སྨན་རམས་པ་མཁར་ལེགས་བཟོད་པའི་ལོ་རྒྱུས།
༄༅། སྨན་རམས་པ་མཁར་ལེགས་བཟོད་པ་ངོ་སྤྲོད། ཡོང་ཁུངས། ངེད་དྲ་བ།
རྒྱལ་སྤྱིའི་གསོ་རིགས་འབུམ་རམས་པ་ཆེན་པོ་མཁར་ལེཊ་བཟོད་པ་ལཊ་ནི་སྤྱི་ལོ ༡༩༤༠ ལོར་ལྕགས་ར་ཧྱོ་མདའ་ཞེས་པར་འཚོ་བྱེད་པ་ཆེན་པོ་སྡེ་དགེ་བླ་སྨན་དྲུང་འཚོ་གུ་རུ་ཚེ་འཕེལ་ནས་ཕ་སྐལ་བཟང་ཚེ་རིང་བར་སྨན་པ་བརྒྱུད་མ་ཆད་པ། སྨན་རབས་འདས་པའི་བརྒྱུད་པར་སྐྱེས། ཆུང་དུས་ནས་ཞང་པོའི་མདུན་དུ་ཡི་གེ་འབྲི་ཀློག་ལེགས་པོ་སྦྱངས་པ་དང་། ལོ་ངོ་བརྒྱད་ཀྱི་གོང་ཐོག་རྒྱལ་བ་དཔལ་ཡུལ་པའི་ཆོས་བརྒྱུད་འཛིན་པའི་ཆོས་གྲྭ་ཨེ་ཝཾ་དགོན་དུ་གྲ་པ་བྱས་ནས། རང་ལོ་བཅོ་ལྔའི་བར་དུ་དགོན་དེའི་འདོན་ཆོག་ཆོས་སྤྱོད་ཀྱི་རིམ་པ་རྣམས་ལེགས་པར་བསླབ། ཕ་རྒན་སྐལ་བཟང་མདུན་ནས་རྒྱུད་བཞི་བློ་ལེན་དང་། བཤད་ཁྲིད། སྨན་རྩྭ་ངོས་འཛིན་སོགས་གསོ་རིག་རྨང་བཞི་ལེགས་པར་བཙུགས། ལོ་བཅུ་དྲུག་ཐོག་ཞང་པོས་སྡེ་དགེ་བླ་སྨན་གྲྭ་མང་ལྷ་རྗེ་འཇམ་དབྱངས་བཟང་པོའི་མདུན་བཏང་བས། རྒྱུད་བཞིའི་བཤད་ཁྲིད་དང་ཐུན་མིན་གྱི་མན་ངག་མང་པོ་གནང་ཞིང་སློབ་བུའི་གཙོ་བོར་གྱུར། སྦྱངས་པ་མཐར་ཕྱིན་ཚེ་འབྲི་རྒྱུད་སེ་ཚའི་ཕྱོགས་སུ་སྨན་པ་མཛད་པ་དང་། དགོན་དུ་སྤྱོད་འཇུག་སོགས་ནང་རིག་གཙོ་བོར་གྱུར་པའི་རིག་པའི་གཞུང་ལ་བག་ཆགས་མི་དམན་པ་བཞག །༡༩༦༦ལོར་སྐྱེ་ཡུལ་དུ་རུ་ཆེན་མཉམ་འབྲེལ་གྱི་སྨན་ཁང་བཙུགས་ནས་འབྲི་ཆུ་ཤར་ནུབ་ཉམ་ཐག་པའི་ནད་པ་མང་པོར་ཚེ་སྲོག་གཉིས་པའི་ལེགས་སྐྱེས་བྱིན། ཀཿདཔལ་སོགས་ཀྱི་སྐྱེས་ཆེན་དག་དང་འབྲེལ་བ་ཟབ་པའི་དབང་གིས་བོད་ཀྱི་རིག་གནས་དང་དངོས་རྫས་ལ་སྲུང་སྐྱོབ་ལེགས་པོ་མཛད་པའི་གོ་སྐབས་དང་། ཕྱོགས་མེད་ཀྱི་སྐྱེས་ཆེན་དག་ལས་ཟབ་རྒྱས་ཆོས་ཀྱི་གདམས་པ་ཡང་མང་དུ་ཉན་པའི་སྐལ་བཟང་ཐོབ་པ་སྟེ། དེ་ཡང་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ལས་ལྕེ་བཙུན་སྙིང་ཐིག །དཔལ་ཡུལ་པདྨ་ནོར་བུ་ལ་བཀའ་བརྒྱད་དགོངས་འདུས་དང་། རིན་ཆེན་གཏེར་མཛོད་སོགས། རྨུགས་སངས་མཁར་ལེགས་སྤྲུལ་སྐུ་ལས་སྙིང་ཐིག་དྲན་པ་ཉེར་བཞག་དང་། ལག་ལེན་འགྲེལ་གཉིས། གྱང་ཁང་སྤྲུལ་སྐུ་ཐུབ་བཟང་ལས་ཞི་ཁྲོའི་བསྐྱེད་རྫོགས་སྐོར། དཔེ་སྤྲུལ་འཆི་མེད་རྡོ་རྗེ་ལས། གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་ཆ་ཚང་། ར་སྐོར་མཁན་ཐུབ་ནོར་མདུན་གསོ་རིག་རྩ་རྒྱུད་དང་། བཤད་རྒྱུད། ཉམས་ཁྲིད་སྐོར་བཅས་དང་། དཔལ་སྤུངས་ཇ་ར་མཁན་པོ་ལས་ཀུན་བཟང་ཞལ་ལུང་། དཔལ་ཡུལ་མཁན་བཀྲ་ཚོགས་ལས་སྤྱོད་འཇུག །སྡོམ་གསུམ། སོར་མདོ། རྒྱལ་སྲསལག་ལེན། སྨྱོ་ཤུལ་ལུང་རྟོགས་ཀྱི་ཁྲེགས་ཆོད་སྐོར་སོགས་དང་། ཨེ་ཝཾ་དགོན་པའི་མཁན་པོ་ཚེ་མགོན་ལས་ཁྲིད་ཡིག་ཀུན་བཟང་ཞལ་ལུང་དང་། ཐུན་མིན་རྫོགས་སྐོར་ཕལ་མོ་བཅས་དང་། ཁྱད་པར་མཧྭ་པཎྜ་ཏ་མཁན་ཆེན་ཚེ་རྣམ་མཆོག་གི་དྲུང་ནས་དཔལ་ལྡན་རྒྱུད་བཞིའི་བཤད་ཁྲིད་རྒྱས་སྤྲོད་དང་། དངུལ་ཆུ་བཙོ་བཀྲུ་ཆེན་མོས་གཙོས་རིན་ཆེན་རིགས་ཀྱི་བསྡུ་སྦྱོར་ཞིབ་ཁྲིད་དང་། སུམ་རྟགས་དག་གསུམ་བཅས་བརྡ་སྤྲོད་སྐོར། ཤེར་ཕྱིན་མངོན་རྟོགས་རྒྱན། རྒྱུད་བླ་མ། དབུ་མ་འཇུག་པ། སོར་མདོ། བཤེས་སྤྲིངས། རྒྱལ་སྲས་ལག་ལེན་བཅས་ཐུན་མོང་ཐུན་མིན་གྱི་རིག་གཞུང་མང་དུ་གསན་པ་དང་། ཉེ་ཆར་སྒང་མཛེས་ལུང་བླ་མ་བསོད་ནམས་བཀྲ་ཤིས་ལས། དར་མོ་བཀའ་རྒྱ་མ་དང་། གཡུ་ཐོག་ཆ་ལག་བཅོ་བརྒྱད། ཤེལ་གོང་ཕྲེང་། ཟིན་ཏིག་མའུ་བཅས་གསན། སྨན་སྦྱོར་ལག་ལེན་གྱི་རིམ་པའང། ༡༩༧༩ལོར་ཞིང་ཆེན་དང་། ཁུལ། རྫོང་བཅས་ཀྱི་འཆར་འགོད་ལྟར། སྡེ་དགེ་རྫོང་བོད་སྨན་ཁང་དུ་རྐང་འཛིན་སྨན་པར་འདེམས་བསྐོས་བྱས། ༡༩༨༠ལོར་ཁྲོ་མཎྜལ་དགོན་དུ་ཁྲོ་རུ་མཁན་ཆེན་ཆེད་དུ་གདན་དྲངས་པ་དང་ལྷན་ཏུ་ཐེངས་དང་པོའི་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རྩ་ཆེའི་སྨན་རིགས་མང་པོ་