སྡེ་དགེའི་བསྟན་འགྱུར་པར་མའི་ལོ་རྒྱུས་སྙིང་བསྡུས།
༄། །སྡེ་དགེའི་བསྟན་འགྱུར་ནི།
ངོར་མཁན་ཆེན་བཅུ་པ་འཇམདབྱངས་བཀྲཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོའི་བཀའ་ལུང་གིས་དགོངས་འགྲེལ་བསྟན་བཅོས་འགྱུར་རོ་ཅོག་པར་དུ་བསྒྲུབ་པར་བསྐུལ་བ་ལྟར། སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་རབ་བྱུང་བཅུ་གཉིས་པ་མེ་མོ་སྦྲུལ་༼སྤྱི་ལོ་1737༽ལོར་པར་དུ་བསྐོ་བའི་དབུ་བརྩམས་ཤིང་གླེགས་བམ་བདུན་ལ་ཉེ་བ་བསྒྲུབས་མཚམས་ཆོས་རྒྱལ་ཆེན་པོ་དགོངས་པ་རྫོགས། འོན་ཀྱང་དེའི་སྲས་སྡོམ་བརྩོན་རྒྱལ་པོའི་ཚུལ་ཅན་བླ་མ་ཀུན་དགའ་འཕྲིན་ལས་རྒྱ་མཚོས་པར་བསྐོའི་ཕྱག་ལས་མཇུག་མཐར་ཕྱིན་པ་ལ་ཕ་རྗེས་བུས་ཟིན་པ་བྱས་ཏེ། ཤིང་བྱི་ལོ་སྟེ་༼སྤྱི་ལོ་1744༽་བགྲང་བྱ་བདུན་རིང་ཞུས་དག་དང་བཅས་ལེགས་པར་གྲུབ་པར་མཛད།
བསྟན་འགྱུར་འདིའི་ཕྱི་མོ་ནི། སྒ་ཨ་གཉན་པཀྵི་འི་ཐུགས་དམ་རྟེན་ཞ་ལུའི་དཔེ་ལྟར་བཞེངས་པའི་བསྟན་འགྱུར་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཞྭ་དམར་ཆོས་གྲགས་པའི་བསྟན་འགྱུར་གྱི་དཔེ་ལྟར་བཞེངས་པའི་བྲིས་མ་དང་། ཀརྨ་པ་ན་རིམ་གྱིས་ཆོས་རྒྱལ་བརྟན་པ་ཚེ་རིང་ལ་སྩལ་བའི་བསྟན་འགྱུར་དང་། ཆོས་རྒྱལ་རངཉིད་ཀྱི་མཐིང་ཤོག་དངུལ་བྲིས་ཀྱིས་བཞེངས་པའི་བསྟན་འགྱུར་རྣམས་ལ་བསྡུར་ཞིང་ཞུས་ནས་པར་དུ་བསྒྲུབས་པ་ཡིན་ལ། དེ་ཡང་སི་ཏུའི་བསྟན་འགྱུར་ནི་ཚང་ཞིང་རྒྱས་པས་གཙོ་བོར་བཟུང་བར་མཛད་ཅེས་གྲགས།
འདིའི་སློབ་སྟོན་པའམ་ཞུས་ཆེན་པ་ནི། ལྔ་རིག་སྨྲ་བའི་དབང་པོ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ཡིན་ལ། དམ་པ་དེ་ཉིད་ཀྱིས་བསྟན་འགྱུར་པར་དུ་བསྒྲུབས་ཟིན་པ་དང་དུས་མཚུངས་སུ་དཀར་ཆག༼ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་མཆོད་སྦྱིན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་བའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ༽ཞེས་པ་མཛད། དཀར་ཆག་འདི་ཉིད་ས་བཅད་ཆེན་པོ་བརྒྱད་ཀྱིས་ལེགས་པར་བཀྲལ་བར་མཛད་པས་གངས་ལྗོངས་སུ་བསྟན་འགྱུར་དཀར་ཆག་རྣམས་ལས་ཆེས་རྒྱས་ཤོས་ཤིག་ཡིན།
བསྟན་འགྱུར་འདིའི་སྒྲིག་རིམ་ནི། ཐོག་མར་བསྟན་འགྱུར་སྤྱིའི་ཆོས་བརྗོད་ཀྱི་ཚུལ་དུ་བསྔགས་པའི་བསྟོད་ཚོགས། དེ་ནས་བསྟན་བྱ་སྙིང་པོ་མཆོག་དམན་གོ་རིམ་གྱི་དབང་དུ་བྱས་ཏེ་ཐོག་མར་ནང་རིག་པའི་བསྟན་བཅོས་ནས་དབུ་བརྩམས་ཤིང་། དེ་ལ་ཡང་ཐེག་ཆེན་ཐུན་མིན་དང་ཐུན་མོང་། ཐེག་ཆུང་བསྟན་བཅོས་རྣམས་དང་། རིག་པའི་གནས་ཆེན་ལྔ། བོད་མཁས་པ་སྔ་རབས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས། དཔེ་དཀོན་