སྦེལ་ཇམ་དུ་སྐྱོབས་བཅོལ་ལེན་སྟངས་དོ་དམ་དུ་ཕྱིན་འདུག
ཟླ་འདིའི་ཚེས་༢༥ཉིན། སྦེལ་རྗམ་བོད་རིགས་ཚོགསཔའི་གོ་སྒྲིག་འོག སྦར་སིལ་དུ་ཡོད་པའི་ན་ལན་ཊའི་དགོན་པའི་ནང་། ཉེ་བའི་ཆར་བོད་མི་སྐྱབས་བཅོལ་ཞུ་མཁན་མང་བོ་ཞིག་ལ་ཡིག་ཆ་མ་རག་པའི་དཀའ་ངལ་འཕྲད་ཡོད་པའི་སྐོར་ལ་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།
ཚོགས་འདུའི་སྐུ་མགྲོན་དུ་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་དང་དྲུང་ཆེ་ཀརྨ། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་བཅས་ཕེབས་ཡོད་འདུག་ལ། གཞན་ཡིག་ཆ་ནག་པོ་ཆགས་མཁན་དང་འདྲི་བ་གཉིས་པ་ཡོང་རྒྱུ་ལྷག་བསྡད་ཡོད་མཁན་བཅས་བོད་མི་ཉིས་བརྒྱ་ཙམ་འདུ་འཛོམས་བྱུང་ཡོད་འདུག ཚོགས་འདུའི་སྟེང་སྤེལ་རྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ཀྱིས་སྤེལ་རྗམ་དུ་སྐྱབས་བཅོལ་ཞུས་ཡོད་པའི་རང་རིགས་བོད་མི་ཕོན་ཆེ་ཞིག་གི་ཡིག་ཆ་ནག་པོ་ཆགས་ཡོད་པ་དང་། ཁོང་ཚོའི་ཆེད་སྤེལ་རྗམ་བོད་རིགས་ཚོགས་པའི་ངོས་ནས་ཁྲིམས་རྩོད་པ་ཡག་པོ་ཞིག་བཙལ་ཏེ་ཁྲིམས་གཏུགས་རོགས་རམ་གྱི་ཐབས་ལམ་བཙལ་བཞིན་ཡོད་པའི་དེ་རིང་ནག་པོ་ཆགས་ཡོད་མཁན་ཚོའི་མིང་ཐོ་བསྡུ་ལེན་བྱ་རྒྱུ་ཡིན་པ་དང་། འདྲི་བ་གཉིས་བ་ཡོང་རྒྱུ་སྒུག་བསྡད་ཡོད་མཁན་ཚོའི་དྲིས་ལན་སྐབས་དོ་སྣང་ག་རེ་བྱེད་དགོས་མིན་སྐོར་ལམ་སྟོན་དང་། སྦེལ་རྗམ་གཞུང་གིས་སྐྱབས་བཅོལ་ལེན་པའི་སྲིད་ཇུས་ཇེ་དམ་དུ་སོང་ཡོད་པའི་སྐོར་ངོ་སྤྲོད། གཞན་རང་རིགས་ཡིག་ཆ་ནག་པོ་ཆགས་མཁན་ཚོའི་ནང་ཕྲུ་གུ་སྐྱེས་ཡོད་མཁན་དམིགས་གསལ་དཀའ་ངལ་འཕྲད་བཞིན་པ་ཚོའི་ཆེད་བོད་རིགས་ཚོགས་པའི་ངོས་ནས་མཚན་ཚོགས་གོ་སྒྲིག་དང་ཞལ་འདེབས་བསྡུ་སློང་བརྒྱུད། དཔལ་འབྱོད་བསྡུ་རུབ་ཀྱིས་རོགས་ཕན་གང་ནུས་བྱ་འཆར་ཡོད་པ་བཅས་གསུངས་སོང་།
སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེས་ཉེ་ཆར་སྤེལ་རྗམ་དུ་བོད་མི་མང་བོ་ཞིག་གི་ཡིག་ཆ་ནག་པོ་ཆགས་པ་ནི་རང་རེའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རེ་ཟུང་གིས་སྐད་ཆ་བཤད་སྟངས་མ་འགྲིག་པའི་དབང་གིས་ཡིན་ཚུལ་གྱི་དཀྲོག་གཏམ་ཞིག་ཁྱབ་བཞིན་ཡོད་པའི་སྐོར་ལ་གསལ་བཤད་གནང་དོན། ༢༠༡༣ ལོའི་ཕྱི་ཟླ་༣ པའི་ཚེས་༦ ལ་སིད་སུ་དང་སྤེལ་རྗམ་གཞུང་གི་སྐྱབས་བཅོལ་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དང་བལ་ཡུལ་དུ་བསྐྱོད་ཡོད་པ་དང་། ཁོང་ཚོས་ལྡི་ལི་ནས་སྐུ་ཚབ་དོན་གཅོད་ཁང་། བདེ་དོན་ལས་ཁུངས། སྣེ་ལེན་ཁང་། བོད་ཀྱི་སྲིད་བྱུས་ཁང་། མདུན་ལམ་ལམ་སྟོན་ཚོགས་པ། བོད་ཀྱི་ཚོང་དོན་ཚོགས་པ། ད་རུང་རྒྱ་གར་གྱི་མཁས་པ་དང་བོད་མི་སྒེར་བ་ཁག་ཅིག་བཅས་ལ་ཐུག་འཕྲད་གནང་ཡོད་འདུག རྡ་ས་ནས་ཁོང་ཚོས་གཞོན་ནུ་དང་བུད་མེད་ཚོགས་པ། དགུ་བཅུ་གསུམ། བོད་རང་དབང་སློབ་ཕྲུག་ཚོགས་པ། སྒྲོལ་མ་གླིང་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། རང་རེའི་སྒྲིག་འཛུགས་ཀྱི་ནང་སྲིད་དང་བདེ་སྲུང་ལས་ཁུངས། འཕྲོད་བསྟེན་ལས་ཁུངས། སྣེ་ལེན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་འདུག་ལ། སྤྱི་འཐུས་ཚོགས་གཙོ་ལགས་དང་ལྷན་བཀའ་མོལ་གནང་ཡོད་འདུག རྡ་རམ་ས་ལའི་SP་ལའང་ཐུག་འཕྲད་གནང་ཡོད་འདུག
དེའི་རྗེས་ཁོང་ཚོ་བལ་ཡུལ་དུ་བསྐྱོད་དེ་བོད་མིའི་ཚོགས་པ་ཁག་ལ་གཟིགས་ཡོད་འདུག སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་པ་ཡིན་ན་བལ་ཡུལ་ལས་རྒྱ་གར་ཏུ་གནས་སྡོད་བོད་མི་ཚོའི་གནས་སྟངས་ཡག་པོ་ཡོད་པ་དང་། ས་གནས་ཁ་ཤས་སུ་རྒྱ་གར་ཡུལ་མི་ལས་བོད་མིའི་གནས་སྟངས་ཡག་པ་དང་བོད་མིའི་རྒྱ་གར་ཡུལ་མི་གཡོག་ཏུ་བཀོལ་བའི་གནས་སྟངས་གཟིགས་ཡོད་འདུག ཡང་དཀྲོག་གཏམ་དུ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་དང་སྤྱི་འཐུས་སྤེན་པ་ཚེ་རིང་བཅས་སྤེལ་རྗམ་དུ་སླེབས་སྐབས་སྤེལ་རྗམ་གཞུང་ལ་བོད་མི་ཚོར་དཀའ་ངལ་མེད་སྐོར་ཞུས་ཡོད་པ་ནི་བདེན་པ་མིན་སྐོར་གསལ་བཤད་གནང་དོན། ན་ནིང་ཕྱི་ཟླ་༨ པར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཨི་ཊ་ལི་རུ་གཞུང་དོན་ཕྱོགས་བསྐྱོད་ཕེབས་ཞོར་ཏུ་བཀའ་ཤག་གི་གཞིས་ཆགས་རོགས་རམ་གྱི་ལས་འཆར་གསལ་བཤད་ཆེད་སྤེལ་རྗམ་བོད་རིགས་མི་མང་ལ་ཐུག་ཡོད་པ་ལས་སྤེལ་རྗམ་གཞུང་དང་གྲོས་ཚོགས་གང་ལའང་ཐུག་མེད་པ་རེད། དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་ཧོ་ལན་ཊི་རུ་འཚོགས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་འགན་འཛིན་ལྷན་ཚོགས་སྟེང་བཅར་སྐབས་ཞོར་ཏུ་སྤེལ་རྗམ་མི་མང་ལ་ཐུག་འཕྲད་ཆེད་ཕེབས་པ་ལས་སྦེལ་རྗམ་གཞུང་ལ་ཐུག་མེད། ཉེ་ཆར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཡུ་རོབ་གྲོས་ཚོགས་དང་སྦེལ་རྗམ་གྲོས་ཚོགས་ཁག་ལ་ཐུག་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་དཀའ་སྡུག་ཁག་གསལ་བཤད། བོད་དོན་ལ་རྒྱབ་སྐྱོར་གནང་དགོས་བའི་འབོད་སྐུལ་གནང་བ་ལས་བོད་མི་ལ་དཀའ་ངལ་མེད་སྐོར་ཞིག་གཏན་ནས་གླེང་མེད།
སྤྱིར་བཏང་རང་རེའི་མཛད་གཙོ་རྣམ་པ་འདིར་ཕེབས་སྐབས་ཀྱི་མཛད་རིམ་ཁག་སྐུ་ཚབ་དོན་གཅོད་ནས་གྲ་སྒྲིག་གནང་གི་ཡོད་ལ་གསུང་མོལ་ག་རེ་གནང་བ་དོན་གཅོད་ནས་ཉར་བསྡད་ཡོད་པ་རེད་ཅེས་གསུངས་པ་དང་། དོན་གཅོད་ཀྱིས་སྤེལ་རྗམ་གཞུང་གིས་སྐྱབས་བཅོལ་ལ་འཛིན་པའི་སྲིད་ཇུས་ནི་ཁ་སང་བྱ་ཉལ་བསྡད་ཡོད་སར་དེ་རིང་བྱ་ཉལ་བསྡད་མེད་པར་འགྱུར་བ་ཕྱིན་ཡོད་ལ། ད་ལྟའི་སྐྱབས་བཅོལ་འགན་འཛིན་ལྕམ་Maggie De Blockཚོགས་པ་ཡིས་སྐྱབས་བཅོལ་ཐད་དམ་དྲག་གི་སྲིད་ཇུས་བཟུང་སྟེ་སྦེལ་རྗམ་གཞུང་ལ་ཁེ་ཕན་བསྐྲུན་ཡོད་པས་སྦེལ་རྗམ་མི་མང་ཁྲོད་ཁོ་མོ་ལ་རྒྱབ་སྐྱོར་གྱི་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་མ་ཟད་ཁོ་མོ་མ་འོངས་བར་སྲིད་འཛིན་ཆགས་སྲིད་པའང་བརྗོད་ཀྱི་ཡོད་ལ། ཕྱི་ཟླ་༣པའི་ནང་སྦེལ་རྗམ་དུ་འོས་ཤོག་བླུགས་པའི་་དུས་ལ་སླེབས་ཡོད་པའི་ཁོ་མོའི་ཚོགས་པ་ལ་རྒྱབ་སྐྱོར་ཐོབ་ཆེད་སྐྱབས་བཅོལ་ཐད་དམ་དྲག་གི་སྲིད་ཇུས་གནང་བ་ཡིན་སྲིད་ལ་འོས་ཤོག་རྗེས་སྲིད་ཇུས་ལ་འགྱུར་བ་ཕྱིན་མི་སྲིད་པའང་མ་རེད་ཅེས་བརྗོད།
