སྡེ་དགེ་ཡུལ་གྱི་སྐྱེས་པ་ཚོའི་ཆས་གོས་སྐོར།
༼མདོ་ཁམས་སྡེ་དགེའི་ཡུལ་དུ་དར་བའི་ཞབས་བྲོའི་རྣམ་པར་བཞག་པ་ལེགས་སྨོན་ནཱ་དའི་རོལ་མོ་ཞེས་པ་ལས་ཟུར་འདོན་བྱས།༽
སྡེ་དགེ་ཡུལ་གྱི་སྐྱེས་པ་ཚོའི་ཆས་གོས་སྐོར།
རྩོམ་པ་པོ། རབ་བརྟན་དགེ་ལེགས་ཕུན་ཚོགས། ཡོང་ཁུངས། སྡེ་དགེ་དྲ་བ།
གསུམ་པ་གོས་རྒྱན་གྱི་ཁྱད་པར་ལོགས་སུ་བསྟན་པ་ནི།༼རྒྱལ་བློན་སོགས་སྐྱེས་པ་རྣམས་ཀྱི་ཆས་གོས།༽དེ་ཡང་གནའ་དུས་མི་དབང་ཆོས་རྒྱལ་ཆེན་པོའི་སྐུ་བསོད་དབུ་འཕང་བླ་ན་མཐོ་ཞིང༌། ཆོས་སྲིད་ལུགས་བརྒྱའི་མཛད་འཕྲིན་གསེར་གྱི་འཁོར་ལོས་མདོ་སྨད་ཡངས་པའི་ཁྱོན་ལ་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་སྐབས་སུ། ལོ་ལྟར་སྡེ་དགེའི་རྒྱལ་བློན་གཉེར་ཕྱག་མདུན་ཧོར་ཐམས་ཅད་ལྷན་འཛོམས་ཀྱིས་ས་སྐྱོང་ཆེན་པོ་དབུར་བཞུགས་ཏེ་ཕྱི་ནང་གི་བཀའ་ཡི་མདུན་ན་འདོན་ཆེན་པོ་རྣམས་ཀྱིས་སྡེ་དགེའི་བྲོ་ཆེན་ནམ་མདུན་བྲོ་གྲགས་པ་བརྡུང་བའི་ཚེ་ན། ཆོས་རྒྱལ་རྣམས་དབུ་ཞྭ་པདྨ་རཱ་གའི་ཏོག་ཅན། གཟབ་སྤྲོས་ཆེ་བའི་སྐབས་མཛོད་གོས་སེར་སྐྱའམ་གོས་ཆེན་རྒྱན་གཞི་སེར་སྐྱ་དང༌། འབྲིང་གི་ཚེ་མཛོད་གོས་སེར་སྨུག་གམ་གོས་ཆེན་གསེར་མ་སེར་སྐྱ། དུས་རྒྱུན་འཇམ་རིས་ཅན་སེར་སྐྱའི་ན་བཟའ་ལོང་བུར་ཁེབས་ཙམ་དུ་ཤུར་བུར་བཅིངས། རྒྱལ་པོ་དང་སེར་མོ་བ་རྣམས་ཀྱིས་སྐུ་ཆིངས་དང༌། ལྷམ་སྒྲོག་ཀྱང་ཁ་དོག་སེར་པོར་མཛད། འཁྱིལ་ལྷམ་འཇའ་རིས་ཅན་སེར་པོ། མགུལ་རྒྱན་གཟི་ཞགས་དང༌། མགུལ་གབ་ནང་འགེལ་ཙམ་ལས་གཞན་རྒྱན་སྤྲས་མེད། ནང་བློན་གཉེར་ཕྱག་དང་མདུན་སྐོར་རྣམས་ཀྱིས་ཞྭ་གྱ་ལ་ཞེས་སྟོང་སྐུད་དམར་པོའི་ཛར་ལོ་ཞྭ་འདབ་མཚམས་བར་སླེབས་པ་དང༌། སྡེ་དགེའི་ཇ་ལ་ལ༑ ཞྭ་འདབ་ལྟེམ། ཞྭ་གདན་གོས་ཆེན་དམར་སྨུག །ཞྭ་ཁོག་མཐོ་དམན་མཐོ་གང་ཙམ་ལ་སྟོད་སྨད་སྦོམ་ཕྲ་མེད་པ་ཌཱ་མ་རུའི་ཤུབས་འདྲ་བའི་གློ་ནས་སྟོང་སྐུད་དམར་པོའི་ཛར་ལོ་ཞྭ་འདབ་བར་སླེབས་པ། མདུན་སྐོར་དང་ཧོར་འདྲ་ལ་ཞྭའི་སྤྱི་དཀྱིལ་དུ་པདྨ་འདབ་བཞི་དང་འདབ་བཞི་བསྣོལ་ནས་བརྩེགས་པའི་འདབ་བརྒྱད་སོགས་ཐོབ་ཐང་ལྟར་ཡོད། རྒྱལ་པོ་ལ་དེའི་སྟེང་དུ་བྱེ་ཞིབ་སྐུད་པ་ལ་བརྒྱུས་པས་ཏོག་སྦྱར་ཡོད། དེང་སང་ཀ་ཤུབས་འདྲ་འདི་སྡེ་དགེའི་ཇ་ལ་མིན། སྐྲ་སུམ་ལྷས་བྱས་པར་སྟོང་སྐུད་ནག་པོའི་ཚར་ལོ་ཆུང་ངུ་རེ་རྒྱག་ཅིང༌། ཅོ་མདུད་ལ་མཐེབ་སྐོར་གྱི་རིགས་དང་སྐྲ་བཟུང་བརྒྱབ་ནས་དམ་པོར་བྱེད། ཕྱིས་སུ་འགའ་རེས་བོད་པའི་སྟངས་ཀ་བྱས་ནས་ཚར་ལོ་དམར་པོ་རྒྱག་ཅིང༌། ཚར་ལོ་དང་མགོ་དཀྲིས་ལེགས་པར་བརྒྱབ་པས་གྲི་འགོག་པ་ཡིན་ཟེར། རྣ་བ་གཡོན་པར་གསེར་དངུལ་ལས་བྱས་པའི་རྣ་ཀོར་ཕྲ་རྒྱན་ཅན་ཝར་ཟླའམ་རྣ་རྒྱན་གདུབ་ཀོར་དུ་གྲགས་པ་ཡ་རེའམ། གསེར་རྣ་བྱུར་རྩབ་གཡུ་ཕྲ་ཅན་ཚེ་བུམ་མའམ་འབང་ཚང་ཅན་ཡ་རེ་བཏགས། གཟབ་འཆོར་རྒྱས་སྤྲོས་ཀྱི་སྐབས་སུ་སྲམ་སྐོར་རྒྱན་གཞི་དམར་པོའི་ཁ་གདན་ཅན་དང༌། གཟབ་སྤྲོས་འབྲིང་གི་ཚེ་ན་ཁ་གདན་གསེར་མ་ཅན། གཟབ་སྤྲོས་བསྡུས་པའི་ཚེ་ན་ཁ་གདན་འཇམ་རིས་ཅན། དེ་ལས་ཀྱང་ཐེར་མའི་ཁ་རྐྱང་དང་འཕྲུག་གོས་སྦགས་ནས་གྱོན་པ་དང༌། འཕྲུག་གི་ལྭ་བ་རྐྱང་པ་གོན་པ་དང༌། གོས་སྐྱ་སྐུད་སྐོར་མ་ཞེས་སྐུད་པ་དམར་པོ་སུམ་སྒྲིལ་བྱས་པས་སྣམ་གོས་དཀར་པོའི་གོང་བ་དང་ལྭ་བའི་མཐར་བསྐོར་བ་དང༌། སྣམ་གོས་ཁྱི་འཕྲུག