ཅི་རིགས། གསར་བཅུག་མདོ་དང་རིག་ནས་ཀྱི་བསྟན་བཅོས་སྣ་ཚོགས། དེ་དག་གི་མཐར་བསྔོ་སྨོན་དང་སྨོན་ལམ་དང་བཀྲ་ཤིས་ཚིགས་སུ་བཅད་པས་མཐའ་རྒྱན་ཏེ་བསྒྲིགས་ཡོད། ཐེག་ཆེན་ཐུན་མིན་འབྲས་བུ་གསང་སྔགས་ཀྱི་སྐོར་ལ། དགྱེས་རྡོར། དུས་འཁོར། འཁོར་ལོ་སྡོམ་པ། གདན་གཞི་སོགས་ཆོས་སྐོར་ཉེར་གསུམ་དང་། རྒྱུ་མཚན་ཉིད་ཐེག་པའི་སྐོར་ལ། ཤེར་ཕྱིན་དང་། དབུ་མ། མདོ་སྡེ། སེམས་ཙམ་སོགས་ཆོས་སྐོར་ཆེན་མོ་བདུན་སོགས་སུ་ཕྱེ་སྟེབསྒྲིགས་ཡོད། དཀར་ཆག་ལྟར་ན་སྡེ་དགེ་བསྟན་འགྱུར་ཡོངས་རྫོགས་ལ་གླེགས་བམ་གྲངས་བརྒྱ་ཕྲག་གཉིས་ལ་བཀྲ་ཤིས་པའི་གྲངས་ཀྱིས་བརྒྱན་ཏེ་བཞུགས་པར་གསུངས་ཀྱང་། པོད་སྣ་ཚོགས་ཐོ་དང་དོ། ནོ། པོ་དང་དཀར་ཆག་ཤྲཱི་བཅས་ཕྱིས་སུ་བསྣན་པར་སྣང་། དེ་ལྟར་བསྟན་འགྱུར་འདིར་ཁྱོན་བསྡོམས་པོད་213 བཞུགས།
གླེགས་བམ་སོ་སོའི་དབུ་ལྷའི་འགོད་སྟངས་ནི། བསྟོད་ཚོགས་ཀྱི་དབུར་སངས་རྒྱས་ཤཱཀྱ་ཐུབ་པ་དང་། དེའི་བསྟན་པ་ལ་བྱས་པ་ཅན་ས་སྐྱ་པནྜི་ཏ། དེ་ནས་རིམ་པར་རྒྱུད་སྡེ་གོང་འོག་རྣམས་ལ་རྒྱུད་སྡེ་རང་རང་ནས་བྱུང་བའི་ཡི་དམ་ལྷ་གཙོ་བོ་དང་། དེའི་འགྲེལ་བྱེད་ཀྱི་སློབ་དཔོན་རྣམ་པ། སོ་སོའི་བརྒྱུད་པའི་བླ་མ་། མཛད་པ་པོ། མཐར་རྒྱུད་སྡེ་ནས་གསུངས་པའི་ཆོས་སྲུང་། ནོར་ལྷ། གཏེར་བདག་སོགས་དང་། མདོའི་སྐོར་ལ། མངོན་རྟོགས་རྒྱན་ལ་སངས་རྒྱས་དང་བསྟན་བཅོས་གསུངས་བ་པོ་བྱམས་པ་དང་། དེ་ནས་རིམ་པར་སངས་རྒྱས་སོ་ལྔ་དང་། ཕྱོགས་བཅུའི་སངས་རྒྱས། བྱང་ཆུབ་སེམས་དཔའ་སོགས་དང་། མེ་ཏོག་བཀོད་པའི་མདོ་ལས་བྱུང་བའི་སྔས་རྒྱས་བརྒྱ་དན་གཉི་ཤུ་རྩ་གསུམ་ལས་གང་ཆུད། མངོན་པར་འཇམ་དཔལ་དབྱངས་སོགས་ཉན་ཐོས་སེམས་དཔའ་བརྒྱད། འདུལ་བར་ཐུབ་པ་གནས་བརྟན་བཅུ་དྲུག ཉན་ཐོས་མཆོག་བརྒྱད། རིག་གནས་སྐོར་ལ་བསྟན་བཅོས་རང་རང་གི་མཛད་པ་པོ་དང་། བོད་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་དང་རྒྱལ་བློན་འགའ་རེ། སྡེ་དགེ་མཆོད་ཡོན་རྣམས་དང་ཆོས་སྤྱིའི་སྲུང་མ་རྒྱལ་ཆེནབཞིའི་སྣང་བརྒྱན་སོགས་བཀོད་ཡོད།
འབྲེལ་ཡོད་དྲ་བདག་མཆོག་ལ་ཞུ་རྒྱུར། སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་ཐང་རིས་ཀྱི་བརྙན་པར་ལྟ་བུའི་ངོ་བཤུས་འདྲ་གནང་རྒྱུ་ཡོད་དམ། ང་ཚོས་འདི་ནས་ཁོང་གི་སློབ་དེབ་ཅིག་གི་ནང་ཁོང་གི་ལོ་རྒྱུས་འཛྷོག་གི་ཡོད་ཀྱང་དེ་དང་མཉམ་དུ་ཁོང་གི་རི་མོ་ཞིག་ཡོད་ན་ལེགས་པོ་འདུག་པས་དེ་ལུགས་དགོངས་འཇགས་ཡོད་པ་ཞུ།
[email protected]་ གློག་འཕྲིན་འདིའི་ཐོག་གནང་རོགས།
ཁྱེད་ཀྱི་མྱུར་འཕྲིན་དུ་འབྲེལ་ཡོད་འདྲ་པར་ཁག་འགའ་ཕུལ་ཡོད་ཞུ།
སྤྱིར་བསྟན་འགྱུར་ལ་ རིགས་མི་འདྲ་བ་ཇི་ཙམ་ཡོད་པར་གསུང་བར་ཞུ་