་། བསྟོད་པ་དང་། སྨད་པ་དང་། བསྒྲིམས་པ་དང་ཀློད་པའི་ང་རོ་གཞན་ལའང་དེ་བཞིན་དུ་ཤེས་པར་བྱའོ། །
འདི་དག་གི་དོན་ལ། དཔང་ལོ་ཆེན་པོའི་ཚོགས་གསུམ་གསལ་བ་ལས། ད་ནི་སྔར་གྱི་དབྱེ་བ་འགའི་ངོ་བོ་བརྗོད་པར་འདོད་པས་སྨྲས་པ། ཐུང་ངུ་ཕྱི་མོ་གཅིག་པ་སྟེ། རིང་བོ་ཕྱི་མོ་གཉིས་པའོ། །པླུཏ་ཕྱི་མོ་གསུམ་པར་གསུང། །རིམ་པ་ལྟར་ཡི་གི་གཅིག་གི་ཡུན་དུ་བརྗོད་པ་དང་། གཉིས་ཀྱི་ཡུན་དུ་བརྗོད་པ་དང༌༎ གསུམ་ཀྱི་ཡུན་དུ་བརྗོད་པའོ། ཞེས་གསུངས་མོད་། པླུ་ཏ་རྒྱང་རིང་པོ་ནས་འབོད་པ་དང་། ངུ་བ་དང་། གླུ་ལེན་པ་ལ་སོགས་པ་ལ་བྱས་པ་ལ་ཡི་གེ་ཤིན་ཏུ་མང་བོའི་ཡུན་དུ་བརྗོད་པའང་ཡོད་དོ་། མཐོན་པོ་རྣམས་ཀྱི་ཨུ་དཏ་ཏ། ཡི་གེ་ང་རོ་མཐོ་བས་བརྗོད་པར་བྱ་བ་དེ་ནི་ཨུ་དཏ་ཏ་ཞེས་བྱ་བའོ། དམའ་བས་མཚུངས་གཉིས་གཅིག ཨ་ནུ་དཏ་ཏ་ཕྱེད་ཆ་ཡིན། ཞེས་འཆད་པ་ནི་སྔ་མ་ལྟར་འཁྲུལ་བ་ཡིན་ནོ༎ དེ་དག་བར་མ་སྭ་རི་ཏའོ་། སྭ་རི་ཏ་ང་རོ་མཐོ་དམན་མ་ཡིན་པར་བར་མས་བརྗོད་པར་བྱ་བའོ་། རང་གི་གནས་དང་སྔ་ལས་བྱུང་། སྣ་ལྡན་ཅིག་ཤོསདེ་ལས་བཟློག །ཡི་གེ་རང་རང་གི་གནས་དང་སྣ་ལས་བྱུང་བ་ནི་རྗེས་སུ་སྣ་ལྡན་ཏེ། སྣའི་གནས་དང་བྲལ་བ་ནི་རྗེས་སུ་སྣ་ལྡན་མ་ཡིན་ནོ། མཐར་གནས་དེ་ལྟར་གཉིས་སུ་དབྱེ༎ རྗེས་སུ་སྣ་ལྡན་དང་སྣ་ལྡན་མ་ཡིན་པ་གཉིས་སོ༎ ཞེས་དགག་བཞག་གི་སྤྲོས་པ་དང་བཅས་ཞིབ་ཏུ་གསུངས་འདུག་པ་ལའང་ཅིས་ཀྱང་སྤྱན་རས་གཡོ་བར་ཞུ།།
༡༣༽ གནས་ཅུང་ཟད་མི་འདྲ་བའི་ཁྱད་པར་བསྟན་པ།
དེ་ལ་ཅུང་ཟད་གནས་ཆ་ནི། །
རྐན་དང་མགུལ་པའི་ཆ་དག་ལས། །
སྒྲེང་དང་བཀུག་པའི་ང་རོ་འབྱུང། །
དེ་བཞིན་མཆུ་ལ་བསྟོད་སྨད་དོ།་།
བསྒྲིམས་པ་སྤྱི་བོའི་ཆ་ལས་ཏེ། །
གློད་པ་དག་ནི་སོ་ཡིན་ནོ། །
འདི་དག་གིས་ནི་བཅིངས་པས་ན། །
ཆ་ནི་སྔོན་དུ་བརྗོད་པ་ཡིན། །
དེ་དག་ལ་སྐྱེ་གནས་ཅུང་ཟད་མི་འདྲ་བའི་ཆ་ཡོད་པ་ནི་འདྲ་ལྟར་ཏེ། བསྒྲེང་པ་དང་བཀུག་པ་ནི་མགུལ་བ་དང་རྐན་ལས་འབྱུང་སྟེ། ཨ་བཀུག་པ་ལས་ཨི་དང་། ཨ་དང་ཨི་སྦྱར་བ་ལས་བསྒྲེང་པ་ཨོ་འབྱུང་བ་བཞིན་ནོ།། དེ་བཞིན་སྨད་པ་དང་བསྟོད་པ་ནི་མཆུ་ལས་འབྱུང་བ་སྟེ། ཨ་སྨད་པ་ལས་ཨུ་དང་། ཨ་དང་ཨུ་སྦྱར་བ་ལས་ཨོ་འབྱུང་བ་འབྱུང་ངོ་།། བསྒྲིམས་པ་ནི་སྤྱི་བོ་ལས་འབྱུང་སྟེ། དེ་ཡང་བྱེད་པ་ལྕེ་རྩེར་ཉེ་བ་དང་རྐན་དུ་བཙིར་ན་སྤྱི་བོའི་ཆ་ལས་རྀ་འབྱུང་ངོ་། །དཔེར་ན། གླིང་བུའི་སྒྲ་སྤྱི་བོར་བུས་ན་ཞབས་སུ་གྲགས་པ་སྣང་བ་བཞིན་ནོ།། ཀློད་པ་དག་ནི་སོ་ལས་འབྱུང་སྟེ། དེ་ཡང་བྱེད་པ་ལྕེ་དང་སྦྱར་བ་ལས་ལྀ་ཡི་སྒྲ་ཉིད་འབྱུང་བ་ཡིན་ནོ། ། དབྱངས་འདི་དག་གིས་བཅིངས་ན། ཆ་ཡི་བྱེ་བྲག་གོང་དུ་དྲང་པོའི་སྐབས་སུ་བརྗོད་པ་བཞིན་དུ་གཞན་ལའང་སྦྱར་བ་བྱའོ།།
༡༤ སྒྲེངས་པ་དང་བཀུག་པ་ལ་སོགས་པའི་ངོ་བོ་གང་ལ་སྦྱར་བ་བསྟན་པ།
མི་དེ་མུ་དོ་རྀ་ལྀ་ཡི། །
སྒྲ་ཡི་ཆ་དང་ཅི་རིགས་སྦྱར། །
ཨ་ཡི་ཆ་ནི་མདུན་དུ་བཅད། །
ལྷག་མ་རྣམ་པའི་ཆ་ཞེས་བྱ།་།
དེ་དག་རེ་རེའི་ཆ་ཡིན་ཏེ། །
གང་གང་ཕན་ཚུན་བརྟེན་པ་ནི། །
ཀུན་ལ་ཁྱབ་ཕྱིར་སྤྱི་ཡི་ཆ། །
དེ་དག་ཡི་གེའི་བྱེ་བྲག་སྟེ། །
དེ་ལ་མི་ནི་ཨི་དང་། དེ་ནི་ཨེ། མུ་ནི་ཨུ། དོ་ནི་ཨོ། རྀ་ལྀ་གཉིས་ནི་དངོས་ཏེ། བརྡ་ཆད་འདི་དག་ནི་སྔོན་གྱི་མཁན་པོ་རྣམས་ཀྱིས་སྦྱར་བའོ།། དེ་དག་གི་སྒྲ་ཡི་ང་རོའི་ཆ་དང་ཇི་ལྟར་སྦྱར་རམ་ཞེ་ན། འདི་ལྟར། ཨི་ནི་བཀུག་པ་དང་སྦྱར་རོ།། དེ་བཞིན་དུ་ཨུ་ནི་བསྒྲེང་པ་དང་། ཨུ་ནི་སྨད་པ་དང་། ཨོ་ནི་བསྟོད་པ་དང་། རྀ་ནི་སྒྲིམ་པ་དང་། ལྀ་ནི་ཀློད་པ་སྟེ། སྒྲ་ཡི་ཆ་དང་ཅི་རིགས་པ་དང་སྦྱར་རོ། །དེ་ལ་དྲང་པོའི་ཆ་ནི་ཨ་ཡི་ཆ་སྟེ། མདུན་དུ་བཅད་པ་སྟེ་གོང་དུ་བཤད་ཟིན་ཏོ། །ཞེས་པའོ། །འོ་ན་ཨི་ལ་སོགས་པ་ལའང་ཨ་ཡི་ཆ་ཞེས་མི་བྱའམ་ཞེ་ན། དེ་དག་ཨ་ཡི་བྱེ་བྲག་ཡིན་པས། ལྷག་མ་དེ་དག་ཀྱང་ཨ་དང་ཨ་ཡི་རྣམ་པའི་ཆ་ཞེས་བྱའོ། །
