སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
ཀརྨ་རྒྱལ་མཚན་གྱིས་བྲིས་ཤིང་དཀོན་མཆོག་རྡོ་རྗེས་པར་བླངས།
སྤྱིར་བོད་ལ་ཤོག་བུ་ལས་རྒྱུན་དར་ནས་ཡུན་རིང་ཡིན་ཀྱང་། ཡོངས་སུ་གྲགས་པའི་ཤོག་བུའི་བསྟན་བཅོས་རྒྱས་འགྲེལ་ཞིག་ད་བར་ཁོ་བོས་མཐོང་མ་མྱོང་། ཡུལ་ལུང་སོ་སོ་ནས་ཐོན་པའི་ཤོག་བུའི་མིང་། དཔེར་ན། དབུས་ཤོག་དང་། གཙང་ཤོག །འབྲུག་ཤོག ། མཐིང་ཤོག་སོགས་མང་པོ་ཡོད་པ་གནའ་དཔེ་རྙིང་པ་ལས་གསལ། ཐོན་ཁུངས་ཀྱི་རྒྱུ་རྫས་སྣ་ཚོགས་དང་། ལག་ལེན་གྱི་བྱེ་བྲག་མི་འདྲ་བས་ཐོན་རྫས་ཤོག་བུ་ལའང་བཟང་ངན་མི་འདྲ་བ་ཡོད་པ་གོང་ལྟར་གནའ་དཔེ་རྙིང་པ་དག་ལས་ཤེས།
སྡེ་དགེ་པར་ཁང་གིས་རྒྱུན་སྤྱོད་སྣག་ཤོག་ནི་སྔོན་སྡེ་དགེའི་རྒྱལ་རབས་རིམ་བྱོན་གྱི་སྐབས་སུ་སྡེ་དགེའི་ལས་ཤོག་དང་བཅས་མངའ་འོག་སྡེ་འཁོར་ཏེ་ཨ་ལོ་ནང་པ་དང་། ཚེ་ཚ་ཤོག་ར་ཆེན་སྒང་པ་བཅས་གྲོང་སྡེ་གསུམ་ནས་ལོ་ལྟར་ཤོག་ཁྲལ་འབོར་ཆེན་བསྡུ་སྲོལ་ཡོད། ཨ་ལོ་ནང་པས་བཟོས་པའི་ཤོག་བུ་ཡག་ཤོས་ཡིན་པས་ཨ་ལོའི་གན་ཤོག་ཟེར། ཉེ་བའི་ལོ་ཤས་ནས་བཟུང་སྡེ་དགེ་པར་ཁང་དང་ཁེར་གཉེར་སྡེ་ཁག་འགས་བོད་ཤོག་བཟོ་བཞིན་པས་ཐུན་མིན་ལག་ཤེས་ཉམས་གསོ་དང་དར་སྤེལ་གཏོང་བ། སྔོན་གྱི་ཤོག་བཟོ་རྒན་གྲས་ནས་མཐོང་བ་བརྒྱུད་པའི་ལག་རྗེས་བརྒྱུད་སྤེལ་དང་སྲུང་སྐྱོབ་བྱས་པ་ནི་ཉིང་དགོས་སོ། །
བོད་དུ་ཤོག་བུ་ལས་བྱེད་ཀྱི་རྒྱུ་ཆ་གཙོ་བོ་ནི་ཤིང་ཤུན་དང་། ལྡུམ་བུའི་རྩ་བ་སོགས་ཡིན། ཤོག་བུ་བཟང་ངན་ནི་རྒྱུ་རྫས་ཆ་ཚང་མིན་དང་། བརྒྱུད་རིམ་སོ་སོའི་ལས་སྣེ་བཙོ་བརྡུང་དཀྲུག་བླུག་སོགས་ཞིབ་ཆ་ཆེ་ཆུང་ལ་ཐུག་ཡོད། དཔེར་ན། ཤོག་རྫས་ཚོས་རྗེས་གཏུན་རྡོའམ་མཆིག་མ་ལོ་སྟེང་དུ་རྡུང་སྐབས་ལ་ལས་སྒྲོལ་མ་ཉེར་གཅིག་ཚར་བརྒྱ་རེ་ཙམ་འདོན་ཡུན་ལ་རྡུང་བ་དང་། ལ་ལས་ཚར་ལྔ་བཅུ་དྲུག་བཅུ་ཙམ་འདོན་ཡུན་ལས་མི་རྡུང་བས། ཤོག་འདམ་གྱི་སྣག་ཞན་ལ་ཁྱད་པར་ཆེན་པོ་ཡོད། དེ་ནས་ཤོག་འདམ་ཤོག་ཟོམ་དུ་བླུགས་ནས་དཀྲུག་སྐབས་ཀྱང་གོང་ཞུས་ལྟར་དཀྲུག་ཡུན་རིང་ཐུང་ལས་དྭངས་སྙིགས་སེལ་མིན་གྱི་ཁྱད་པར་ཡོད། ཡང་། ཤོག་ལྡུམ་ནང་བསྲེ་རྒྱུ་ཤིང་ཐལ་ཁུ་བ་ནི་ཤིང་ཁོ་ནར་བསྲེགས་པའི་ཐལ་བ་ཁུ་བར་ཕབ་དགོས་པ་ལས་ལྕི་ཐལ་འདྲེས་མི་རུང་། ཡམ་ཤིང་དང་ཨ་ནག་ཤིང་གང་རུང་ཞིག་མ་བསྲེས་ན་ཤོག་མདོག་ཡག་པོ་མི་ཐོན་ལ་ཤོག་བུ་ལ་གས་ཆག་སླ་བའོ། །ཆུ་གཞོང་ནང་དུ་ཤོག་བྲེ་འཇོག་དུས་ཡ་ཡོ་དང་ཀྱག་ཀྱོག་མེད་པ་དྲང་པོ་དགོས་ལ། གལ་སྲིད་དྲང་པོར་མ་བཞག་ན་ཤོག་བུ་སྲབ་མཐུག་བྱུང་བ། དེ་མིན་སོ་སོའི་དགོས་མཁོ་ཤོག་བུ་དང་བསྟུན་ནས་རྒྱུ་རྫས་བསྡུ་སྦྱོར་གྱི་ཆ་ཚད་སྙོམས་པོ་བྱ་དགོས་པ་སྟེ། ཤོག་བུ་མདོག་དྭངས་མིན་དང་། ལྕི་ཡང་། སྲ་མཁྲེགས། འཇམ་མཉེན། སྲབ་མཐུག་སོགས་བཟང་ངན་གང་ཐོན་ལ་རག་ལས་པས། ཚོད་ལྟ་བྱས་ཤིང་ཉམས་མྱོང་སྤེལ་རེས་བྱ་དགོས།
སྡེ་དགེའི་ཤོག་བུ་ནི་ཨ་ལྕག་རུའུ་ལྕག་ཅེས་པའི་མེ་ཏོག་གི་རྩ་བས་བཟོས་པ་ཡིན། འདི་རྒྱ་མཚོའི་ངོས་ལས་སྨི་སུམ་སྟོང་ཡན་གྱི་ནགས་སྤང་མཚམས་སུ་སྐྱེས་ལ་རྩི་ཤིང་དུག་རིགས་ཅན་དང་ཐང་སྨན་རིགས་ཡིན། འདིས་བཟོས་པའི་ཤོག་བུ་ལ་དུག་ཡོད་པས་འབུ་སྲིན་དང་བྱི་བ་སོགས་ཀྱི་གནོད་པ་མི་འབྱུང་། ཡིག་བསྐུར་འབྲི་བའི་སྲབ་ཤོག་དང་། གླེགས་བམ་གྱི་པར་ཤོག་དང་ཡུན་རིང་ཉར་ཚགས་བྱ་བ་ལ་དགེ་མཚན་ཆེ་ཡང་། ལས་བཟོ་བས་དུག་འདོན་ཆང་རག་དང་ཨ་རུ་ར་སོགས་གང་འཚམས་ཞིག་འཐུང་དགོས་ལ། ཤོག་ལྡུམ་བཙོ་སྐབས་དུག་འདོན་ཨ་རུ་ར་ཉུང་ཙམ་ཡང་གདབ་དགོས། མིང་གི་རྣམ་གྲངས་ལ་རེ་ལྕག་དང་། ཤོག་ལྡུམ་ཟེར།
སྡེ་དགེའི་ཤོག་བུ་ལས་སྟངས་ཀྱི་བརྒྱུད་རིམ་ཕྱོགས་ཙམ་ཞུ་ན། དེའང་ཨ་ལྕག་རུའུ་ལྕག་གི་རྩ་བ་ནི་སྦོམ་ཞིང་རིང་བས། རྐོ་བྱེད་རུའུ་རྐོ་ཅེས་པ་ཁ་དཀྱེལ་ཆེ་ཞིང་རྐོ་མཆུ་རིང་པོ་ཅན་དགོས། རྐོ་མཁན་ཡང་མི་ཤུགས་ཅན་ཞིག་མེད་ན་ཉིན་རེ་མང་པོ་མི་ལོན།
