སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
ཁམས་སྡེ་དགེའི་ཀུ་ཚེ་ཡུལ་ལུང་དུ་ཤིང་པར་བརྐོ་སྲོལ་བྱུང་བ་ཕྱོགས་ཙམ་གླེང་བའི་གཏམ་ངག་གི་འཁྲི་ཤིང་།
ཁ་རྒྱབ་ཉི་མ།
སྡེ་དགེའི་རྒྱལ་རབས་བདུན་པ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་སྐུ་དུས་སུ་སྡེ་དགེའི་འབངས་སུ་གཏོགས་པ”ཀུ་ཚེ”ཡུལ་ལུང་ནི་ད་ལྟ་ཁམས་འཇོ་མདའ་རྫོང་གི་ཁོངས་གཏོགས་སུ་ཡིན། ཀུ་ཚེའི་ས་མཚམས་ལ། དམུ་རྒྱལ་མོ་ལ་མན་ཆོད། ཁང་ར་རྡོ་ཟམ་ཡན་ཆོད། འབམ་མདའ་སྙིང་ངུ་ལ་ཚུན་ཆོད། ཀུ་ཚེ་རྒྱལ་མོ་ཚོ་དྲུག མོ་དུད་སྟོང་དང་ལྔ་བརྒྱ་ཞེས་གྲགས་པ་ལྟར། ཕུ་སྟོད་ཤོག་གསུམ། དགེ་འཕེལ་ཤོག་གསུམ། ཨེ་རྟ་ཤོག་གསུམ། དཔལ་ཁང་ཤོག་གསུམ། སྡེ་སར་ཤོག་གསུམ་སྟེ་ཤོག་དཔོན་ལྔ་ཡི་འོག་སྡེ་ཡོད། ཀུ་ཚེ་གསེར་ལྗོངས་དགོན་པ་དང་ཀུ་ཚེ་རྨུགས་སངས་དགོན་པ་གཉིས་ཀྱི་ལྷ་སྡེ་ཡིན། ཡུལ་འདི་ལ་ཀུ་ཚེ་རིག་པའི་འབྱུང་གནས་ཞེས་ཡོངས་སུ་གྲགས་ཡོད་དོ།།
སྤྱིར་པར་བརྐོ་བའི་ལག་རྩལ་འདི་ང་ཚོ་བོད་ཡུལ་དུ་དར་ནས་ལོ་ངོ་སྟོང་ལ་ཉེ་བའི་ལོ་རྒྱུས་མཆིས་མོད། ཡིན་ན་ཡང་འདྲ་བརྐོས་མ་གཏོགས་ཚད་དང་ལྡན་པའི་རྐོ་སྲོལ་ཞིག་ནི་མ་ཡིན།
ཀུ་ཚེ་བརྐོས་ལྷ་ཀླུ་དགྱེས་ཀྱིས་ཚད་ལྡན་གྱི་པར་བརྐོ་སྲོལ་གསར་དུ་བཏོད་པའི་སྐོར།
སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ་ཆོས་ཀྱི་རྒྱལ་པོ་ཆེན་མོ་མི་དབང་བསྟན་པ་ཚེ་རིང་མཆོག་ལ་ལྷ་ཡིས་ལུང་བསྟན་དང་མི་ཡིས་བསྐུལ་མ་རྟགས་དང་རྟེན་འབྲེལ་རྨི་ལམ་སོགས་ལ་བརྟེན་ནས་པར་ཁང་ཞིག་བཞེངས་དགོས་བསམ་པའི་ཐུགས་བཞེད་དེ་ཁོང་གིས་འབངས་རྣམས་ལ་ཁྱབ་བསྒྲགས་བྱས་པ་དང། པར་བརྐོ་བའི་ལག་ཤེས་སུ་ལ་ཡོད་ན་སྡེ་དགེ་རྒྱལ་སར་ཁོང་གི་མདུན་དུ་གཟིགས་འབུལ་ཡོང་དགོས་ཚུལ་སོགས་ཀྱི་བསྐུལ་བ་ལ་བརྟེན་ཏེ།