དོན་གཅོད་ཀྱིས་མུ་མཐུད་གསུང་དོན། ཡིག་ཆ་ནག་པོ་ཆགས་ཡོད་པའི་དཀའ་ངལ་སེལ་ཆེད་སྦེལ་རྗམ་གཞུང་གི་མི་སྣ་ཁག་ལ་ཐུག་འཕྲད་གནང་སྟེ་RC སྐོར་འགྲེལ་བརྗོད་གནང་རྒྱུ་ཡིན་ལ། RCལག་འཁྱེར་དེ་ལས་བོད་མི་ཚོ་ཕྱི་རྒྱལ་མིའི་ཐོབ་ཐང་ཙམ་ལས་སྐྱབས་བཅོལ་པ་ཡིན་པ་གསལ་མི་འདུག་ལ། ལོ་རེ་དུས་ཡུན་རྫོགས་ཚེ་ཕར་འགྱངས་ཞུ་དགོས་བ་དང་ས་གནས་གཞན་ལ་འགྲོ་སྐབས་departure ཞུ་དགོས་བ། ས་ཆ་ཉོ་ཚོང་གི་ཐོབ་ཐང་མེད་པ་དང་། སློབ་སྦྱོང་དང་ལས་ཀའི་མཐུན་རྐྱེན་མེད་པ་བཅས་ཀྱི་སྐོར་གསལ་བཤད་གནང་སྟེ་སྦེལ་རྗམ་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐད་ཀྱི་ཐག་གཅོད་འགྲིག་མེད་པ་གླེང་གི་ཡིན་ཞེས་གསུངས།
མཐར་སྐུ་ངོ་དོན་གཅོད་ཀྱིས་བོད་མི་ཚོའི་སྐད་འཕྲིན་སྟེང་དཀྲོག་གཏམ་འདྲ་མིན་བརྗོད་དེ་གཞུང་དང་མི་མང་དབར་འགལ་ཟླ་བཟོ་བཞིན་པ་དེ་ཡག་པོ་མིན་ལ། སྐད་འཕྲིན་སུའི་བཟོས་པ་ངོ་ཤེས་དགོས་པ་དང་དཀྲོག་གཏམ་དེ་དག་དགྲ་བོ་ལ་དགོས་བའི་ལག་ཆ་རུ་གྱུར་སྲིད་པའི་བེད་སྤྱོད་སྐབས་བསམ་བློ་གཏོང་དགོས་པ་དང་གཟབ་ནན་བྱ་དགོས་བའི་འབོད་སྐུལ་གནང་སོང་།
ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་གྱིས་ཐེངས་འདིའི་ཚོགས་འདུའི་སྟེང་གནས་ཚུལ་ཇི་བྱུང་སྤྱི་འཐུས་གྲོས་ཚོགས་ལ་སྙན་སེང་ཞུ་རྒྱུ་ཡིན་པ་དང་། བོད་མི་ཚོའི་ས་གནས་བོད་རིགས་ཚོགས་པ་དང་དོན་གཅོད་ལ་ཡིད་ཆེས་གནང་ཚེ་དཀའ་ངལ་སེལ་ཐུབ་ངེས་རེད་ཅེས་གསུངས། མཐར་སྦེལ་རྗམ་བོད་རིགས་ཚོགས་པའི་ཚོགས་གཞོན་སྨན་པ་ཆོས་རིགས་ཀྱིས་ཐུགས་རྗེ་ཆེ་གཏམ་བཤད་དང་སྦྲགས་ཁོང་སྒེར་ངོས་ནས་ཡིག་ཆ་ནག་པོ་ཆགས་མཁན་ཚོའི་ཁྲོད་ནད་མནར་གྱིས་བོད་སྨན་བསྟེན་དགོས་བྱུང་ཚེ་བོད་སྨན་རིན་མེད་ཀྱིས་སྤྲོད་ཀྱི་ཡིན་ཚུལ་བརྗོད་སོང་། གཞན་ཚོགས་འདུའི་སྟེང་ཡིག་ཆ་ནག་པོ་ཆགས་མཁན་ཚོའི་ངོས་ནས་བཀའ་སྤྱི་གཉིས་ལ་མཚན་འཁོད་སྙན་ཞུ་ཞིག་འབུལ་རྒྱུ་ཡིན་པ་བསྒྲགས་སོང་ལ། ཚོགས་འདུའི་རྗེས་ཡིག་ཆ་ནག་པོ་ཆགས་མཁན་༡༠༣ ཙམ་གྱིས་བོད་རིགས་ཚོགས་པ་ལ་མིང་ཐོ་སྤྲད་ཡོད་འདུག ཡོང་ཁུངས། བོད་ཀྱི་བང་ཆེན།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།