་གོང་ཤན་ཅན་གོན་པ་ནི་ཤིན་ཏུ་བབ་ཆག་ལ་མཛེས་ཤིང༌། ཤུལ་ཚང་ལྟ་བུའི་སྐ་རགས་དམར་པོས་པུས་མོར་ཁེབ་ཙམ་དུ་བཅིངས་པའི་ཁ་ཚར་རྒྱབ་ནས་མར་མངགས། འདི་ལ་སྐ་དམར་རྒྱབ་ཚར་ཟེར། སྡེ་དགེས་སྐ་རགས་བཅིང་དུས་རྒྱབ་ལ་རྐུབ་ལེབ་ཅིག་གཏོད་ནས་བཅིང་ཞིང༌། ཕོར་པ་ཡང་ཕོར་ལེབ་རྩེག་དམའ་བ་རེ་བཟོ་བས་སྡེ་དགེ་རྐུབ་ལེབ་ཕོར་ལེབ་ཟེར་ཞིང༌། དེང་སང་གོས་ལ་ཕྱུ་ཕུ་མང་པོ་གཏོད་ནས་བཅིང་པ་འདི་ཉག་རོང་དང༌། ཡར་སྟུང་ཆེན་པོ་བྱེད་ནས་བཅིང་པ་འདི་བོད་པའི་ལུགས་བྱས་པ་ཡིན་ཟེར། སྤྱིར་ཁམས་ཕྱོགས་ཀྱི་ས་ཆ་སོ་སོར་དང་ལུང་ཚན་སོ་སོའི་སྐ་རགས་བཅིང་སྟངས་ལ་ཁྱད་པར་མངོན་གསལ་དོད་པ་ཡོད། སྐྱེས་པ་རྣམས་ཕུ་དུང་གཡས་པ་ཕུད་ཅིང་གུས་ཞབས་དགོས་ཚེ་ཕུ་དུང་ཕྲག་ཐོག་ནས་མདུན་དུ་ལེན་སྲོལ་འདུག །དེ་ལ་སྡེ་དགེས་གོས་ཐམས་ཅད་གོང་བ་ཅན་དང་ཕུ་དུང་ཅན་ཤ་སྟག་ཏུ་བཟོ་ཞིང༌། གོང་བ་དང་ཕུ་དུང་ཡོད་པའི་གོས་གྱོན་མཁན་དེ་བསོད་ནམས་ཅན་དང་དབང་ཐང་ཅན་གྱི་རྟགས་སུ་ངོས་འཛིན་ནས། བོད་མིའི་གཏམ་དཔེར། བསོད་ནམས་ཅན་གྱི་གོང་བ། དབང་ཐང་ཅན་གྱི་ཕུ་དུང༌། །ཞེས་བསྔགས་པར་བྱེད། གོས་ལ་གོང་བ་དང་ཕུ་དུང་མེད་ན་གོས་ཀྱིས་གོས་གོ་མི་ཆོད་པའི་ཚད་དུ་བྱེད་པར་མ་ཟད། ལྷག་པར་གོས་གོང་བ་མེད་པ་ལ་ནི་རྒྱ་གོས་ཟེར་ནས་གཞན་གོས་ཞིག་ཏུ་བརྩི་བ་སྟེ། ཤྭ་བཤད་ལས། ཁ་རིང་གོས་ཀྱི་གོང་བ་རེད། གོས་གོང་བ་མེད་ན་རྒྱ་གོས་རེད། ཅེས་འབོད་པ་བྱུང་འདུག ། སྟོད་ལ་སྟོད་གོས་དང་སྨད་ལ་རྐང་གོས་གོན་ཀྱང་སྐེད་པར་སྐ་རགས་བཅིང་རྒྱུ་ཡོད་པའི་བོད་གོས་ཕུ་དུང་ཅན་མ་གོན་པ་ལ་གཅེར་དོ་སྤྲད་ཟེར་ནས་གཅེར་བུ་དང་འདྲ་བར་ཐན་དུ་བརྩིས་ནས་རྣམ་རྟོག་དང༌། སྐད་ཆ་བཤད་དུས་རྫུན་དང་གྱ་གྱུའི་སྒྲིབ་གཡོག་མེད་པར་བདེན་པར་སྨྲས་ན་གཡང་ཟེར་ནས་ལེགས་པར་བརྩི་བ་སྟེ། བོད་ཀྱི་གཏམ་དཔེར། མི་གཅེར་རུ་མ་དེ་ཐན། གཏམ་གཅེར་རུ་མ་དེ་གཡང༌། ཞེས་ཟེར་རོ། །ཡང་ལྷམ་མེད་པར་རྐང་རྗེན་མར་བྱས་ན་བྱ་དང་འདྲ་ཞིང་གཅེར་དོར་བྱས་ན་གླུད་གཏོར་དང་མཚུངས་པར་ཤིན་ཏུ་ངན་པར་བརྩི་བ་སྟེ། བོད་ཀྱི་གཏམ་དཔེར། རྐང་རྗེན་མ་དེ་བྱ་འདྲ། གཅེར་རུ་མ་དེ་གླུད་འདྲ། ཞེས་གྲག་གོ། ། ཡང་ཕྱུག་པོ་རྣམས་ཀྱིས་ཁྱིམ་ཕུག་ཏུ་མར་དོ་རྣམས་ཕར་ཚུར་སྒྲིལ་ནས་ཡོད་པ་ལྟར་སྐ་རགས་བཅིང་རྒྱུ་ཡོད་པའི་གོས་གོན་ན་ཕྱུག་པོ་དང༌། མ་གོན་པར་གཅེར་རྡོར་བྱས་ནས་སོང་ན་སྤྲང་ཕྲུག་དག་དགུན་ལྷགས་པ་ཆེ་སྐབས་འཁྱག་ཡོང་དུས་རྒྱབ་སྤྲོད་བྱས་ནས་འདུག་པ་ལྟར་སྤྲང་པོ་ཉིད་དུ་བརྩི་བ་སྟེ། གནའ་མིའི་གཏམ་དཔེར། ཕྱུག་པོ་མར་རྡོག་ཁ་སྤྲོད། སྤྲང་པོ་གཅེར་རུ་རྒྱབ་སྤྲོད། ཅེས་ཟེར་རོ། ། དབྱར་ཀར་དར་ཁྲུས་དཀར་དམར་ཕྱི་ནང་བྱས་པའི་ནང་འཇམ་དང༌། དགུན་ཁར་འབུ་རས་ཀྱི་ནང་འཇམ་ལ་རྒྱ་གསེར་གོང་སྒྲིལ་ལེབ་ཤན་ཅན། ལྷམ་ལ་འགག་ལྷམ་སྟོང་སྐུད་ཀྱིས་སྣ་ཁྲིད་པའི་སྣ་མགོ་མ་རྡོག་རྩེག་ཅན་གོན་ཞིང༌། སྣ་མགོ་མ་ལ་ཀོ་མགོ་མ་དང༌། རས་མགོ་མ་གཉིས་དང༌། ཡང་འབྲོག་ཁུལ་དག་ཏུ་ལྷམ་སྤོ་མེད་པའི་མཐོ་ལྷམ་སྤོ་ཆད་ཟེར་བ་ཡང་གོན་སྲོལ་འདུག །སྤྱི་ཚོགས་ཁྲོད་དུ་ལྷམ་གྱི་སྣ་ཕུག་སེར་པོ་བཞག་མི་རྒྱལ་པོ་དང་སེར་མོ་བ་གཉིས་ལས་གཞན་མེད་པས། མི་ཚོས་སེར་མོ་བ་ལ་ཕོག་ཐུག་བཏང་མ་མྱོང་ཟེར་ནས་ཚད་བཙུགས་དུས་ལྷམ་གྱི་སྣ་ཕུག་སེར་པོ་ཅན་ཞིག་ལ་གནོད་བསྐྱལ་མ་མྱོང་ཟེར་སྲོལ་ཡོད། ལྷམ་སྒྲོག་ཀྱང་རྒྱལ་པོ་དང་སེར་མོ་བ་ཚོས་སེར་པོ་དང༌། གཞན་མི་སྐྱ་རྣམས་ཀྱིས་ཁྲ་བོ་རེ་བཅིངས་སྲོལ་འདུག །རྐང་དོར་འབུ་རས་དཀར་པོ་ལ་གདོང་དར་དམར་པོ་ཅན་གྱི་དོ་ཁྲ་ཆེན་པོ་ལྷམ་སྣ་བར་ལྷུག །གསེར་དངུལ་འདྲེས་མའི་མཆན་གབ་མཛོད་དར་གྱིས་གློ་གཡོན་པར་ཤན། མགུལ་དུ་གཟི་ཞགས་སྙིང་ཁ་ཡན་འཁོར་བ་བཏགས། སྐེད་དུ་གྲི་རིང་དཀར་ཤང་ཐོག་བྱང་ཅན་བཙོངས། གློ་གཡས་པར་གོས་ཆེན་སེར་པོའི་ཕོར་ཁུག་ལ་བ་སོའི་ཁ་འཐེན་དང་སྟོང་སྐུད་དམར་པོའི་ཚར་ལོས་བརྒྱན་པ་དང༌། དངུལ་ཐག་གིས་མྱེ་ཆ་དང༌། ཕྱིས་སུ་འགའ་ཞིག་གིས་མྱེ་ཆ་གློ་གཡོན་ལ་བཏགས་པ་ནི་མདུན་གཟིམ་དཔོན་ཕུར་པ་ཕྲིན་ལས་ཟེར་བའི་གཡོན་ལག་ཅན་དེའི་ལད་མོ་བྱས་པ་ཙམ་ལས་རྒྱུ་མཚན་གཞན་མེད།གཞན་ཡང་འུར་རྡོ་ཆུ་མིག་དགུ་སྒྲིལ་དང༌། དྲུང་ཡིག་དང་ཡིག་མཁན་ཡིན་ན་དམིགས་བསལ་དུ་བྲིས་མྱུག་བཅུག་སའི་བྲིས་ཆ་ཡང་འདོགས་སྲོལ་ཡོད། གློ་གཡོན་ཟུར་ལ་གསེར་དངུལ་བཀྲ་མའི་གློ་གཟར་བཏགས་པའི་སྣེ་ལ་སྟོང་སྐུད་ཀྱི་ཚར་ལོ་ཆུང་ངུ་རེ་རྒྱག །མདུན་དུ་ཁབ་སྒྲིལ་ལམ་ཁབ་ཤུབ་རྣམ་པ་འདྲ་མིན་དུ་མ་དང༌། ཁབ་རའི་སྣེ་ལ་འཁྱུད་རྨོག་བཀལ་སའི་འཁྱུད་རྟ་ཤིང་དང་བ་སོ་ལས་བྱས་པ་ཡུལ་ལུགས་ལྟར། དངུལ་ཐག་གིས་འབའ་ཁུག་གམ་པང་ཁུག་འཕྱངས་བ་སོགས་ཆས་འགྲིག་དང༌། ཧོར་འདྲ་དང་གཉེར་ཕྱག་མདུན་སྐོར་དཔོན་ཁག་བཅས་ཀྱི་སྒེར་གཡོག་རྣམས་ཀྱིས་འབུ་རས་ཁ་ཕྲ་ཡི་མགོ་དཀྲིས་བརྒྱབ། གཟབ་སྤྲོས་རྒྱས་འབྲིང་བསྡུས་གསུམ་དང་འབྲེལ་ནས་ཕྲུག་གོས་དང༌། སྣམ་གོས་དཀར་པོ་སོགས་གོན་སྲོལ་མཆིས་ཤིང༌། འབུ་རས་དོར་ཁྲ་དང་ལྷམ་སོགས་གཞན་རྣམས་འདྲ།