ཀུ་ཚེ་དཔལ་ཁང་ཤོག་གསུམ་གྱི་ནང་ཚན་ཡེ་སངས་སྡེ་བའི་བྱམས་ཐོགས་ཚང་གི་བུ་ལྷ་དབང་ནི་ཆུས་དུས་ནས་བློ་རིག་གསལ་ཞིང་མི་བུ་རྣམ་དཔྱོད་དང་ལྡན་པ་ཞིག་ཡོད་པ་དེས། ཉིན་ཞིག་ལ་སྲིན་བུ་ཞིག་གིས་ཤིང་ཟོས་པ་མཐོང་སྟེ་ཟོས་ཤུལ་དུ་ཡི་གེ་ས་ལེགས་པ་ཞིག་བྱུང་བ་དང་། ཡང་ཉིན་ཞིག་སའི་ཐོག་ཏུ་འབུ་ཞིག་འགྲོ་བ་ལ་ཡང་ཡང་བལྟས་པས་འབུ་སོང་བའི་རྗེས་སུ་ཡི་གེ་ས་ཕྱིར་ལོག་གཅིག་སོགས་ཡིག་འབྲུ་འགའ་ཞིག་བྱུང་བ་མཐོང་བས། སྲིན་བུས་རང་གར་ཤིང་ཟོས་པ་དང་གྲོག་སྤུར་རང་གར་ས་ཐོག་ཏུ་རྒྱུ་བས་སྟབས་ལེགས་སྟེས་དབང་གིས་ཡི་གེ་འདི་འདྲ་བྱུང་རྒྱུ་ཡོད་ན་མི་ཡིས་འབད་རྩོལ་བྱས་ན་མི་ཤེས་རྒྱུ་ཅི་ཡོད། དེས་ན་མ་འོངས་པར་བསྟན་འགྲོའི་དོན་དང་ཆོས་རྒྱལ་ཆེན་མོས་པར་ཁང་ཞིག་ཀྱང་བཞེངས་འཆར་འདུག་པས་ངས་པར་ཞིག་བརྐོ་ཨེ་ཤེས་བལྟས་ན་མ་འོངས་པར་བྱ་གཞག་རླབས་ཆེན་ཞིག་འགྲུབ་ནའང་ཐང་སྙམ་སྟེ་ཡུན་རིང་དུ་བརྩོན་ཀྱང་ཡག་པོ་ཞིག་ཤེས་མ་ཐུབ། མཚན་མོར་རྨི་ལམ་དུ་བུད་མེད་གོས་དཀར་གྱོན་པ་ཞིག་གིས་སང་ཉིན་ཕ་ཞིང་མདུང་རྩེ་རྨོས་དང་། ཁྱོད་ཀྱི་འདོད་དོན་བསྒྲུབ་པའི་ལག་ཆ་ཚང་བ་ཞིག་ཡོད་ཅེས་ལུང་བསྟན་པ་ལྟར་ཕ་ཞིང་དེ་རྨོས་པས། གསེག་གཅོད་དང་། མིག་འབུག སྦོ་འབུག་སོགས་མཚོན་པའི་ལག་ཆ་མང་དུ་རྙེད། ཁོང་གིས་དེ་ཚོའི་དབྱིབས་ལ་བལྟས་ནས་ལག་ཆ་ཕུན་སུམ་ཚོགས་པར་ཞིག་ལས་ཏེ་སྔར་བཞིན་རྐོ་ཨེ་ཤེས་བལྟས་པས། ནུབ་ཅིག་ཤོག་བུའི་ཐོག་བྲིས་པའི་ཡི་གེ་པར་གཞིའམ་པར་རྩ་དེ་ཤིང་ངོས་ལ་སྦྱར་ནས་ཤོག་བུ་མར་བཀོག་པ་དང་ཡི་གེ་ཐམས་ཅད་པར་ཤིང་ངོས་སུ་གསལ་འདུག་པ་དང་རང་གིས་ལས་པའི་ལག་ཆ་དེས་བརྐོས་ནས་རྐོ་ཤེས་པ་དང་དེ་ཡང་ལེགས་པོ་ཞིག་བྱུང་འདུག་རྨིས་ཏེ། ཕྱི་ཉིན་ནས་བཟུང་ལོ་ངོ་གཅིག་ཟིན་མིན་ཙམ་ལ་བརྐོས་རྗེས་སུ་ལེགས་པར་རྐོ་ཤེས་ནས། ཐོག་མར་པར་གཞི་ཤིང་ངོས་ལ་སྦྱར་ནས་སྐམ་ཚར་བའི་རྗེས་སུ་ཤོག་བུ་མར་བཀོག་སྟེ། དེ་ནས་རིམ་པ་བདུན་གྱི་སྒོ་ནས་བརྐོ་བའི་སྲོལ་གཏན་ལ་ཕབ། ཕྲ་སྦོམ་སྒྲོས་གསུམ། ལེགས་ཁམས་འཛར་གསུམ། ཕྲ་གཅོད་ཁྲིག་ཟླུམ། ཞེས་འབྲུ་སྤྱིའི་བརྐོ་ཚུལ་ལ་ཁྱབ་པའི་མཚན་ཉིད་དང་འབྲུ་མ་རེ་རེ་ལ་འདྲ་དཔེའི་རྣམ་གཞག་རེ་བཞག་ནས་ཚད་དང་ལྡན་པའི་བརྐོ་སྲོལ་ཞིག་གསར་དུ་སྲོལ་བཏོད་ནས། ཡུལ་ལུང་དེའི་ནང་གི་གཞོན་སྐྱེས་མང་པོ་ཞིག་ལ་བསླབས་ཏེ་ལག་རྩལ་ཇེ་ལེགས་སུ་ཕྱིན་ནས་ཐོག་མར་ཁོང་གིས་མགོན་པོ་ཚེ་དཔག་མེད་ཀྱི་མདོ་སྡེ་ཞིག་བརྐོས།
སྡེ་དགེ་ཆོས་རྒྱལ་ཆེན་མོ་མི་དབང་བསྟན་པ་ཚེ་རིང་དང་བྱམས་ཐོགས་ལྷ་དབང་ངམ་ཀླུ་དགྱེས་གཉིས་མཇལ་ཕྲད་བྱུང་བའི་སྐོར།
དེ་ནས་བྱམས་ཐོགས་ལྷ་དབང་གིས་སྡེ་དགེ་རུ་རང་ཉིད་ཀྱིས་སྲོལ་གཏོད་ནས་བརྐོས་པའི་ཚེ་མདོ་དེ་ཉིད་ཆོས་རྒྱལ་ཆེན་པོའི་དྲུང་དུ་གཟིགས་འབུལ་དུ་འགྲོ་དགོས་སྙམ་ཏེ་པར་ཤིང་རྣམས་གླང་ལ་བཀལ་ཏེ་ཀུ་ཚེ་གཞུང་ནས་སོང་སྟེ་ཐང་ཕུག་ཏུ་ཞག་སྡོད་བྱས། ཕྱི་ཉིན་ཁོང་ལམ་ལ་ཆས་ཏེ་སྐམ་ཐོག་གམ་འཛོམས་ཐོག་ནས་སྡེ་དགེའི་གསེར་གྱི་ཁྲི་ལ་བཞུགས་པའི་མི་དབང་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་པར་ཁང་ཆོས་མཛོད་ཆེན་མོ་བཞེངས་རྒྱུའི་ཐུགས་བཀོད་གནང་ནས་འབྲི་ནུབ་ཏུ་བཞུགས་པ་དང་ཕྲད་ཀྱང་ངོ་མ་ཤེས། ཆོས་རྒྱལ་ཆེན་པོས་ཁྱོད་གང་དུ་འགྲོ གླང་ལ་བཀལ་བ་འདི་ཅི་ཞིག་རེད་ཅེས་དྲིས་པས། ལན་དུ་ང་སྡེ་དགེ་རུ་འགྲོ གླང་ལ་བཀལ་བ་འདི་ངས་གསར་བཏོད་བྱས་ནས་བརྐོས་པའི་ཚེ་མདོའི་ཤིང་པར་རེད་འདི་ཆོས་རྒྱལ་བསྟན་པ་ཚེ་རིང་ལ་འབུལ་དུ་འགྲོ་བ་ཡིན་ཞུས་པས། ཆོས་རྒྱལ་ཆེན་པོའི་ཐུགས་ལ་པར་གྱི་ཐོག་མ་འཛོམ་ཐོག་ནས་འཛོམས་པས་པར་ཁང་འཛོམས་པའི་རྟེན་འབྲེལ་ཡིན་དགོངས་ནས་བཞུགས་གནས་སྡེ་དགེ་ལྷུན་གྲུབ་སྟེང་གི་ཉིན་དགོན་ཕོ་བྲང་དུ་ཕྱིར་ཕེབས་ཏེ། འཁོར་གཡོག་རྣམས་ལ་དེ་རིང་མགྲོན་པོ་གལ་ཆེན་ཞིག་འབྱོར་ངེས་པས། གསོལ་སྟོན་ལེགས་པར་ཤོམས་ཞེས་བཀའ་བསྩལ། ལྷ་དབང་གིས་གླང་ཁྲིད་ནས་རྐང་འགྲོས་ཞག་གསུམ་གྱི་ཉིན་སྡེ་དགེའི་རྒྱལ་སར་འབྱོར་ནས་ད་ལྟ་པར་ཁང་ཡོད་ས་དེར་སླེབས་པ་ན། གླང་ཕར་འདྲོགས་ཚུར་འདྲོགས་བྱས་པས་པར་ཤིང་རྣམས་ཕྱོགས་ཀུན་ཏུ་གཏོར་བྱུང་བས། རྒྱལ་པོས་ཉིན་དགོན་ཕོ་བྲང་ནས་མར་གཟིགས་དུས་ཐུགས་དགྱེས་ཏེ། དེ་རིང་རྟེན་འབྲེལ་ཤིན་ཏུ་འགྲིག་སོང་། ངེད་ཀྱི་པར་ཁང་དེའི་རྒྱ་ཁྱོན་ལ་གླང་གིས་པར་ཤིང་གཏོར་བའི་རྒྱ་ཁྱོན་ཙམ་དང་། བཞེངས་སའང་གནས་འདི་ཉིད་དུ་བྱ་དགོས་དགོངས་ནས་དེ་བཞིན་དུ་ཐུགས་ཐག་བཅད། དེ་ནས་ལྷ་དབང་ཕོ་བྲང་དུ་རྒྱལ་པོའི་མདུན་སར་བཅར་ཏེ་ལོ་རྒྱུས་དང་ཚེ་མདོའི་པར་ཤིང་གཟིགས་འབུལ་ཞུས་ནས། རྒྱལ་པོ་ཐུགས་དགྱེས་ཏེ། ཁྱེད་ཀྱི་བྱ་ལས་འདི་ལ་ལྷའང་མགུ་ས་རེད། རྐོ་བྱེད་ཀྱི་ལག་ཆ་སོགས་ལ་ནི་ཀླུ་ཡང་དགྱེས་ས་རེད་ཅེས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར། རྒྱལ་པོ་ཆེན་པོ་དགའ་མགུ་ཡི་རངས་སོགས་ཀྱིས་རྗེས་སུ་ཁོང་གི་ཁྱིམ་ལ་ཡི་རངས་ཚང་དང་ཁོང་གི་མཚན་ལ་བརྐོས་ལྷ་ཀླུ་དགྱེས་ཞེས་ཟེར་བ་གྲགས། ད་ལན་བདག་གིས་པར་ཁང་བཞེངས་བསམ་ནས་ཡོད་སྐབས་པར་བརྐོས་དང་འཕྲད་པར་རྟེན་འབྲེལ་བཟང་། ཚེ་མདོའི་པར་ཤིང་ལ་རིན་ཇི་ཙམ་དགོས་ཞེས་གསུངས་པས། རྒྱུ་འགྲོ་སོང་བྱས་ན་མཛོ་མོ་བརྒྱད་དགུ་ཙམ་གྱིས་ཆོག་ས་ཡོད། ཆོས་ཀྱི་ཆེ་བ་བྱས་ན་མཛོ་མོ་བཅོ་ལྔ་བྱས་ནའང་ཆུང་ས་མེད་ཅེས་ཞུས་པས། རྒྱལ་པོས་ཆོས་ཀྱི་ཆེ་བ་ཡིན་གསུངས་ནས་མཛོ་མོ་བཅོ་ལྔ་དང་། དེའི་སྟེང་དཔའ་དར་ལ་མཛོ་མོ་གཅིག་བཅས་མཛོ་མོ་བཅུ་དྲུག་ཐམ་པ་གནང་བར་གྲགས། ཚེ་མདོའི་པར་ཤིང་ད་ལྟ་སྡེ་དགེ་པར་ཁང་དུ་བཞུགས། ཆོས་རྒྱལ་ཆེན་པོས་ད་ནས་བཟུང་ཁྱེད་ཀྱིས་སློབ་མ་མང་དུ་བསྐྱངས་ཏེ་དཔར་དཔོན་མཛད་ནས་པར་རྐོ་དགོས་ཞེས་བཀའ་གནང་།