དེ་དག་རེ་རེ་ལ་ཡོད་པའི་ཆ་ནི་རང་རང་གི་ཡིན་པ་དང་། གང་དང་གང་ཞིག་ཕན་ཚུན་བརྟེན་པ་ནི། ཀུན་ལ་ཁྱབ་པ་དེའི་ཕྱིར་སྤྱི་ཡི་ཆ་ཞེས་བྱའོ། །ཕན་ཚུན་བརྟེན་པའི་དོན་ཡང་ཡི་གེ་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་པ་སྟེ། དཔེར་ན། ཨོྃ་ལྟ་བུ་ཨོ་ལ་བརྟེན་ཅིང་ཁྱབ་པ་བཞིན་ནོ།། འདིར་པཎ་ཆེན་ཤཱཀ་མཆོག་པའི་སྨྲ་སྒོ་འགྲེལ་བ་ལས། འདི་དག་གི་ངག་དོན་ནི། དབྱངས་ཡིག་ཨ་ལ་མཚོན་ན་རང་གི་ཆ་དང། རྣམ་པའི་ཆ་གཉིས་གཉིས་སོ། །དང་པོ་ནི་ཨ་ཞེས་པ་ལྟ་བུ་དང། གཉིས་པ་ནི་ཨི་ཨུ་ཨེ་ཨོ་ཞེས་པ་ལྟ་བུའོ། །གསུམ་པ་ནི་ཨོཾ་ཞེས་པ་ལྟ་བུའོ། །དེ་དག་གསལ་བྱེད་སོ་སོ་ལ་ཞུགས་པའི་དབང་གིས། ཀ་ཀི་ཞེས་བྱ་བ་ལ་སོགས་པར་འགྱུར་རོ།། ཞེས་གསུངས།།
༡༥༽ ཡི་གེའི་ངེས་ཚིག་བཤད་པ།
རྣམ་གྲངས་དུ་མ་མེད་པ་དང།
མིང་ཚིག་གསལ་བར་བྱེད་པ་དང། །
དོན་རྣམས་བརྗོད་པར་བྱེད་པའི་ཕྱིར། །
ཡི་གེ་ཞེས་ནི་བརྗོད་པ་ཡིན། །
རང་བཞིན་ལས་དང་དགོས་ཆེད་ཀྱི། །
ངེས་ཚིག་ཡིན་ཏེ་གོ་རིམ་བཞིན། །
ཡི་གེའི་ངེས་ཚིག་ལ་རྣམ་པ་གསུམ་སྟེ། ངོ་བོའི་སྒོ་ནས་དང་། བྱེད་ལས་ཀྱི་སྒོ་ནས་དང་། དགོས་ཆེད་ཀྱི་སྒོ་ནས་ཏེ་རྣམ་པ་གསུམ་མོ། དེ་དག་རིམ་པར་བཞིན་འཆད་པ་ལ། རྣམ་གྲངས་དུ་མ་མེད་པ་ཞེས་པ་ངོ་བོའི་སྒོ་ནས་ངེས་ཚིག་བརྗོད་པའོ།། ཡི་གེའི་རྣམ་གྲངས་གཞན་དུ་མི་འགྱུར་པས་རྣམ་གྲངས་གཞན་དུ་མེད་པ་ཞེས་བྱའོ།། ཡི་གེའི་ངོ་བོ་གཞན་དུ་མི་འགྱུར་ཚུལ་ནི། ཡི་གེ་རང་རང་གི་སྒྲ་གདངས་ཀྱི་རྣམ་དུ་མི་འགྱུར་བའི་དོན་དུ་འཆད་དོ།། ཡང་། ཡི་གེའི་ངེས་ཚིག་ལ་གསལ་བྱེད་ཞེས་ཀྱང་བྱ་སྟེ། དེའི་རྒྱུ་མཚན་ནི་ཡི་གེ་རྣམས་ཀྱི་བྱེད་ལས་ནི་མིང་ཚིག་གསལ་བ་བྱེད་པ་དེ་ཡིན་པས་གསལ་བྱེད་ཅེས་འཇོག་པ་ཡིན་ནོ།། རྗོད་པ་བྱེད་པ་ཡང་ཡི་གེའི་ངེས་ཚིག་སྟེ། དེ་ནི་དགོས་ཆེད་ཀྱི་སྒོ་ནས་གཏགས་སོ། །དེའི་རྒྱུ་མཚན་ནི་ཡི་གེ་རྣམས་ཀྱི་དགོས་པ་ནི་དོན་རྣམས་རྗོད་པར་བྱེད་པའི་ཕྱིར་ཡིན་པས་རྗོད་པར་བྱེད་པ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་ཡི་གེ་འི་རང་བཞིན་དང་། ལས་དང་། དགོས་ཆེད་བཅས་ཀྱི་སྒོ་ནས། ངེས་ཚིག་དེ་དག་གོ་རིམ་བཞིན་འཇོག་པ་ཡིན་ནོ།། ཡི་གེའི་སྒྲ་བཤད་དེ་དག་ཀྱང་གོ་རིམ་བཞིན་དུ། ཨ་ཀྵ་ར་ཞེས་པ་དང། བྱཛཱན་ཞེས་པ་དང། ཝརྣ་ཞེས་བྱ་བའི་སྒྲ་ལས་དྲངས་པའོ། ། ཡི་གེའི་ངེས་ཚིག་གསུམ་པོ་འདི་དག་ལ། འཇམ་མགོན་ས་པཎ་གྱི་སྒྲ་ལ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ལས། བྱཱ་ཀ་ར་ཞེས་བྱ་སྟེ། ལུང་སྟོན་པའམ།་ཀུན་གསལ་བར་བྱེད་པའམ། ཀུན་གོ་བར་བྱེད་པ་ཞེས་བྱ་བ་ལ་འཇུག་གོ། ཞེས་གསུངས་ཏེ་དོན་གྱི་གནད་གཅིག་པར་སེམས་སོ།།
༢༠ ཡི་གེའི་ཚོགས་པ་བསྟན་པ།
ཚོགས་དང་ལུས་དང་འདུས་པ་ནི། །
རྣམ་གྲངས་དག་སྟེ་དེ་བཞིན་སྦྱར། །
ཚོགས་ཞེས་པ་ནི། ཀཱ་ཡ་སྟེ། དུ་མ་འདུས་པའམ། ཆ་བསགས་པ། ཡན་ལག་ཚོགས་པའི་ལུས་བཅས་ལ་འཇུག་སྟེ། དེ་དག་ནི་མིང་གི་རྣམ་གྲངས་སོ། །ཀ་སོགས་ཡི་གེ་རེ་རེ་བ་མ་ཟད། ཡི་གེ་དུ་མ་ཚོགས་པའི་མིང་དང་། ཚིག་ལའང་དེ་བཞིན་སྦྱར་བར་བྱ་བའོ།། འདིར་པཎ་ཆེན་ཤཱ་མཆོག་པའི་སྨྲ་སྒོར་འགྲེལ་བར། སྤྱིར་ཡི་གེ་ལ་གཉིས་ཏེ། དོན་དམ་པའི་དང། ཀུན་རྫོབ་པའིའོ། །འདིར་བཤད་པ་འདི་དག་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ལ། དང་པོ་ནི། སྤྱི་ཙམ་ནས་ཡི་གེའི་མཆོག་ཡིན་ཡང་སྒྲས་བརྗོད་དུ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་གསུངས་སོ། །དོན་དམ་པའི་ཡི་གེ་ལ་ཨ་གཅིག་པུས་ཁྱབ་པ་མ་ཡིན་ཏེ། ཡུམ་གྱི་མདོ་ལས་དོན་དམ་པའི་ཡི་གེ་བཞི་བཅུ་རྩ་གཉིས་བཤད་པ་དང། དང་པོའི་སངས་རྒྱས་ལས། དོན་དམ་པའི་དབྱངས་གསལ་གྱི་ཡི་གེ་དྲུག་ཅུ་གཉིས་སུ་མེད་པར་འདུས་པའི་བདག་ཉིད་ལ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སྐུ་དང། དོན་དམ་པའི་དབྱངས་གསལ་དྲུག་ཅུ་པ་དེ་སྒྲས་བརྗོད་དུ་མེད་ཀྱང་བརྡས་སྟོན་པ་ནི། གྱི་གུག་དང། དབྱུག་པ་དང། ཐོང་གཤོལ་དང། ཐིག་ལེ་དང། རྣམ་གཅད་ཀྱི་གཟུགས་ཀྱི་བརྡས་སྟོན་པར་བཤད་ལ་བརྡའ་དེ་དག་ཀྱང་དོན་དམ་པར་བརྗོད་མེད་ཀྱི་བརྡའ་ཡིན་མོད། ཐ་སྙད་དུ་བརྡའ་དེ་དག་ཕྱོགས་གཅིག་ཏུ་སྤུངས་པ་ན་ཨེ་ཝཾ་གི་གཟུགས་སུ་གྲུབ་ཅིང། དེ་ཡང་དོན་དམ་པའི་དབྱངས་གསལ་དྲུག་ཅུ་པོ་ཐམས་ཅད་འདུས་པའི་བདག་ཉིད་ཅན་ཡིན་ཏེ་དབྱངས་སུམ་བཅུ་རྩ་གཅིག་དུ་འདུས་པ་ཝཾ་དང། གསལ་བྱེད་སུམ་ཅུ་རྩ་གཅིག་ཏུ་འདུས་པའི་ཨེའི་གཟུགས་སུ་གྲུག་པས་སོ། །དེ་ཡང་ཝཾ་ནི་སྟོང་པ་ཆེན་པོ་ཡི་གེ་ལྔའི་བདག་ཉིད་ཅན་ཏེ། དབྱངས་ཡིག་སུམ་ཅུ་པོ་སྡེ་ཚན་ལྔར་བཅད་པ་ལས་སོ། །ཨེ་ཡིག་ནི་ཐིག་ལེ་སྟོང་པ་ཡི་གེ་དྲུག་གི་བདག་ཉིད་ཅན་ཏེ། གསལ་བྱེད་སུམ་ཅུ་པོ་སྡེ་ཚན་དྲུག་ཏུ་བཅད་པ་ལས་སོ། །དེ་ལྟར་བརྗོད་བཅས་ཀྱི་ཨེ་ཝཾ་གིས་ནི་བརྗོད་མེད་དོན་དམ་པའི་ཨེ་ཝཾ་མཚོན་ལ། དོན་དེ་ཡང་གློ་བུར་གྱི་དྲི་མ་མཐའ་དག་དང་བཅས་པའི་ཚེ་གཞི་དུས་ཀྱི་འཁོར་ལོ་དང། དག་ལ་མ་དག་པའི་སྐབས་སུ་ལམ་དུས་ཀྱི་དང། ཤིན་ཏུ་དག་པའི་སྐབས་སུ་འབྲས་དུས་ཀྱི་དུས་ཀྱི་འཁོར་ལོ་སྟེ། གསུམ་ག་ཡང་དོན་དམ་པའི་དབྱངས་གསལ་འདུས་པའི་བདག་ཉིད་ཡིན་ཏེ། ཇི་སྐད་དུ། རྣལ་འབྱོར་དཔལ་ལྡན་དུས་འཁོར་ཀ་ཕྲེང་ལྡན་པའི་ཨ་འདུས་ལས་ཏེ་མི་རྣམས་སྒྲོལ་བའི་དོན་དུའོ། །ཞེས་གསུངས་སོ། །
ཡང་དེ་བཞིན་དུ་དོན་དམ་པའི་རྣམ་བཅུ་དབང་ལྡན་གྱི་ཡི་གེ་བཅུ་པོ་ཡང་དེ་བཞིན་ཉིད་ཀྱི་ངོ་བོར་གནས་པ་ཡིན་ཏེ། ཇི་སྐད་དུ། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པ་སྤྲོས་མེད་དག །དེ་བཞིན་ཉིད་དག་དག་པའི་བདག །ཅེས་གསུངས་སོ། །དེ་ཉིད་སྒྲིབ་པ་དང་བཅས་པའི་ཚེ་མ་དག་པའི་འཇིག་རྟེན་ཁམས་ཀྱི་རྒྱུར་སྣང་བ་ཡིན་ཏེ། ཡཾ་ལས་རླུང་གི་དཀྱིལ་འཁོར་ནས། ཧ་ལས་གཟུགས་མེད་ཁམས་ཀྱི་སྲིད་པ་དང། རྣམ་བཅད་ལས་ཉི་མ་དང། ཐིག་ལེ་ལས་ཟླ་བར་འཆར་བའི་ཕྱིར། མདོར་ན་དོན་དམ་པའི་ཡི་གེ་ལ་ནི་ཡི་གེའི་སྒྲ་བཤད་དང་པོ་ཚང་བ་ཡིན་ཏེ། ཇི་སྐད་དུ། དོན་ཆེན་ཡི་གེ་དམ་པ་སྟེ། །ཞེས་གསུངས་པ་དེ་ཡང། དོན་ཆེན་འགྱུར་མེད་དམ་པ་ཡིན། །ཞེས་བྱ་བའི་དོན་ཡིན་པས་སོ། །ཀུན་རྫོབ་པའི་ཡི་གེ་ལ་ནི་སྒྲ་བཤད་གསུམ་ག་ཚང་བ་དེའི་ཚེ་ཡིག་གེ་དང་མིང་ལ་གཞི་མཐུན་མི་སྲིད་པ་མ་ཡིན་ཏེ། ཤ་ས་དང། ཕ་དང་མ་སོགས་ལ་མིང་ཡད་དེ་ལས་གཞན་མེད་པའི་ཕྱིར་དང། མངོན་པ་མཛོད་ལས། ཡི་གེ་མིང་གི་ཆུང་མཐར་ཡང་གསུངས་པ་ཡིན་ནོ། །འོ་ན་ཡི་གེས་བརྗོད་བྱའི་དོན་མི་སྟོན་པར་ཚད་ལྡན་མང་པོ་དག་གིས་བཤད་པ་མ་ཡིན་ནམ་ཞེ་ན། དེ་དག་གི་བསམ་པ་ནི། དཔེར་ན་བུམ་པ་ཞེས་བརྗོད་པའི་མིང་དེའི་ཆ་ཤས་སུ་གྱུར་པའི་ཨུ་དང་མ་ལ་སོགས་པ་རྣམས་ཀྱིས་དེའི་བརྗོད་བྱའི་དོན་ལྟོ་ལྡིར་བ་མི་སྟོན་པ་ལ་བསམས་པའོ། །དེ་ལྟར་ཡི་གེའི་རྣམ་གཞག་འདི། །དེ་བཞིན་ཤེས་ན་ཀུན་རྫོབ་དང། དེ་ཉིད་དམ་པའི་དོན་རིག་ནས། །དེ་བཞིན་གཤེགས་སྙིང་དོན་ཤེས་འགྱུར། །ཞེས་གསུངས། ཞེས་དོན་དམ་པའི་ཡི་གེ་དངོས་ནི་ཤེས་པའི་ངོ་བོ་དང་། དེས་སྐུལ་བའི་ངག་ནས་ཐོན་པའི་སྒྲའི་རང་བཞིན་ལ་བརྡ་བརྟག་པའི་ཡི་གེར་བཞེད་དེ། བཤད་པ་འདི་ནི་ཕྱི་ནང་གི་སྔགས་ཀྱི་གཞུང་ལུགས་སྨྲ་བ་དག་གི་གྲུབ་མཐར་སྣང་ཞིང་། ཐུན་མོང་བ་བརྡ་སྤྲོད་པའི་གཞུང་ལུགས་འཆད་པའི་སྐབས་དང་འཚམ་མིན་ནི་མཁས་པ་རྣམས་ཀྱིས་དཔྱད་པར་འཚལ། དེ་བཞིན་དུ་བྱེ་སྨྲས་འདོད་མིན་འདུ་བྱེད་དུ་འདོད་པ་དང་། རྒྱ་ནག་པ་ཚོས་མིག་ཤེས་ཀྱི་གཟུང་བྱར་འདོད་པ་དག་ཀྱང་དོན་ལ་འཐད་མིན་ཇི་ལྟར་ཡང་། དེ་ལྟར་འདོད་པའི་རྒྱུ་མཚན་རེ་ཡོད་པ་དེ་དག་ཀྱང་ཤེས་པར་བྱས་ན་རང་ཉིད་མཁས་པའི་ཡན་ལག་ཏུ་ཅིས་ཀྱང་ཉེ་བར་མཁོ་བས་བཏང་སྙོམས་སུ་གཞག་པར་མི་བྱའོ།། དེ་ལྟ་ནའང་མིང་ཚིག་ཡི་གེ་གསུམ་ཀ་རྗོད་པ་སྒྲ་ཡི་ངོ་བོར་འཕགས་བོད་ཀྱི་སྒྲ་ཚད་སྨྲ་བའི་སྤྱི་སྐད་ཡིན་ཞིང་། དེ་ལྟར་བཞེད་པའི་རྒྱུ་མཚན་ནི་དེ་བས་ཀྱང་ངེས་དགོས་པར་སེམས་སོ།།
༢༡ ཞར་བྱུང་སྔགས་བཀླག་ཐབས་མདོར་བསྡུས།
