སྡེ་དགེའི་འགན་ལྷན་ཐེངས་དང་པོ་མཇུག་སྒྲིལ་བ།
༈ སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་བ།
དེའང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་དང་པོ་དེ། རྒྱལ་གར་གྱི་རྒྱལ་ས་ལྡི་ལི་རུ་འདི་ཟླའི་ཕྱི་ཚེས་ ༨ དང་ ༩ སྟེ་ཉིན་གཉིས་རིང་བསྐང་ཚོགས་གནང་ཡོད་པ་དང་། ཚོགས་ཐོག་ཏུ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་དང་། ཚོགས་གཞོན་སྲས་འཆི་མེད་ལྕགས་རྡོ་ལགས་ཀྱིས་མཚོན་དབུས་རྒྱུན་ལས་རྣམ་པ་དང་། ལྡེ་ར་ལྡུན་དང་། ཀ་ལ་མིན་ཏྲོན། དྷ་ས། སྦིར། མཚོ་པདྨ། ལྡི་ལི་སོགས་ཀྱི་ས་གནས་རྒྱུན་ལས་རྣམ་པ་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་འཇུ་ཆེན་བཀྲ་ཤིས་དཔལ་འབྱོར་ལགས་བཅས་མཉམ་ཞུགས་གནང་ཡོད་པ་རེད། དེ་བཞིན་ཡུལ་དུས་ཀྱི་དབང་གིས་ཐེངས་འདིར་ཚོགས་འདུར་བཅར་མ་ཐུབ་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གིས་མཚོན་ས་གནས་རྒྱུན་ལས་མང་པོ་ཞིག་གིས་ཡིག་ཐོག་ནས་ལས་བསྡོམས་དང་རྩིས་ཕྲ་ཕུལ་ཡོད་པ་རེད་འདུག ཉིན་དང་པོའི་སྔ་དྲོའི་ཕྱག་ཚོད་ ༩ པ་ལ་ཚོགས་གཙོས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རབ་དཀར་ལྷ་རེག་ཕུལ་བ་དང་འབྲེལ། སྣང་གསལ་མར་མེ་སྦར་ཏེ་ཚོགས་འདུ་དབུ་འབྱེད་གནང་རྗེས། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཉེ་ཆར་སྡེ་དགེ་འདན་མའི་ཁུལ་དུ་རྒྱ་གཞུང་གིས་དྲག་གནོན་བྱས་པའི་དོན་རྐྱེན་འོག་འདས་གྲོངས་ཕྱིན་པ་ཚོས་གཙོས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གུས་འདུད་ཆེད་སྐར་མ་གཅིག་རིང་ངག་བཅད་དང་བཅས་མྱ་ངན་རྗེས་དྲན་ཞུས་ཡོད་པ་རེད།ཉིན་དེར་དབུས་ས་གཉིས་ཀྱི་ལོ་འཁོར་ལས་བསྡོམས་དང་། ལོ་འཁོར་རྩིས་ཕྲ་བཅས་སྙན་སྒྲོན་ཞུས་ཏེ་དེ་དག་གི་ཐོག་དོགས་འདྲི་དང་བགྲོ་གླེང་ལྷུག་པོར་བྱས་ཡོད་པ་རེད། ཚོགས་འདུ་ཉིན་གཉིས་ཀྱི་རིང་༸རྒྱལ་བའི་སྐུ་ཕྱྭའི་ཉེན་སྲུང་དོ་ནན་ཡོང་ཐབས་དང་། བོད་ཀྱི་ཆོས་དང་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སོར་ཆུད་ཡོངས་ཐབས་ཀྱིས་མཚོན། ཉམས་ཐག་རོགས་སྐྱོར་ཐུབ་ཐབས་སོགས་ཀྱི་སྐོར་ནས་བཀའ་བསྡུར་གནང་འབྲས་སུ་ཉིན་གཉིས་པར་གོང་གསལ་བརྗོད་གཞི་ཁག་དང་འབྲེལ་བའི་གྲོས་ཆོད་ཁག་ ༧ སྤྱི་མོས་ཐོག་གཏན་འབེབ་ཐུབ་ཡོད་པ་རེད། ཐེངས་འདིར་བོད་ཀྱི་ཤེས་རིག་དང་འབྲེལ་བའི་སྡེ་དགེའི་མདུན་བྲོ་དང་། བྲོ་ཆེན་སྐོར་གྱི་དཔེ་དེབ་གཉིས་པར་སྐྲུན་འགྲེམ་སྤེལ་ཞུས་ཡོད་པ་རེད། དེ་མིན་འགན་ལྷན་ཐེངས་དང་པོའི་སྦྱིན་བདག་བླ་མ་དབང་རྡོར་རིན་པོ་ཆེ་དང་། ཁྲོ་ལ་ཚོང་ཁང་གི་མ་གནས་སྦྱིན་བདག་སུད་སི་རྡོ་རྗེ་དབང་དྲག་ལགས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་རེའང་འབུལ་ལམ་ཞུས་གནང་སོང་། ཡོང་ཁུངས་སྡེ་དགེ་དྲ་བ། www.dhege.org
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།