སྡེ་དགེ་རྒྱལ་པོའི་ཕྱག་ཐམ་སྡིག་ཐམ་སྐོར།
༈ སྡེ་དགེ་རྒྱལ་པོའི་ཕྱག་ཐམ་སྡིག་ཐམ་སྐོར།
སྡེ་དགེ་ཚང་ལ་ཐམ་ག་དམིགས་བསལ་ཅན་འགའ་ཞིག་ཡོད་པ་པས། གཅིག་ནི་སྡིག་ཐམ་འདི་ཡིན་ལ། སྡིག་ཐམ་འདིའི་སྐོར་ནས་དམིགས་བསལ་གྱི་ལོ་རྒྱུས་ཡོད་སྟབས། འདིར་དེའི་སྐོར་གྱི་ལོ་རྒྱུས་འགའ་ཟུར་བཀོད་ཞུས་ཡོད།
༈ སྡེ་དགེ་རྒྱལ་པོ་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས་མཛད་པའི་སྡེ་དགེ་རྒྱལ་རབས་ལས།
(གཞན་ཡང་ཨུ་རྒྱན་སངས་རྒྱས་གཉིས་པ་དངོས། །འཇའ་ཚོན་སྙིང་པོས་བླ་སློབ་ཚོགས་འཁོར་སྐབས། །ཟན་ལས་ཆེ་མཆོག་པདྨ་ཐོད་ཕྲེང་གི །ཕྱག་རྟགས་སྡིག་གཟུགས་བཅོས་ནས་ཁྱེད་རང་གི །བརྒྱུད་པས་འདི་འདྲའི་ཕྱག་རྟགས་འཆང་ན་དགེ །གསུངས་བཞིན་ཕྱིས་སུ་པདྨའི་ལུང་འཛིན་པ། །འཁྲུལ་མེད་གཏེར་ཆེན་ཀློང་གསལ་སྙིང་པོ་ཡིས། །སྡིག་ཐམ་གཏེར་བླངས་སྡེ་དགེར་ཕུལ་མཛད་པས། །སྲིད་དང་ཆོས་ཀྱི་དགེ་ལེགས་འཕེལ་བརྟན་དུ། །གྱུར་ནས་ད་ལྟའང་དེ་རྒྱུན་གནས་འདིའོ། །)
༈ སྡེ་དགེའི་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་སྡེ་དགེའི་ལོ་རྒྱུས་སྤྱི་དོན་ཟླ་ཤེལ་གསར་པའི་མེ་ལོང༌ལས།
(དཔོན་རབས་ལྔ་པ། ལྷུན་ཐུབ། སྲས་ལྷུན་ཐུབ་ཀྱིས་གདུང་བརྒྱུད་སྤེལ་བར་སྲས་དྲུག་དང་སྲས་མོ་གཅིག་བཅས་བདུན་བྱུང༌། དེ་ལས་སྲས་དང་པོ་ཀུན་དགའ་རྒྱ་མཚོ་ནི་རིག་འཛིན་རྒོད་ཀྱི་ལྡེམ་འཕྲུལ་ཅན་གྱི་སྤྲུལ་པ་ཡིན་པར་བཤད། སྔགས་གསར་རྙིང་སྤྱི་དང་ཁྱད་པར་གསང་སྔགས་རྙིང་མ་ལ་མཁས་ཤིང་གྲུབ་པར་བརྙེས། ནད་གདོན་སོགས་འདུལ་བ་ལ་ནུས་མཐུ་ཆེན་པོར་ཡོད་པར་བཤད། འདི་ལ་རིག་འཛིན་འཇའ་ཚོན་སྙིང་པོས་ཚོགས་འཁོར་སྐབས་སུ་ཟན་གྱིས་གུ་རུ་དྲག་པོའི་ཕྱག་མཚན་སྡིག་པ་ར་ཙའི་གཟུགས་བརྙན་ཞིག་བཅོས་ནས་ཁྱོད་རང་གིས་རྒྱུད་པས་འདི་འདྲ་བའི་ཕྱག་རྟགས་འཆང་ན་དགེ་ཞེས་ལུང་བསྟན་གནང༌། ཕྱིས་རིག་འཛིན་ཀློང་གསལ་སྙིང་པོས་སྡིག་ཐམ་གཏེར་ནས་བཞེས་ཏེ་སྡེ་དགེ་རྒྱལ་པོ་ཁྲི་ཆེན་སངས་རྒྱས་བསྟན་པ་ལ་གནང་བ་དེ་ནས་བཟུང་སྡེ་དགེའི་རྒྱལ་རབས་རིམ་བྱོན་གྱི་བཀའ་ཐམ་སྡིག་པ་ར་ཙའི་གཟུགས་ཡོད་པ་འདི་བྱུང་བར་གྲགས། དེ་ཡང་བཀའ་ཡིག་གལ་ཆེའི་རིགས་ལ་སྡིག་དམར་མ་ཞེས་ཐམ་ཀ་དམར་པོ་དང༌། བཀའ་ཤོག་དཀྱུས་མ་ལ་སྡིག་ནག་མ་ཞེས་ཐམ་ཀ་ནག་པོ་ཡིན་པ་ཞིག་རིགས་གཉིས་ཡོད་པ་རེད།)
༈ མདོ་ཁམས་ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་དངུལ་དཀར་མེ་ལོང་ལས།
(གཞན་ཡང་རིག་འཛིན་འཇའ་ཚོན་སྙིང་པོས་ཚོགས་འཁོར་སྐབས། འཇའ་ཚོན་ཞབས་ཀྱིས། ཟན་ལས་གུ་རུ་དྲག་པོའི་ཕྱག་མཚན་སྡིག་གཟུགས་བཅོས་ནས་ཁྱེད་རང་གི་རྒྱུད་པས་འདི་འདྲའི་ཕྱག་རྟགས་འཆང་ན་དགེ་ཞེས་ལུང་བསྟན་བསྩལ། ཕྱིས་སུ་གཏེར་ཆེན་རིག་འཛིན་ཀློང་གསལ་སྙིང་པོས་སྡིག་ཐམ་ཟབ་གཏེར་ནས་བཞེས་ཏེ་སྡེ་དགེར་གནང་། འདི་ནི་གུ་རུ་དྲག་པོའི་ཕྱག་མཚན་དུ་སོང་གཤིས་མི་དང་མི་མིན་ཐམས་ཅད་ཟིལ་གྱིས་མནན་པའི་རྟེན་འབྲེལ་ཡིན་པར་གསུངས། ཕྱིས་རྒྱལ་ས་མ་བཏང་བར་རྒྱལ་རབས་རིམ་བྱོན་གྱིས་ཕྱག་རྟགས་གཙོ་བོ་འདི་ཡིས་བྱེད།)