ཀུ་ཚེ་བས་སྡེ་དགེ་རྒྱལ་ས་ནས་པར་བརྐོས་པའི་བྱུང་བ།
དེ་ནས་བརྐོས་ལྷ་ཀླུ་དགྱེས་སམ་ལྷ་དབང་གིས་ཀུ་ཚེ་སྡེ་གསར་རྙིང་སོགས་སུ་པར་རྐོ་བའི་ལག་ཤེས་གང་འཕེལ་བཏང་ནས་ལུང་པ་དེར་པར་བརྐོའི་ཕ་ཡུལ་ཞེས་གྲགས་པར་བྱུང་། རབས་བྱུང་བཅུ་གཉིས་པ་ཕྱི་ལོ༼༡༧༢༩༽ལོར་དབུ་བརྩམས་ནས་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་མཛད། ཀླུ་དགྱེས་ཀྱིས་དཔར་དཔོན་གནང་། ཀུ་ཚེ་བའི་པར་བརྐོས་རྣམས་ཀྱིས་པར་བརྐོས་ཏེ། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ས་སྐྱ་བཀའ་འབུམ། འདོན་ཆ། ཆོས་འབྱུང་མང་པོའི་སྤར་གསར་བརྐོས་བྱས་ནས་ཕྱི་ལོ༼༡༧༣༣༽ལོར་གྲུབ་པར་མཛད། ཕྱི་ལོ༼༡༧༣༧༽ལོར་བསྟན་འགྱུར་རིན་པོ་ཆེའི་པར་གྱི་དབུང་བཟུང་ནས་པོད་ཉི་ཤུ་སོགས་དང་མདོར་ན་པོ་ཏི་ཉིས་བརྒྱ་ཙམ་པར་དུ་བཀོད་ནས། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་སྒོ་ཕྱེས། ཕྱི་ལོ༼༡༧༣༨༽ལོར་ཆོས་རྒྱལ་བསྟན་པ་ཚེ་རིང་མཆོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད་ནས།
ཁོང་གི་སྲས་འབྲིང་བ་སྡེ་དགེའི་རྒྱལ་རབས་བཅུ་གསུམ་པ་ཀུན་དགའ་ཕྲིན་ལས་རྒྱ་མཚོ་ཡིས་ཡབ་རྗེ་དམ་པའི་བཞེད་དོན་ལྟར་བསྟན་འགྱུར་རིན་པོ་ཆེ་གཙོས་པའི། གཞུང་འགྲེལ། རིག་གནས་སྣ་ཚོགས་པའི་པོ་ཏི་ཉིས་བརྒྱ་ཉེར་ལྔ་ཙམ་པར་དུ་བཀོད་ནས། ཕྱི་ལོ༼༡༧༤༤༽ལོར་གསུང་རབ་རིན་པོ་ཆེ་གྲུབ་པ་དང་པར་ཁང་ཆོས་མཛོད་བཀྲིས་སྒོ་མང་གི་གཙུག་ལག་ཁང་གསར་དུ་བཞེངས་ནས་གངས་ཅན་ལྗོངས་སུ་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་ཞེས་ཆོས་ཀྱི་འབྱུང་གནས་འདི་ཉིད་དར་རྒྱས་སུ་མཛད།