དེ་ལ་ལེགས་པར་སྦྱར་བ་ལྷ་ཡི་སྐད་ཇི་ལྟ་བ་ནི་འཇིག་རྟེན་མིའི་གདོས་བཅས་ལྕེའི་རྩེ་མོ་ནས་འབྱོར་བ་ཆེས་དཀའ་བ་ནི་བཤད་མི་དགོས་པ་ཞིག་རེད་ལ། སྐད་ཡིག་དེ་ཉིད་མིི་ཡུལ་གྱི་འཇིག་རྟེན་འདིར་གཞི་རྐང་འཛིན་པས་ལྟེ་བ་དབུས་འགྱུར་འཕགས་པའི་ཡུལ་དུའང་བྲམ་ཟེ་མཁས་པ་ཚོའི་སྒྲ་གདངས་འབྱིན་ཚུལ་དང་ཡི་གེའི་ཐོབ་ཐང་གི་འགྲེལ་བཤད་གནང་བ་དང་། ཤཱཀྱའི་རྗེས་འབྲངས་པ་ཚོའི་སྒྲ་གདངས་དང་ཡི་གེའི་ཐོབ་ཐང་གི་འགྲེལ་བརྗོད། བལ་ཡུལ་གྱི་པཎྜིཏ་ཚོའི་སྒྲ་གདངས་འབྱིན་སྟངས་མི་འདྲ་བ་དུ་མ་ཞིག་ཡོང་གི་ཡོད་ན། རང་རེའི་བོད་པ་ཚོས་ཀྱང་ལེགས་སྦྱར་བཀླག་སྟངས་ཀྱི་སྒྲ་གདངས་མི་འདྲ་བ་ཞིག་ཡོང་ལོས་ཆོག དེར་བརྟེན་སྔོན་གྱི་མཁས་པ་ས་སྐྱ་བསོད་ནམས་རྩེ་མོ་དང་། འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། དཔང་སྟོན་ལོ་ཆེན་བློ་གྲོས་བརྟན་པ། སྣར་ཐང་ལོ་ཙཱ་བ་སངྒ་ཤྲཱི་སོགས་ཀྱིས་སྔགས་བཀླག་ཐབས་ཀྱི་བརྡ་སྦྱར་དུ་མ་ལྗགས་རྩོམ་མཛད་པ་དག་ལ་བརྟེན་ནས་བོད་ཀྱི་ཁ་གོར་གོར་དང་ལྕེ་ནར་ནར་འདིས་ཐོན་ཚོད་འབྱིན་ཚོད་ཀྱི་ལེགས་སྦྱར་སྐད་གདངས་རེ་ཀློག་ཐུབ་པ་བྱུང་བ་དང་ལྷ་རབས་ཡིན། སྐད་ཡིག་འདི་ཉིད་གཅིག་པུ་མིན་པར་དེང་སང་ནུབ་ཕྱོགས་པའི་ཡུལ་གྱི་དབྱིན་ཡིག་གི་སྒྲ་གདངས་བཀླག་སྟངས་ཐད་ཨ་རི་དང་དབྱིན་ལན། ཁ་ན་ཊ་སོགས་ཀྱིས་རང་རང་གི་ལུགས་ཀྱི་སྒྲ་གདངས་མི་འདྲ་བ་རེ་ཡོད་པ་མ་ཟད་དུས་རབས་བཅོ་བརྒྱད་ཡས་མས་ནས་མགོ་བཙུགས་ཏེ་རྒྱ་གར་ཡུལ་དུ་དབྱིན་སྐད་མི་འདྲ་བའམ་གསར་པ་ཞིག་གི་མགོ་འབུས་པ་དང་། དེ་བཞིན་རྒྱ་ནག་པའི་ནང་དབྱིན་ཡིག་བཀླག་སྟངས་ཨ་རིའི་སྐད་གདངས་ཀྱི་ཤན་ཤུགས་ཆེ་བ་སོགས་ཀྱི་ཁྱད་པར་ཡོང་གི་ཡོད་པ་མཐོང་ཆོས་སུ་ཡོད་ན། རང་རེ་སྔོན་གྱི་མཁས་གྲུབ་ཚོས་སྔགས་བཀླག་ཐབས་ཀྱི་བརྡ་སྦྱོར་རྩོམ་པར་གནང་བ་ནི་རྒྱུ་མཚན་དང་ཕན་ཐོགས་ཤིན་ཏུ་ཆེ་བ་སྣང་། རྒྱ་གར་བའི་སྒྲ་གདངས་ཇི་བཞིན་ཐོན་ན་ཀློག་སྟངས་འགྲིགས་པ་དང་། དེ་ལས་ལྡོག་ན་ནོར་བའི་ངེས་འཛིན་བྱེད་ན། འོ་ན་རྒྱ་གར་བའི་ཀློག་སྟངས་དེ་ལྷའི་སྐད་གདངས་ཡིན་པ་སུ་ཞིག་གིས་ཐག་གཅོད་དམ། མིའི་ཤ་ཚུགས་ལས་གྲུབ་པའི་ཁ་གོར་གོར་འདིས་ལྷ་ཡི་གསུང་སྐད་གྲ་མ་ཉམས་པར་བཤད་ཐུབ་པ་འདོད་པའང་མ་བརྟག་མ་དཔྱད་པའི་བསམ་ཚུལ་ཙམ་སྟེ། དོན་དངོས་ཐོག་སྐད་འདི་ལྷ་ཡི་སྐད་དངོས་གནས་ཡིན་མིན་སུས་ཤེས། གལ་ཏེ་དངོས་གནས་ཡིན་ན་རྒྱ་གར་གྱི་མིས་བཀླག་པའི་སྐད་གདངས་འདི་ལྷ་ཡི་སྐད་རང་མཚན་ཞིག་ཡིན་མི་ཐུབ་པས། དེ་ལྟ་ན་རང་རེའི་སྔགས་ཀློག་སྟངས་ལ་རྒྱ་གར་བས་ཡ་མཚན་བྱེད་པ་ནང་བཞིན། རྒྱ་གར་བའི་སྔགས་ཀློག་སྟངས་ལ་ལྷ་རྣམས་ཀྱིས་ཡ་མཚན་བྱེད་ངེས་ཏེ། དོན་ལ་མིས་ལྷ་སྐད་ཇི་ལྟ་བ་བཞིན་རྒྱག་མི་ཐུབ་པ་ཆོས་ཉིད་ཡིན་པའི་ཕྱིར།། སྐད་ཡིག་འདི་ལྷ་མི་གང་ཡི་ཡིན་ཡང་འཇིག་རྟེན་འདིར་དར་ཁྱབ་ཆེ་ས་ནི་རྒྱ་གར་ཡིན་པས་དེའི་ཀློག་སྲོལ་དང་ཇི་ཙམ་བསྟུན་ཐུབ་ནའང་དགེ་མཚན་ཆེ་བ་ནི་བཤད་ག་ལ་དགོས། དེ་ལྟར་ན་འང་གསང་སྔགས་མོས་པས་འགྲུབ་པའི་གཏམ་རྒྱུད་ས་པཎ་ཞབས་བཞུགས་སྐབས་ཀྱི་བཛྲཱ་ཀཱི་ལི་ཀཱི་ལ་དང་ཀྱི་ལི་ཀྱི་ལ། གདུགས་དཀར་གྱི་སྔགས་བགྲངས་པས་གདུགས་ཕྱེད་ཀ་མགོ་ཐོག་ཏུ་འཁོར་འོང་བའི་སྔོན་གྱི་བཤད་སྲོལ་དེ་དག་ལ་རིན་ཐང་མེད་པ་མིན་པས། གལ་ཏེ་རྒྱ་གར་བའི་ཀློག་པ་ནང་བཞིན་མ་བྱུང་ནའང་ནོར་བ་དང་འཁྲུལ་བའི་ཉེས་པར་བགྲངས་བ་མི་རིགས་སོ་སྙམ་སྟེ། གནད་འདི་དག་ལ་དགོངས་ནས་དཔང་ལོའི་ཚོགས་གསུམ་གསལ་བ་ལས། དེ་ཡང་བོད་རྣམས་སྔགས་མོས་པས་ཀློག་པ་ཙམ་ཡིན་གྱི། རྒྱ་གར་བ་ལྟ་བུའི་གདངས་ཤེས་པ་ཤིན་ཏུ་དཀོན་ལ། དེ་ཤེས་ཀྱང་རྒྱ་གར་གྱི་སྐད་མ་ཤེས་ན་གཅོད་མཚམས་ལོག་པས་དོན་འཛོལ་བར་འགྱུར་ཏེ། དཔེར་ན་རྟེན༌འབྲེལ་སྙིང་པོ་ལ། ཡོ་ཞེས་པ་གང་ཞེས་པ་དང༌། ནི་རོ་དྷ་ཞེས་པ་འགོག་པ་ཞེས་པ་ཡིན་ལ། ཡོ་ནི་ཞེས་བཅད་པས་མོ་མཚན་གྱི་མིང་དུ་འགྱུར་བ་ལྟ་བུའོ། །དེས་ན་དོན་ཡོད་གཤེགས་པའི་གཟུངས་ཞེས་པ་ལྟ་བུ་ཡང་སཾསྐྲཏའི་སྐད་ལ་ཞེན་པ་མ་བྱས་པར་སྔོན་གྱི་ལོ་ཙཱ་བ༌ཆེན་པོ་རྣམས་ཀྱིས་བོད་སྐད་དུ་རུང་ཚད་བསྒྱུར་བ་དེ་ལྟ་བུ་བཀླགས་ན་འཐད་པར་མཐོང་ངོ་། །ཞེས་གསུངས་པ་ནི་ཤིན་ཏུའང་མོད་དོ།།
ད་ནི་སྔགས་བཀླག་ཐབས་དངོས་ལ་འཇུག་པར་བྱ་སྟེ། དེ་ལ་གསལ་བྱེད་རྣམསཀྱི་ནང་ནས་འཕགས་བོད་གཉིས་ཀ་བཀླག་སྟངས་འདྲ་བ་བཅུ་དགུ་ཡོད་པ་ནི།
ཀ་ཁ་ང༌།
ཙ་ཚ་ཉ།
ཏ་ཐ་ན།
པ་ཕ་མ།
ཡ་ར་ལ་ཝ།
ཤ་ས་ཧ།བཅས་ཡིན།
དཔང་ལོ་ཆེན་པོས། །ལྷག་མ། ཀ་ཁ་ང༌། ཙ་ཚ་ཉ། ཏ་ཐ་ན། པ་ཕ་མ། ཡ་ར་ལ་ཝ། ཤ་ས་ཧ༌སྟེ་བཅུ་དགུ་རྣམས་བོད་ཀྱི་གདངས་ཅི་ལྟ་བུར་བཀླག་པར་བྱའོ། །ཞེས་སོ།།
བཀླག་སྟངས་མི་འདྲ་བ་ནི་སྡེ་བའི་ནང་ཚན་བཞི་ཀའི་ཡི་གེ་བཞི་པ་བཞི།
ག་ཇ་ད་བ།
བོད་ཡིག་ལ་མེད་པའི་འཐུག་པོ་ལྔ།
གྷ་ཛྷ་ཌྷ་དྷ་བྷ།
ལོག་ཡིག་ལྔ།
ཊ་ཋ་ཌ་ཎ་ཥ།
མཐའ་ཟད་གཅིག
ཀྵ།
དབྱངས་ཡིག་རྣམ་ཀྱི་ནང་ནས་འདྲ་བ་ཨི་ཨུ་ཨེ་ཨོ། ཕུད་པའི་ལྷ་མ་རྣམས་བོད་ལ་མེད་པས་དེའི་དོད་དམ་སྒྲ་གདངས་ཅུང་འདྲ་བའམ་ཐག་ཉེ་བ་རེ་དཔེ་མཚོན་བྱས་ནས་བཤད་ནས་འཆད་དགོས། གཞན་ཡང་བོད་དང་མི་འདྲ་ས། སྣ་ཐང་ལོ་ཙཱ་བས་སྒངས་ཀློག་ཐབས་ལས། ཡི་གེ་ཐུང་བ་གཅིག་ཡུན་བཀླག །རིང་བ་གཉིས་ཀྱི་ཡུན་དུ་བཀླག །ཤིན་ཏུ་རིང་བ་གསུམ་ཡུན་བཀླག །པླུ་ཏ་ཡང་དེ་བཞིན་ནོ། ། ཞེས་དང་། དཔང་ལོས།འགྲེང་བུ་ཅན་དང་ན་རོ་ཅན། རིང་ཆ་ཅན་རྣམས་གཉིས་ཡུན་བཀླག །ཤིན་ཏུ་རིང་རྣམས་གསུམ་ཡུན་བཀླག །ལྷག་མ་གཅིག་ཡུན་ཐུང་བ་འོ།། དབྱངས་རྐྱང་པའམ་ཀི་ནས་ཀཷ་ཀཹ་ཞེས་པའི་བར་གསལ་བྱེད་ལ་ཞུགས་པའང་རུང་སྟེ། ཨེ་ཨཻ་ཨོ་ཨཽ་རྣམས་དང་། ཨཱ་ཨཱི་ཨཱུ་རྀ་རཱྀ་རྣམས་རིང་པོ་ཡིན་པས་དབྱངས་ཡིག་ཐུང་བ་གཉིས་ཀྱི་ཡུན་དུ་བཀླག་པར་བྱའོ་། ཤིན་ཏུ་རིང་པོ་པླུ་ཏའི་རྟགས་ཅན་རྣམས་ནི་གསུམ་གྱི་ཡུན་དུ་བཀླག་པར་བྱ་ཞིང་། ལ་སོགས་པས་སྔར་བཤད་པ་ལྟ་ཆེས་བསྲིངས་ཏེ་ཀློག་པའང་ཡོད་དོ།། ཞེས་གསུངས་པ་དག་ཀྱང་ངེས་དགོས།
ད་ནི་གོང་དུ་ཞུས་པའི་མི་འདྲ་བ་དེ་དག་རིམ་པར་བཞིན་བཀླག་ཚུག་འཆད་པར་བྱ་སྟེ།
མིང་གི་ཐོག་མར་སྡེ་པ་ཡི། །གསུམ་པ་འས་ཕུལ་བཞིན་དུ་བཀླག །
ག___འགའ། ཇ___འཇའ། ད___འདའ། བ___འབའ།
དབུས་མཐར་བྱུང་ན་བོད་དང་མཚུངས། །
བན་དྷེ___བན་རྡེ། བུདྱ___བུད་ཡ།
བཞི་པ་རྣམས་ནི་གསུམ་པ་ལ། །ར་མགོ་ཧ་སྒྲ་ལྡན་པར་བཀླག ། གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི། །ཡི་གེ་གཉིས་གཉིས་འདོད་པ་འཁྲུལ། །
གྷ___རྒ། ཇྷ___རྗ། དྷ___རྡ། བྷ___རྦ།
ཊ་སོགས་ལོགས་སྡེའི་བཀླག་ཚུལ་ནི། །ལྕེ་རྩེ་རྐན་སྦྱར་སྟིབས་ཀྱིས་བསྒྱུར། །
ཊ___ཏྲ། ཋ___ཐ། ཌ___དྲ། ཌྷ___རྜ ཎ___ནྲ།
ཥ་ནི་ཁ་དང་ཆ་མཐུན་པར། །རྐན་གྱི་ཕུགས་ནས་སྟོངས་ཀྱིས་འདོན། །
ཥ___ཁ།
ཀྵ་ནི་ཁྱ་དང་ཆ་མཐུན་ཙམ། །
ཀྵ___ཁྱ།
ཛ་ལ་ཉ་བཏགས་འགྱ་འམ་གཉའ། །
ཛྙ___འགྱ་ཡང་ན་གཉའ།
གསལ་བྱེད་མི་འདྲ་དུ་མ་བརྩེགས། །རང་སྒྲ་ཐོན་ཙམ་མྱུར་བར་བཀླག །
ཏྶ___ཏ་ས། ཨཛྫྷལཽ___ཨད་ཛྷལོ། དང༌། བི་གྷྣ___བི་གྷ་ན། དཏྣ___དད་ན། བྲ༌ཧྨ༌་་བྲ་ཧ་མ།(ས་པཎ་དང་དཔང་ལོ་ཆེན་པོས།ཏྶ་ཞེས་པ་དང༌། ཨཛྫྷལཽ་དང༌། བི་གྷྣ་དང༌། དཏྣ་ཞེས་པ་དང༌། བྲ༌ཧྨ༌ཞེས་པ༌ལྟ༌བུའང་ཕྲལ་ཏེ་བཀླག་ཅེས་གསུངས། )
དབྱངས་དང་ང་རོ་འོག་མ་དབང་། །
སེངྒེ___སེང་གེ། ཥྚོ___ཥ་ཊོ(ཁ་ཏྲོ)
འདྲ་བའི་གསལ་བྱེད་བརྩེགས་གྱུར་ན། །ཁ་ཁེངས་མཐོན་པོའི་གདངས་ཀྱིས་བཀླག །
ཀྐ___ཀག ཏྟ___ཏད། པྤ___པབ། དྡ___དད།
བརྩེགས་པའི་ཐོག་མ་གོང་མ་དབང་། །དེ་འོག་རྣམས་ནི་དཀྱུས་སུ་བཀླག །
ཤསྟྲཱི___ཤས་ཏྲཱི། དྷརྨྨ___དྷར་མ།(རྡར་མ)། སྐནྡྷ___སྐན་དྷ(ས་ཀན་རྡ)། ཨ་ནུཏྟ་ར___ཨ་ནུཏ་ཏར༔ཨགྣི___ཨག་ནི། བུདྡྷ___བུད་དྷ། སབྷ___སབ་ཧ། སངྒྷ___སང་གྷ། ནནྡྲ___ནན་དྲ། ཨམྦ___ཨམ་བ།སཾསྐྲིཏ___སཾས་ཀྲིཏ། ཀལྤ___ཀལ་པ།
ཉ་ཎ་ཡར་སྦྱར་ན་ལྟར་བཀླག །
པཉྩ___པནྩ། ཙཎྜ___ཙནྜ།
ཤ་ཥ་ཡར་སྦྱར་ས་ལྟར་བཀླག །
ཤྱ___ས། ཥ___ཤ།
ཀ་ནི་ག་དང་ཙ་ཛ་ཊ། །ཌ་ཏ་རྣམས་ནི་ད་རུ་བཀླག །
ཤཀ___ཤག གྷཙ___གྷད། ཕཊ___ཕད། ཋཀྐུ་ར___ཋག་ཀུ་ར། གཙྪ___གད་ཚ། ཨཊྚ___ཨད་ཏ། ཨུཏྠ___ཨུད་ཐ།
