སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་སྡོམ་གསུང་བཤད།
༈ སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་གྱི་མཇུག་སྡོམ་གསུང་བཤད།
དེའང་ཕྱི་ལོ་༢༠༡༢་༡༡་༡༧ ཉིན་དབུ་བརྙེས་པའི་ཕུ་ནུ་གྲོས་རས་རྒྱ་ཆེའི་སྡེ་དགེ་བ་གཞིས་བྱེས་གཉིས་ཀྱི་དམིགས་ཡུལ་དང་རེ་བ་གཞི་རྩར་བཟུང་ནས། ལས་འཆར་གཙོ་བོ་ཁག་གསུམ་གྱི་གསུམ་པ། སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་གོ་སྒྲིག་ཞུས་ནས། སྤྱི་ཕན་རང་བཞིན་ཅན་གྱི་གྲོས་ཆོད་ཁག་བཅོ་ལྔ་བཞག་ཐུབ་ཡོད་པས་མ་ཚད། མ་འོངས་པའི་སྡེ་དགེ་ཚོགས་པའང་གང་ཟག་གི་དབང་བསྒྱུར་མིན་པ། ཁྲིམས་ཀྱི་དབང་བསྒྱུར་འོག་ཤར་སྐྱོད་བྱ་ཆོག་པའི་སྒྲིག་གཞི་དོན་ཚན་བཅུ་བདུན་ཅན་ཞིག་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་སྤྱི་མོས་ཐོག་གཏན་འབེབ་ཐུབ་ཡོད་པ་དང་། ཚོགས་པའི་ལས་མི་སྡེ་དགེའི་དབུས་སྤྱི་ཁྱབ་རྒྱུན་ལས་པ་རྣམ་པའང་མང་གཙོའི་ལམ་སྲོལ་འོག་འདེམས་སྒྲུབ་ཐུབ་ཡོད་པ་ནི། སྤྱིར་ན་རྒྱ་ཆེའི་སྡེ་དགེའི་མང་ཚོགས་ཀྱི་ནུབ་པ་མེད་པའི་གཞུང་སེམས་ཀྱི་འབྲས་བུ་དང་། ཁྱད་པར་དུ་ཕུ་ནུ་གྲོས་རའི་ཚོགས་མི་ཚོས་མ་བསྐུལ་དང་བླངས་ཀྱི་ཐོག་ནས་ནུས་ཤུགས་བཏོན་པའི་གྲུབ་འབྲས། ཡང་སྒོས་སུ་སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོར་ཚོགས་ཞུགས་མི་སྣ་རྣམ་པའི་སྙིང་སྟོབས་ཀྱི་རྒྱལ་ཁ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།
དམིགས་གསལ་ཐུགས་རྗེ་ཆེ་ཞུ་དགོས་ས་ལ།
ས་གནས་མང་པོ་ཞིག་གི་སྡེ་དགེ་ཚོགས་པའི་ངོས་ནས་ལས་དོན་འདིར་སྒོ་ཀུན་ནས་ནུས་ཤུགས་མཉམ་འདོན་དང་། ཞལ་འདེབས་ཟུར་བཅད་ཀྱི་ཐོག་ནས་གནང་སོན་བྱུང་པས་མཚོན། རིས་མེད་ས་གནས་ཁག་གི་རྒྱ་ཆེའི་གཏོང་ཕོད་ཅན་མང་པོ་ཞིག་གིས་སྡེ་དགེ་བའི་དོན་དུ་ཁ་དང་ལག་པ་མཉམ་ཕྱུང་གི་ཐོག་ནས་དཔལ་འབྱོར་གྱི་མཐུན་འགྱུར་གང་དགེ་གནང་བྱུང་བ་ནི་ལས་ཀ་འདིའི་གྲུབ་ཆ་གལ་ཆེན་ཞིག་ཆགས་ཡོད་པས་ཐུགས་རྗེ་ཆེ་ཞུ།
དེ་བཞིན་ས་གནས་ས་ཐོག་གི་ཆེད་བསྐོས་འཐུས་མི་རྣམ་པའི་ལྷག་བསམ་ལྟར་ས་གནས་སོ་སོའི་མང་ཚོགས་ཀྱིས་ཀྱང་ཚད་མཐོའི་རྒྱབ་སྐྱོར་ཤུགས་ཆེན་བྱུང་པ་ནི། རྩ་བའི་སྡེ་དགེ་བ་ཞིག་ཡིན་པའི་འགན་ཁུར་ཞིག་སྒྲུབ་ཀྱིན་ཡོད་པ་རེད་མོད། ཕུ་ནུ་གྲོས་རའི་ལས་དོན་འདི་ལ་དྲང་པོ་དང་བདེན་པ་ཞིག་བལྟས་ནས། རེ་བ་དང་ཡིད་ཆེས་ཤིག་གནང་སྟེ་བྱུང་ཡོད་པ་ཡིན་དུས་དངོས་ཤུགས་བརྒྱུད་གསུམ་ནས་ནུས་ཤུགས་སྣོན་མཁན་དང་། སེམས་ཤུགས་སྤར་མཁན་བཅས་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