བསྡུ་སྦྱོར་མཛད་པ་དང་ཞོར་དུ་ཕྱག་ལེན་ཀུན་འཁྲུལ་མེད་དུ་བསླབ། ༡༩༨༥ལོར་སྡེ་དགེ་པར་ཁང་གི་དབུ་འཛིན་རྣམ་པའི་རྒྱབ་སྐྱོར་འོག་རིན་ཆེན་རིལ་ནག་ཆེན་མོ་དང་མུ་ཏིག་བདུན་བཅུ་སོགས་སྨན་ཆེན་མང་པོ་ཞིག་བསྡུ་སྦྱོར་ཚུལ་བཞིན་བྱས། ༡༩༩༦ལོར་སྡེ་དགེ་བོད་སྨན་ཁང་གི་ཡོན་ཀྲང་གི་ཐུགས་འགན་བཞེས་པ་དང་། སྨན་ཁང་དེ་ཉིད་དུ་དངུལ་བཙོ་ཐེངས་གཉིས་པའི་བསྡུ་སྦྱོར་མཛད། ༢༠༠༡གི་ལོར་རྒྱ་གར་རྣམ་གྲོལ་གླིང་དུ་གྲུབ་དབང་པདྨ་ནོར་བུ་མཆོག་གིས་ཆེད་དུ་གདན་ཞུས་ལྟར་ཕེབས་ཏེ། དངུལ་བཙོ་བསྡུ་སྒྲུབ་ཐེངས་གསུམ་པ་དང་རིན་ཆེན་རིགས་ཁག་གཅིག་བསྡུ་སྦྱོར་བྱས། ༢༠༠༤ལོར་ཤྲི་ལངྐའི་རྒྱལ་ཁབ་ཏུ་རྒྱལ་སྤྱིའི་གསོ་རིག་གྲོས་ཚོགས་ཆེན་མོར་ཞུགས་ཏེ་རྒྱ་ཁབ་བརྒྱ་དང་བཞི་བཅུ་ཞེ་གཅིག་གི་མི་སྣའི་ཁྲོད་དུ། རྒྱལ་སྤྱིའི་གསོ་རིག་འབུམ་རམས་པའམ་པོ་ཧྲིའི་གོ་གནས་བཞེས་ཤིང་། ལོ་དེར་སྡེ་དགེ་བོད་སྨན་ཁང་དུ་དངུལ་བཙོ་ཐེངས་བཞི་པ་བསྡུ་སྦྱོར་བྱས། ༢༠༠༦ལོར་ལས་འཁྱུད་ངལ་གསོ་བྱས་ཀྱང་དམངས་ཚོགས་ཀྱི་རེ་འདུན་ལྟར། སྡེ་དགེ་ཐང་རྒྱལ་བོད་སྨན་འགྲོ་ཕན་ཁང་བྱ་བ་གསར་དུ་བཙུགས། ༢༠༠༧ལོར་དཔལ་ཡུལ་བོད་སྨན་ཁང་གི་གདན་ཞུས་ལྟར། དངུལ་ཆུལ་བཙོ་བཀྲུ་ཐེངས་ལྔ་པ་བསྡུ་སྦྱོར་དང་སྨན་ཁང་དེ་ཉིད་ཀྱི་སྨན་པ་ཁག་དང་ཀཿ་ཐོག་དགོན་པའི་གསོ་རིག་འཛིན་གྲྭའི་སློབ་བུ་སོགས་དོན་གཉེར་ཅན་ཁག་གཅིག་ལ་ལག་ལེན་འཁྲུལ་མེད་དུ་བསླབ་པ་སོགས་གསོ་བ་རིག་པའི་མཛད་ཕྲིན་རྒྱུན་སྐྱོང་པ་དང་། ཉམ་ཐག་པའི་ནད་པ་མང་པོའི་རེ་བ་ཡིད་བཞིན་དུ་སྐོང་བ། སྡེ་དགེ་ས་གནས་ཁག་གཙོ་བོར་བྱས་པའི་ཕྱོགས་མེད་ཀྱི་བརྒྱུད་འཛིན་སློབ་བུའི་ཚོགས་བསྐྱེད་བསྲིངས་གནང་བ་། དཔེ་དཀོན་པའི་རྩ་ཆེན་སྨན་གྱི་ཡིག་རྙིང་མང་པོ་འགྲེམ་སྤེལ་དང་འཚོལ་བསྡུ་མཛད་པ་སོགས་གསོ་རིག་ཕྱོགས་ལ་བཀའ་དྲིན་བླ་ན་མེད་པ་བསྐྱངས་དང་སྐྱོང་བཞིན་པར་བཞུགས་པ་ལགས་སོ། །