པ་ཡིག་རྣམས་ནི་བ་རུ་བཀླག །
ཨཔྶར___ཨབ་སར།
རྣམ་བཅད་ས་རུ་བཀླག་པའམ། །དྲག་པོར་བཅད་དེ་བཀླག་པར་བྱ། །
ཨ༔ས___ཨས།
རྗེས་སུ་ང་རོ་སྡེ་པ་ལ། །རང་རང་སྡེ་པའི་ལྔ་པར་བཀླག
ཀཾ___ཀང་། ཁཾ___ཁང་། ཅཾ___ཅཉ(ཅན)། ཊཾ___ཊཎ(ཊན)། ཏཾ___ཏན། པཾ___པམ།
ཡཾ___ཡང་། རཾ___རམ། ལཾ___ལམ། ཝཾ___ཝམ། ཤཾ___ཤམ། ཥཾ___ཥམ། སཾ___སམ། ཧཾ___ཧམ།
ཡང་ན། ཡཾ___ཡང་།་རཾ___རན། ལཾ___ལན། ཝཾ___ཝམ།
ཡ་སོགས་བརྒྱད་ལ་ང་རུ་བཀླག །ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། །ཤད་ཀྱིས་ཆོད་ན་རང་ཉིད་བརྩི། །ཤད་མེད་ན་ནི་འོག་མ་བརྩི། །
ཨོཾ་དང་ཧཱུཾ་གཉིས་མ་དང་ང་། །ཚིག་གྲོགས་དག་ལ་བལྟོས་པ་མིན། །
ལྕེ་རྩ་ཅན་དང་མཆུ་ཅན་གཉིས། །ཨ་ཀ་ཨ་པ་ཞེས་པའམ། །ཀོ་ཝ་པོ་ཝ་ཞེས་པར་བཀླག །
ྉྐ___ཨ་ཀ ྉྤ___ཨ་པ། ྈྐ___ཀོཝ། ྈྤ___པོཝ།
ཡ་བཏགས་ཕལ་ཆེར་འགྲེལ་བུ་ནི། །ཡའི་སྒྲ་ཅུང་ཟད་ལྡན་པར་བཀླག །
ཏྱ___ཏེ། དྱ___དེ།
ཡ་ལ་ཡ་བཏགས་ཡ་རང་ཉིད། །
ཡྱ་ཡྻ___ཡ།
ཀ་ཁའི་ཡ་བཏགས་བོད་བཞིན་བཀླག །
ཀྱ___ཀྱ།་ཁྱ___ཁྱ།
ར་ལ་ཡ་བཏགས་ར་ཡར་བཀླག །
ཙ་ཚ་ཛ ལ་ཡ་སྟ་བཏགས།། བོད་ཀྱི་ཅ་ཆ་ཇ་བཞིན།།གུག་ཀྱེད་ཅན་ཡང་དེ་བཞིན་དེ།། (སྔགས་བཀླག་ཐབས་འབྲས་བུ་འབྱུང་བའི་མེ་ཏོག་ལས)
ཙྱ___ཅ། ཚྱ___ཆ། ཛྱ___ཇ། ཙྱི___ཅ་ཡི། ཙྱེེ___ཅཡེེ། ཚྱཽ___ཆཡོོ།
རྱ་རྻ___ར་ཡ།
ཝ་བཏགས་ཕལ་ཆེར་ན་རོ་སྟེ། །ཝ་སྒྲ་ཅུང་ཞིག་ལྡན་པར་བཀླག །
སྭ___སོ།
ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། །གི་གུ་ཕྱིར་ནི་ལོག་གྱུར་ན། །ཀི་རྀ་ཀི་ལྀ་ཞེས་མྱུར་བཀླག ། དེ་བཞིན་དབྱངས་ཀྱི་རྀ་ལྀ་གཉིས། །ར་དང་ལ་རུ་འདོད་པ་འཁྲུལ། །
ཀྲྀ___ཀི་རྀ། ཁྲྀ___ཁི་རྀ། ཀླྀ___ཀི་ལྀ། ཁླྀ___ཁི་ལྀ།
ཀ་སོགས་ར་དང་ལ་བཏགས་ནས། །གི་གུ་ཕྱི་ནི་མ་ལོག་ན། །ཀ་རི་ཀ་ལི་ཞེས་པར་བཀླག །
ཀྲི___ཀ་རི། ཁྲི___ཀ་རི། ཀླི___ཀ་ལི། ཁླི___ཁ་ལི།
ཨཻ་དང་ཨཽ་ཡི་བཀླག་ཚུལ་ནི། །ཨེ་ཨི་ཨོ་ཨུ་ཞེས་པར་བཀླག །
ཨེེ___ཨེ་ཨི། ཨོོ___ཨོ་ཨུ། (བདག་གི་ཡབ་ཆེན་གྱིས། ཨེའེ་དང་ཨོའོ། ཞེས་ཀློག་དགོས་གསུངས།)
དེ་བཞིན་ཀ་སོགས་སྲོག་ཞུགས་ན། །ཀེ་ཨི་ཀོ་ཨུ་སོགས་སུ་བཀླག ། །འགྲེངས་བུ་ན་རོ་ཡོད་གྱུར་ན། །རིང་པོ་ཉིད་ཕྱིར་འ་འདོགས་འཁྲུལ། །
ཀེེ___ཀེཨི། ཁཻ་་ཨི། གཻ___གེཨི། གྷེེ___གྷེ་ཨི། ངེེ___ངེཨི། ཀོོ___ཀོཨུ།(བདག་གི་ཡབ་ཆེན་གྱིས་ཀོོ___ཀོའོ)
རྒྱས་པར་སློབ་དཔོན་ངག་ལས་སློབས། །
འདི་དག་ནི། སྣ་ཐང་ལོ་ཙཱ་བ་སང་གྷ་ཤྲཱིའི་སྔགས་ཀློག་ཐབས་བསྡུས་པ་ལས་ཇི་སྐད་གསུང་པ་གཞིར་བྱས་ནས་བྲིས་སོ།།
དེ་དག་གི་ཁུངས་བཙན་ཤོས་ནི་འཇམ་མགོན་ས་པཎ་གྱི་སྔགས་ཀློག་ཐབས་ཡིན་ལ། གཙོ་བོར་དེ་ཉིད་ལ་ཁུངས་སུ་བྱས་ནས་ དཔང་ལོ་ཆེན་པོས་མཛད་པའི་ཚོགས་གསུམ་གསལ་བ་ལས། སྔགས་བཀླག་ཐབས་འཆད་པའི་སྐབས། འདི་ལྟར། ད་ནི་དབྱངས་གསལ་བྱེད་ཅི་རིགས་པའི་བཀླག་ཐབས་བརྗོད་པར་བྱ་སྟེ། འགྲེང་བུ་ཅན་དང་ན་རོ་ཅན། རིང་ཆ་ཅན་རྣམས་གཉིས་ཡུན་བཀླག །ཤིན་ཏུ་རིང་རྣམས་གསུམ་ཡུན་བཀླག །ལྷག་མ་གཅིག་ཡུན་ཐུང་བ་འོ།། དབྱངས་རྐྱང་པའམ་ཀི་ནས་ཀཷ་ཀཹ་ཞེས་པའི་བར་གསལ་བྱེད་ལ་ཞུགས་པའང་རུང་སྟེ། ཨེ་ཨཻ་ཨོ་ཨཽ་རྣམས་དང་། ཨཱ་ཨཱི་ཨཱུ་རྀ་རཱྀ་རྣམས་རིང་པོ་ཡིན་པས་དབྱངས་ཡིག་ཐུང་བ་གཉིས་ཀྱི་ཡུན་དུ་བཀླག་པར་བྱའོ་། ཤིན་ཏུ་རིང་པོ་པླུ་ཏའི་རྟགས་ཅན་རྣམས་ནི་གསུམ་གྱི་ཡུན་དུ་བཀླག་པར་བྱ་ཞིང་། ལ་སོགས་པས་སྔར་བཤད་པ་ལྟ་ཆེས་བསྲིངས་ཏེ་ཀློག་པའང་ཡོད་དོ།། གཞན་ཨ་ཨི་ཨུ་རྀ་ལྀ་རྣམས་རིང་ཆ་མེད་པས་དཀྱུས་མར་བཀླག་གོ ཨཻ་ཨཽ་དག་ནི་ཨེ་ཨཻ་དག བོད་ཡིག་ལ་དེ་མཚོན་པའི་ཆེད་དུ་འགྲེང་བུ་དང་ན་རོ་ཉིས་བརྩེགས་ཡོད་པ་ནི་ཨེ་གེ་ལ་ཀཻ་ཤ་རལ་བ་སྟེང་ན་ཡོད་པ་དང་། བོད་ཡིག་ལ་དེ་མཚོན་པའི་ཆེད་དུ་འགྲེང་བུ་དང་ན་རོ་ཉིས་བརྩེགས་ཡོད་པ་ནི་ཨེ་རིག་ཆ་མེད་པ་ལ་ཨེས་བརྒྱན་པ་ཨེ་ཨུ་ཞེས་པ་ལྟ་བུ་དང་། ཨོ་རིང་ཆ་མེད་པ་ལ་ཨུས་བརྒྱན་པ་ཨོ་ཨུ་ཞེས་པ་ལྟ་བུར་བཀླག་ཅིང་གཉིས་ཡུན་ཉིད་ཡིན་ནོ།