དེ་ནས་ད་ཐེངས་ཀྱི་སྡེ་དགེ་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ལ་ལྡི་ལི་སྡེ་དགེ་ས་གནས་ཀྱི་རྒྱུན་ལས་རྣམ་པའི་སྣེ་ཁྲིད་འོག་ཚོགས་མི་ཚོས་མི་རྒྱུ་གཉིས་ཐད་ནས་རོགས་དན་གང་ཐུབ་གནང་བྱུང་པར་ཐུགས་རྗེ་ཆེ་ཞུ།
འབོད་བསྐུལ་ཞུ་རྒྱུ་ལ།
ད་རེས་ཕུ་ནུ་གྲོས་རས་མ་གྲོས་བསམ་པ་གཅིག་མཐུན་གྱི་ཐོག་ནས་ལས་དོན་འདི་འདི་ལྟར་མགོ་བཙུགས་ཐུབ་པ་བྱུང་བ་མ་ཚད། འདི་ལྟར་སྡེ་དགེ་བ་གཞིས་བྱེས་གཉིས་ཀྱི་རེ་འདུན་ལྟར་སྲིད་དོན་དང་མ་འདྲེས་ཤིང་། མང་གཙོའི་ལམ་སྲོལ་ཡང་དག་པའི་འོག་རིས་སུ་མ་ཆད། ཕྱོགས་སུ་མ་ལྷུང་པའི་སྡེ་དགེ་བ་ཡོངས་ཀྱི་བདེ་རྩའི་ཆེད་དུ་ཚུལ་མཐུན་སྒྲིག་གཞི་ལྡན་པའི་ཚོགས་པ་འདི་འདྲ་ཞིག་ཀྱང་བཙུགས་ཐུབ་སོང་པ་ནི། ཧ་ཅང་དགའ་སྤོབས་འོས་པ་ཞིག་ཡིན་ལ། ད་རེས་ཀྱི་ཚོགས་ཐོག་འདི་ནས་ཕུ་ནུ་གྲོས་རའི་ཚོགས་མི་ཡོངས་ཀྱིས་རྒྱལ་ཆེའི་སྡེ་དགེའི་མང་ཚོགས་ལ་རྩིས་འབུལ་ཁམས་གཙང་ཞུས་ཡོད་པས། མ་འོངས་པའི་ལོ་ཟླའི་ནང་དུ་ཚོགས་པ་འདི་གང་འདྲ་ཞིག་ཏུ་བསྒྱུར་མིན་དེ་རྒྱ་ཆེའི་སྡེ་དགེའི་མང་ཚོགས་ལ་བརྒྱ་ཆ་བརྒྱ་ཐམ་པ་རག་ལས་ཡོད་སྟབས། སྡེ་དགེ་བའི་གནས་སྟངས་འདི་ཡག་པོ་ཞིག་ཡོང་དགོས་ཀྱི་ཡོད་ན། ང་ཚོ་ཚང་མ་སྡེ་དགེ་བ་ཞིག་ཡིན་དུས་སོ་སོའི་ངོས་ནས་ལས་སྟངས་གང་འདྲ་ཞིག་བྱས་ན་ཡག་ས་རེད་བསམ་པའི་ཐོག རང་ཉིད་སྒེར་གྱི་འཚོ་བའི་ཆེད་དུ་སྡེ་དགེ་བའི་གནས་སྟངས་ཆུ་ནང་དུ་གཡུག་མི་བཞག་པ། ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་དག་སྤྱི་བའི་ཆེད་དུ་གཏོང་མ་ཐུབ་ཀྱང་། སྤྱི་ལ་མི་གནོད་པ་ཞིག་ཅིས་ཀྱང་གནང་རོགས་གྱིས་ཞེས་འབོད་བསྐུལ་ཞུ་བཞིན་ཡོད།
ད་དུང་ཉེ་རབས་ཀྱི་ལོ་རྒྱུས་ནང་སྡེ་དགེ་བའི་གནས་སྟངས་ཛ་དྲག་གི་གནས་སུ་གྱར་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་རེད་ལ། ད་ནས་སྡེ་དགེ་བ་འདས་གསོན་གཉིས་ཀྱི་ཆེད་དུ་དང་། དུས་གསུམ་གྱི་ལོ་རྒྱུས་འདི་དག་གི་ཆེད་དུ་མཐོ་བླ་ཆེན་མི་དཔོན་ནས། དམའ་སྤྲང་རྒན་དབྱུག་པ་ཅན་ཡན་ཆད་ཀྱིས་སྡེ་དགེ་བའི་འཆམ་མཐུན་དང་། གཅིག་གྱུར་ཡོང་ཐབས་ལ་སྒོ་ཀུན་ནས་འགན་ཁུར་དང་། བསམ་ཤེས། ཤ་ཚ་དང་སྙིང་རྗེ་གནང་རོགས་གྱིས་ཞེས་མཐའ་མའི་འབོད་སྐུལ་ཞུ་བཞིན་ཡོད།
མཐར་དོན།
༸གོང་ས་རྒྱལ་བའི་དབང་པོ་གང་གིས་གཙོས་རིས་མེད་བསྟན་པ་འཛིན་མཁན་རྣམས་ཀྱི་སྐུ་ཚེའི་ཞབས་པད་ཡུན་དུ་བརྟན་ཅིང་མཛད་ཕྲིན་དར་ཞིང་རྒྱས་པ་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་རླབས་ཆེན་དམིགས་ཡུལ་མཐའ་དག་མྱུར་དུ་འགྲུབ་པ་དང་། བོད་སྤྱི་དང་སྡེ་དགེ་བའི་འདས་མ་ད་གསུམ་ལ་དམིགས་པའི་ལས་དོན་བཟང་པོ་འདི་དག་ཅིས་ཀྱང་གེགས་མེད་མངོན་འགྱུར་ཡོང་བའི་སྨོན་འདུན་ཁྲི་ཕྲག་དང་བཅས།
༢༠༡༣།༡༡།༡༠ ཉིན་ཕུ་ནུ་གྲོས་རའི་དབུས་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཀྱིས་རྒྱལ་ས་ལྡི་ལི་ནས།