རྩ་བ་བརྐོས་ནས་ས་རྡུལ་བཀྲུ་བཤལ་དང་ཕྱི་སྐོགས་དང་ནང་སྙིང་བསལ་བའི་བར་ཤུན་སྙིང་པོ་བླངས་པ་དེ་དང་། ཤོག་མདོག་ལེན་བྱེད་ཤིང་ཡམ་པའམ་ཨ་ནག་ཤིང་གང་རུང་དང་། ཚོས་བྱེད་ཤིང་ཐལ་ཁུ་བ་བཅས་མཉམ་དུ་བསྲེས་ནས་ལྕགས་ཁྲོ་གང་རུང་གི་སྣོད་ཆེན་པོའི་ནང་དུ་ཆུ་འཁྱག་གིས་ཚོས་ཐིམ་མ་ལོན་བར་དུ་བཙོ་བར་བྱ། དེ་ནས་ཚོས་ཐིམ་ལོན་པའི་འདམ་རྒྱུ་དེ་མཆིག་མ་ལོའམ་རྡོ་ལེབ་མཐུག་པོའི་སྟེང་དུ་ཤོག་ཐོས་ཡུན་རིང་ལ་བརྡུངས་ནས་གྲོ་ཟན་ལྟར་གྱུར་མཐར། ཆུ་དང་བཅས་ཤོག་ཟོམ་ནང་དུ་ཞོ་ལྟར་མ་གྱུར་བར་དུ་དཀྲུགས་པའི་སྐྱོམ་བུ་དེ་ཤོག་བུ་སྲབ་མཐུག་ལྟར་ཤོག་བྲེའི་ནང་ཤོག་གཟར་གང་ནས་དོ་བར་བླུགས། ཆུ་གཞོང་ངམ་ཆུ་འཁྱིལ་ཆེ་ལ་གཙང་བའི་ནང་དུ་ཤོག་བྲེ་ཡ་ཡོ་མེད་པར་བཞག་ནས་ཤོག་སྤུ་བསལ་ཞིང་གྲུམས་གཞུག་སྙིགས་མ་མེད་པའི་ཤོག་འདམ་ཆ་སྙོམས་པ་བཙག་དཀྲུག་བྱས་མཐར། ཤོག་གཞོང་ནས་ཤོག་བྲེ་མཐིལ་ལ་ཆགས་པའི་ཤོག་རྒྱུ་དང་བཅས་ཡར་བླངས་ནས་མི་ཡོ་བར་བཞག་ནས་ཉི་མར་བསྐམ་པར་བྱ། ཕྱེད་བསྐམས་ཙམ་བྱུང་རྗེས་ཤོག་བུ་དང་། ཤོག་བྲེ་སོ་སོ་ཕྱེ་སྐབས་གཟབ་དགོས་མ་གཏོགས་ཤོག་བུ་རལ་ཤོར་བའི་ཉེན་ཁ་ཡོད། བསྐམ་ཚད་རན་པོ་བྱུང་རྗེས་སྤུ་གཅོད་དང་དབུར་ནས་ངོས་འཇམ་པོ་བྱ་དགོས་ཏེ། སྐམ་པོ་ཅུང་ཟད་དབུར་དཀའ་ལ། །ནེམ་ཡོམ་ཙམ་དེ་སླ་ཞིང་ལེགས། །དབུར་གདན་མི་འགུལ་བརྟན་པོ་དགོས། །དུང་སྔོན་མཆང་ལ་རི་མོ་མང་། ། ཁྱད་འཕགས་གསེར་ཕྲའམ་གཟི་ཡིན་ལ། །མ་རྙེད་གཡག་རྒོད་རྭ་ཅོ་ནི། །གནག་ཅིང་སྣུམ་པ་དེས་ཀྱང་རུང་། །ཞེས་པ་ལྟའོ། །དེ་ལྟར་ཁོ་བོས་ལག་ལེན་དུ་བྱེད་པ་དིལ་ཆུང་དཔལ་ཆེན་དང་ནོར་བུ་བཟང་པོ་སོགས་ལས་བསྡུས་ཏེ་བཀོལ་ནས་ཕྱོགས་ཙམ་ཞུས་པའོ། ། ཡོང་ཁུངས། 2018 ལོའི་《ཁ་བཏགས་དཀར་པོ།》དེབ་ལྔ་པ།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།