ད་ནི་གསལ་བྱེད་ཀྱི་བཀླག་ཐབས་བསྟན་པོའི་ཆེད་དུ་སྨྲས་པ། གསལ་བྱེད་སྲོག་མེད་ཕྱི་མོའི་མགོར། བརྩེགས་པའམ་ཚེག་མེད་ཡར་སྦྱར་བཀླག །གསལ་བྱེད་དབྱངས་མེད་པ་ཡི་གེ་ཕྱི་མའི་སྟེང་དུ་བརྩེགས་པ་བུདྷ་ཞེས་པ་སྟ་བུ་དང་། སྔ་མའི་ཡི་གེ་དང་ཚེག་གི་བར་མ་བཅད་པ་ཕགས་ལྟ་བུ་ཡི་གེ་སྔ་མ་ལ་སྦྱར་བར་བྱའོ་། སྡེ་བའི་དང་བོ་དབྱངས་མེད་ཛ་། བོད་ཀྱི་ག་སོགས་བཞིན་ཡར་སྦྱར་། སྡེ་བའི་དང་བོ་ཀ་ལ་སོགས་པ་དང་། ཛ་ཡིག་སྲོག་མེད་རྣམས་ཡར་ཡི་གེ་སྦྱར་བར་བྱ་ཞིང་། དེ་ཡང་བོད་ཀྱི་ག་བཞིན་དུ་ཀ་དང་། ད་ཡིག་བཞིན་དུ་ཙ་པ་ཊ་དང་མཛྫ་ཞེས་པ་ལྟ་བུ་ཛ་ཡིག་དང༌། བ་བཞིན་དུ་པ་ཡིག་བཀླག་པར་བྱ་སྟེ། དཔེར་ན། ཋཀྐུ་ར། གཙྪ། ཨཊྚ། ཨུཏྠ། ཨཔྶར་ཞེས་པ་ལྟ་བུའོ། །ཉ་ཎ་ཡར་སྦྱར་ན་ལྟར་བཀླག །ཉ་དང་ཎ་སྲོག་མེད་པ་ཡར་སྦྱར་ན་ནི་ན་ལྟར་བོད་པར་བྱ་སྟེ། པཉྩ། ཙཎྜ་ལྟ་བུའོ། །གཞན་སྦྱར་ཕལ་ཆེར་བོད་དང་འདྲ། །སྡེ་བའི་གཉིས་པ་སྦྱར་བ་ཤས་ཆུང་བས། གསུམ་པ་སྦྱར་བ། ཨགྣི། བུདྡྷ། སབྷ། སོགས་དང༌། ལྔ་བ་སྦྱར་བ། སངྒྷ། ནནྡྲ། ཨམྦ་སོགས་དང༌། ཡ་སྦྱོར་བ་སཾསྐྲཏ་ལ་མི་སྲིད་ཅིང༌། ར་སྦྱར་བ། དྷརྨ་ལྟ་བུ་དང༌། ལ་སྦྱར་བ། ཀལྤ་ལྟ་བུ་སྟེ། ཝ་སྦྱར་བ་མེད་དོ། །ས་སྦྱོར་བོད་ལྟར་འདོན་པའང་ཡོད། །ས་སྲོག་མེད་འགའ་ཞིག་ནི་འང་ཞེས་པའི་གོང་མ་ལ་ཡར་སྦྱར་བ། ནམ་སྟཱརཱཡ་ཞེས་པ་ལྟ་བུ་དང༌། འགའ་ཞིག་བོད་དང་འདྲ་བ་སྐནྡྷ་དང༌། ཤསྟྲཱ་དང༌། བསྣ་དང༌། སྤཥྛ་དང༌། ཏསྨ་དང༌། ས་ཧ་སྲ་ལྟ་བུའོ། །ཛ་ལ་ཉ་བཏགས་འགྱ་གཉར་བཀླག །ཀློག་ལུགས་དེ་གཉིས་རྒྱ་གར་དབུས་པ་དང་ཁ་ཆེའི་ལུགས་སོ་ཞེས་གསུངས་ཏེ་ངེས་པ་ཡོད་མེད་ཐེ་ཚོམ་ཟའོ། །ཤ་ཥ་ཡར་སྦྱར་ས་དང་མཐུན། །ཥ་ལ་བཏགས་པ་གདངས་གཅིག་པའང༌། །ཤ་དང་ཥ་ཡིག་སྟེང་དུ་བརྩེགས་པ་ཡི་གེ་གོང་མ་ལ་སྦྱར་ན་ས་དང་རྣམ་པ་མཐུན་པ་ཙམ་སྟེ། ནམཤྩཎྚ་ཞེས་པ་དང༌། ཀཥྚིཀ་ཏེ་ཞེས་པ་ལྟ་བུའོ། །ཥ་ལ་ཡི་གེ་གཞན་བཏགས་པ་སྟེང་འོག་གཉིས་ཀ་ལ་སྐད་གདངས་གཅིག་ཏུ་ཀློག་པ་ཡིཥྚ་ཞེས་པ་དང༌། ཥྵཱན་ཞེ་པ་ལྟ་བུ་འང་ཡོད་དོ། །བླ་མ་འགའ་ཞིག རྒྱ་གར་ལུགས་ལ་གསལ་བྱེད་ཀྱི། །ཡི་གེ་ཐམས་ཅད་བརྩེགས་ཡོད་པས། །གཅིག་སྟོང་གཅིག་བརྒྱ་ལྔ་བཅུ་དྲུག །ཅེས་པ་ལ་སོགས་པ་གསུངས་པ་ནི། ཙནྡྲ་བའི་མདོར་ཡང༌། ཡའི་ཝ་ལ་དབྱིའོ་ཞེས་ཡ་ལ་ཡི་གེ་གཞན་བཏགས་མེད་པར་གསུངས་པ་ལ་སོགས་པ་དང་འགལ་བས་ན་ཆ་མེད་ཀྱི་རྒྱུས་གཏམ་གསུངས་པར་ཟད་དོ། །ཡ་བཏགས་འགྲེང་བུ་རིང་ཆ་མང༌། །ཝ་བཏགས་ན་རོ་གཅིག་ཡུན་ཅན། །ཡི་གེ་ཕལ་ཆེར་ཡ་བཏགས་པ་ནི། ཡི་གེ་དེ་དང་དེ་ལ་ཨེ་སྲོག་ཏུ་ཞུགས་པ་ལྟ་བུ་ལ་ཐུང་ངུ་གཅིག་ཡུན་དུ་བཀླག་གོ །དེ་བཞིན་དུ། ཝ་བཏགས་པ་ས་ཏྭ་ཞེས་པ་ལྟ་བུ་རྣམས་ཨོ་ཡིག་གཅིག་ཡུན་དུ་བཀླག་པར་བྱའོ། །
ད་ནི་དེའི་དམིགས་བསལ་བསྟན་པ། ཀ་ཁ་ཡ་བཏགས་བོད་བཞིན་ཏེ། །ར་ལ་ཡ་བཏགས་ར་ཡར་སྦྱར། །ཀ་དང་ཁ་ལ་ཡ་བཏགས་པ་ནི་བོད་རྣམས་ཀློག་པ་དང་ཚུལ་མཐུན་པར་བྱ་སྟེ། ཤཱཀྱ་སཾཁྱ་ཞེས་པ་ལྟ་བུའོ། །ར་ལ་ཡ་བཏགས་པ་ཨཱརྱ་ཞེས་པ་ལྟ་བུ་ར་ཡིག་ཡར་ཡི་གེ་གོང་མ་ལ་སྦྱར་ཏེ། འོག་མ་ཡ་ཉིད་དུ་བཀླག་གོ །ར་ལ་ཝ་བཏགས་པ་ཤིན་ཏུ་ཤས་ཆུང་ཞིང༌། གལ་ཏེ་སྲིད་ན་དེ་བཞིན་དུ་སྟེ། ཁ་ཅིག་སརྦ་སརྭ་ཞེས་ཀློག་པ་མཐོང་ངོ་། །ར་བཏགས་ཕལ་ཆེར་བོད་གདངས་མཚུངས། །ར་བཏགས་པ་ཕལ་ཆེར་ཏེ། ཀྲ་གྲ་གྷྲ་པྲ༌བྲ་བྷྲ་མྲ་ཤྲ་ཧྲ་རྣམས་སཾསྐྲཏ་ལ་ཡོད་པ་ནི་བོད་ཀྱི་ཀློག་པ་ལྟར་བཀླག་ཅིང༌། ཛྲ་ཞེས་པ༌བོད་སྐད་ལ་མེད་པའང་ཡོད་དོ། །མིང་ཐོག་སྡེ་བའི་གསུམ་པ་རྣམས། །འ་ཡིས་འཕུལབ་ལྟར་བཀླག །དབུས་མཐར་ཡོད་པ་བོད་དང་མཚུངས། །སཾསྐྲཏའི་སྐད་ཀྱི་མིང་རྣམས་ཀྱི་ཐོག་མ་ན་ཡོད་པའི་སྡེ་བའི་གསུམ་པ། གུ་ཎ༌དང༌། ཛ་ན་དང༌། ཌཱི་ན་དང༌། དཱ་དང༌། བཛྲ༌ཞེས་པ་ལྟ་བུ་ནི་བོད་ཀྱི་ཚུལ་ལ་ད་རྣམས་འས་འཕུལ་བ་ལྟ་བུ། འགའ། འཛའ། འདྲ། འདའ། འབའ་ལྟ་བུར་བཀླག་པར་བྱའོ། །མིང་གི་དཀྱིལ་ན་ཡོད་པ་ག་ག་ན་དང༌། བྷ་ཛ་ན་དང༌། ཝད་ན་དང༌། ཨརྦཎ་ལྟ་བུ་དང༌། མིང་གི་མཐའ་ན་ཡོད་པ། བྷ་ག