མདོར་ན་ཆོས་རྒྱལ་བསྟན་པ་ཚེ་རིང་ནས་བཟུང་སྟེ་སྡེ་དགེའི་རྒྱལ་རྒྱུད་རྣམས་ཀྱིས་སྦྱིན་བདག་མཛད་ཅིང་ཀུ་ཚེ་བས་ཤིང་པར་དུ་བཀོད་ནས་ད་ལྟའི་པར་ཁང་འདི་ཉིད་ཆོས་དང་རིག་གནས་ཀུན་ཀྱི་གླེགས་བམ་ཆེན་པོ་ཞིག་ཏུ་གྱུར་བའོ།།
ཀུ་ཚེ་བས་ཕྱོགས་སོ་སོར་ནས་པར་བརྐོས་པའི་བྱུང་བ།
དབུས་ཕྱོགས་སུ། སེ་ར་དགོན། ས་སྐྱ་གོང་། སྨིན་གླིང་དགོན། ཞོལ་པར་ཁང་། ཆོས་དོན་ཅུས་ལ་སོགས་པ་དང་།
མདོ་ཁམས་ཕྱོགས་སུ། ཀཿཐོག་དགོན། དཔལ་ཡུལ་དགོན། རྫོགས་ཆེན་དགོན།
ཞེ་ཆེན་དགོན། ཨ་འཛོམས་དགོན། དཔལ་སྤུངས་དགོན། ཝ་རྭ་དགོན། མདོ་མཁར་དགོན། དཀར་མཛེས་དགོན། འཛམ་ཐང་དགོན། རྡོ་གྲུབ་ཆེན་དགོན། ད་དུང་མདོ་དབུས་ཁམས་གསུམ་སོགས་ས་ཆ་སྟོད་སྨད་བར་གསུམ་མང་པོར་ད་ལྟ་མཇལ་དུ་ཡོད་པའི་ཀུ་ཚེ་བས་བརྐོས་པའི་ཤིང་པར་གྲངས་ཀྱི་མི་ལོན་པར་མང་པོར་ཡོད་ཀྱང་འདིར་ཡི་གེ་མང་དོགས་པས་མ་བཀོད་དོ།།
སྤྱིར་དབུས་ཕྱོགས་ནས་དར་བའི་འདྲ་བརྐོས་དང་ཁམས་སྡེ་དགེ་ཀུ་ཚེ་ཡུལ་ནས་དར་བའི་གོ་རིམ་དང་ལྡན་པའི་བརྐོ་སྲོལ་གཉིས་ལ་གཏིང་ཟབ་དང་འབྲུ་མའི་ཚུགས་ཀ་སོགས་ལ་ཁྱད་པར་ཆེན་པོར་ཡོད་ཀྱང་། གནའ་མའི་དཔེ་ལ། མི་རྒན་པོའི་ཁ་ལ་ཉོན།། ཇ་ཞིམ་པོའི་བྲོ་ལ་ལྟོས།། གསེར་ས་འོག་ཏུ་ཡོད་ན། འོད་ནམ་མཁར་འཆར་ཞེས་པ་ནང་བཞིན་རེ་ཞིག་འདི་ནས་མཇུག་བསྡུ་བར་བྱའོ།
སྙན་ངག་ཚིག་གི་རྒྱན་གྱིས་མ་བཅིངས་ལ།།
ལྷ་སྒྲུང་ལྟ་བུར་སྒྲོ་བཏགས་མ་བྱས་ནས།
རྟོག་བཟོ་མཁས་པའི་རྫུན་གཏམ་མ་བསྒྲིགས་པར།།
ལོ་རྒྱུས་འདི་ནི་མདའ་ལྟར་དྲང་པོ་ཡིན།།
ཞེས་ཁ་རྒྱབ་ཉི་མ་འབོད་པ་དེས་ཁམས་སྡེ་དགེ་ནས་ཕྱི་ལོ༢༠༡༨ལོར་ཟླ་བ༡༠པའི༣ཉིན་བྲིས་པ་དགེའོ།།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་