ག་ཛ། བནྡ། ཝ་ད། གན་དྷརྦ་ལྟ་བུ་རྣམས་ནི་བོད་ཀྱི་གདངས་ཅི་ལྟ་བ་བཞིན་དུ། ག་དང་ཛ་དང་ད་དང་བ་ཉིད་དུ་བཀླག་གོ །ཡར་སྦྱོར་བ་མ་གཏོགས་པ་ཀུན་འས་འཕུལ་བཞིན་ནོ་ཞེས་སྨྲ་བ་ནི་འཁྲུལ་བའོ། །བཞི་བ༌རྣམས་ནི་གསུམ་པ་ལ། །ཧ་སྒྲ༌ཅུང་ཟད་ལྡན་པར་བྱ། །གྷ་ལ་སོགས་པ་ལྔ་སྟུག་ཅིང་བྱིངས་ཆེ་བ་ཧའི་སྒྲ་ཅུང་ཟད་དང་ལྡན་པ་སྟེ། འཁའ། འཆའ། འཋའ། འཐའ། འཕའ་འདྲ་བར་བཀླག་གོ་ཞེས་གསུང་བ་ནི་རྒྱ་གར་བའི་ཀློག་ཚུལ་མ་གཟིགས་པའོ། །སྡེ་བ་གསུམ་པའི་དང་བོ་བཞི། །ཏ་སྡེ་ར་བཏགས་ཆ་མཐུན་ཏེ། །ལྕེ་རྩེ་ཅུང་ཟད་ནང་བཀུག་བཀླག །ཊའི་སྡེ་བའི་དང་བོ་བཞི་ནི་ཏ་སྡེ་བའི་དང་བོ་བཞིར་བཏགས་དང་ལྡན་པ་དང་ཆ་མཐུན་ཏེ། ཏ་སྡེའི་བྱེད་པ་ལྕེའི་རྩེ་མོ་ཡིན་ཞིང༌། ཊ་སྡེའི་བྱེད་པ་ལྕེ་རྩེ་དང་ཉེ་བ་ཡིན་པས་ན། སྡེ་བ་ལྔ་ཆར་ཡང་ལྕེ་རྩེ་ཅུང་ཟད་ནང་དུ་བཀུག་ཏེ་བཀླག་པར་བྱའོ། །ཥ་ཡང་དེ་དང་འདྲ་བ་སྟེ། །ཀྵ་ནི་ཁྱ་དང་ཆ་མཐུན་པའོ། །ཥ་ཡིག་ཀྱང་སྤྱི་བོ་ལས་འབྱུང་ཞིང་དེའི་བྱེད་པ་ལྕེ་རྩེ་དང་ཉེ་བ་ཡིན་པས་ཊ་སོགས་དང་འདྲའོ། །ཀྵ་ཡིག་ནི་ཀ་དང་ཥ་ཡིན་ཡང་རྣམ་པ་འོལ་སྤྱི་འདྲ༌ཞིང༌། ཥ་ཡོད་པས་ལྕེ་རྩེ་ཅུང་ཟད་སྟེང་དུ་དགུག་གོ །གསལ༌བྱེད་ལྷག་མ་བོད་དང་མཚུངས། །ལྷག་མ། ཀ་ཁ་ང༌། ཙ་ཚ་ཉ། ཏ་ཐ་ན། པ་ཕ་མ། ཡ་ར་ལ་ཝ། ཤ་ས་ཧ༌སྟེ་བཅུ་དགུ་རྣམས་བོད་ཀྱི་གདངས་ཅི་ལྟ་བུར་བཀླག་པར་བྱའོ། །
རྗེས་སུ་ངོ་སྡེ་བ་ལ། །རང་རང་སྡེ་བའི་ལྔ་བར་བཀླག །ཡ་སོགས་བརྒྱད་ནི་ང་རུ་འོ། །ཚེག་དྲག་བཅད་དེ་དྲག་པོར་བཀླག །ཀླད་གོར་བྱུང་ན་དེའི་རྗེས་སུ་ཀ་སྡེ་བྱུང་ན་ང་རུ་ཀློག་པ་ནས། པ༌སྡེ་བྱུང་ན་མ་རུ་བོད་པའི་བར་རང་རང་གི་སྡེ་བའི་ལྔ་བར་བོད་དོ། །མཐར་གནས་བཞི་དང་དྲོ་བ་བཞིའི་རྗེས་སུ་བྱུང་ན་ང་ཉིད་དུ་བོད་དོ། །ཨཀ་ཨཔ་ཅེས་པ་ལྟ་བུར་བཀླག །སྐ་ཞེས་པ་ཀ་ལྕེ་རྩ་ཅན་དང༌། ཕ་ཞེས་པ་པ་མཆུ་ཅན་དག་གི་བྱེད་པ་ལྕེའི་རྩ་བ་ཡིན་པས་ཨག་ཅེས་པ་དང༌། ཨཔ་ཅེས་པ་དང་ཆ་མཐུན་པར་བཀླག་པར་བྱའོ། །ཁ་ཅིག ཡི་གེ་ལ་དེ་འདྲའི་ཡི་གེ་མེད་དོ་ཞེས་གསུངས་པ་ནི་མ་བསླབ་པའི་ཤེས་བྱ་ལ་རྣམ་གཞག་བྱེད་པའོ། །བརྗེད་དུ་མི་རུང་མང་དང་ཉུང༌། །བརྩམས་པ་རང་སྒྲ་དྲན་ཙམ་དུ། །ཕྲལ་བཀླག་དབྱངས་ནི་འོག་མ་དབང༌། །འདྲ་གཉིས་བརྩེགས་པའམ་མི་འདྲ་བའང༌། །དུས་ཀྱི་འཁོར་ལོའི་རྣམ་བཅུ་དབང་ལྡན་དང་གདན་བཞིའི་སྒོ་འགེགས་པའི་ས་བོན་ ཧྐྵྨླྺྼྻྃ ་ལྟ་བུ་ཕྲལ༌ཏེ་བཀླག་ཅིང༌། ཡི་གེ་འདྲ༌བ་གཉིས་བརྩེགས་ཀྐ་ཞེས་པ་ལྟ་བུ་དང༌། མི་འདྲ་
བ་བརྩེགས་པ་ཏྶ་ཞེས་པ་དང༌། ཨཛྫྷལཽ་དང༌། བི་གྷྣ་དང༌། དཏྣ་ཞེས་པ་དང༌། བྲ༌ཧྨ༌ཞེས་པ༌ལྟ༌བུའང་ཕྲལ་ཏེ་བཀླག་ཅིང༌། དབྱངས་ནི་ཡི་གེ་འོག་མའི་སྲོག་ཉིད་དོ། །སྤྱིར་ན་དབྱངས་ལྟར་ངག་ལས་བསླབ། །ཡི་གེ་བྲིས་པ་འདི་ལྟ༌བུ་ཡིན་ནོ་ཞེས་པ་དང༌། དེ་བཤད་པས་ཇི་ལྟ་བ་བཞིན་ཤེས་པར་མི་ནུས་ཀྱི། མདོ་དབྱངས་དང་ཡི་གེའི་དབྱངས་སློབ་པ་བཞིན་དུ་ལེགས་པར་སློབ་དཔོན་གསུང་ལས་འབད་པས་བསླབ་པར་བྱའོ། །ཞེས་གསུངས།
སྨྲས་པ། དུས་ཀྱིས་བསྐལ་བ་དཔག་མེད་བགྲང་བྱའི་སྔོན།།
ཡུལ་གྱིས་བསྐལ་བ་མུ་མེད་གནམ་གྱི་དབྱིངས།།
གྲངས་ཀྱིས་བསྐལ་བ་དབྱངས་གསལ་རྒྱ་མཚོའི་རྡུལ།།
ངོ་བོས་བསྐལ་བ་ཕྲ་རག་རིང་ཐུང་འཛིང།།
དེ་ཕྱིར་ལེགས་སྦྱར་གྲགས་པའི་ལྷ་ཡི་སྐད།།
སྨྲ་བྱེད་སྒོར་མོའི་དབྱིབས་སུ་འཁྱིལ་བ་ཡི།།
མགོ་ནག་མི་ཡི་ཁ་ནས་ཐོན་དཀའ་མོད།།
སུག་པའི་རིས་སུ་འབབ་པ་འདི་ཉིད་ཙམ།།
དབྱངས་གསལ་ལྔ་བཅུའི་རྒྱུ་རྐྱེན་ང་རོའི་གདངས།།
རིང་ཐུང་སྲབ་འཐུག་རྣམ་གྲངས་འབྱེད་པའི་གཞུང་།།
སྨྲ་སྒོ་མཁན་པོའི་ལུགས་དང་གཞན་གཞུང་འགའ།།
སྦྲགས་ནས་ཡི་གེའི་སྦྱོར་བ་འདི་ཉིད་སྤེལ།།
སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འབྲུ་འགྲེལ་ཅུང་ཟད་གསལ་བ་བྱེད་པ་ལས་ཡི་གེའི་ཚོགས་བཤད་ཟིན་ཏོ།།
བེ་རི་འཇིགས་མེད་དབང་རྒྱལ།
བསམ་ཚུལ་འབྲི།
