སྡེ་དགེ་འཇོ་མདའི་སྐོར།
༈ སྡེ་དགེའི་མངའ་ཁུལ་དུ་ཡོད་པའི་འཇོ་མདའ་རྫོང་གི་སྐོར།
ལྷུན་གྲུབ་དབང་རྒྱལ་གྱི་མི་ཚེའི་ལོ་རྒྱུས་ལས་དྲངས།
གོང་དུ་བཤད་པ་ཇི་བཞིན་སྡེ་དགེ་རྒྱལ་པོའི་མངའ་ཁུལ་དུ་ད་ལམ་རྒྱ་མིས་རྫོང་ཁག་དབྱེ་ཚུལ་ལྟར་སྡེ་དགེ་རྫོང་དང་། དཔལ་ཡུལ་རྫོང་། སེར་ཤུལ་རྫོང་། འཇོ་མདའ་རྫོང་བཅས་བཞི་ལས་ཕྱི་མ་འཇོ་མདའ་འདི་ནི་དེང་སྐབས་རྒྱ་མིས་དབྱེ་འབྱེད་མིང་བཏགས་བྱས་པའི་རང་སྐྱོངས་ཟེར་བ་དེའི་ཁོངས་སུ་ཡོད། འཇོ་མདའ་རྫོང་འོག་ཏུ་ཡང་རྒྱ་ནག་གི་བཙན་འཛུལ་བྱས་པའི་རྗེས་ནས་དབྱེ་བ་ཕྱེས་ཏེ་བཏགས་པའི་ཤང་ཁག་ ༡༥ ཙམ་ཡོད་དེ། མཁར་སྒང་ཤང་། ཀན་ཐོག་ཤང་། ཆུ་གཉིས་མདོ་ཤང་། འཛི་སྒར་ཤང་། པདྨ་ཤང་། ཐོང་ཕུག་ཤང་། གཏེར་བཏོན་ཤང་། སྤང་རྒན་ཤང་། སིབ་མདའ་ཤང་། རི་མདའ་ཤང་། དབོན་སྟོད་ཤང་། ས་དཀར་ཤང་། སྤོ་ལུ་ཤང་། སྐམ་ཐོག་ཤང་། སྐུ་སེ་ཤང་བཅས་ཡིན། ས་ཁུལ་དེར་སྔོན་ཆད་བོད་སྡེ་པ་གཞུང་གི་མདའ་དཔོན་རེ་བཅའ་སྡོད་གནང་བའི་ཁོ་བོས་གོ་ཐོས་ཀྱི་ཙམ་སྨྲོས་ན། མཚོ་སྒོ་མདའ་དཔོན། ཁྱུང་རམ་མདའ་དཔོན། མདའ་དཔོན་ར་ས་རྒྱ་རྒན། དཀར་ཆུང་མདའ་དཔོན་བཅས་གནས་སྡོད་བྱེད་ཀྱི་ཡོད་འདུག མདའ་དཔོན་རེར་འོག་ཏུ་རུ་དཔོན་གཉིས་དང་བརྒྱ་དཔོན་བཞི་བོད་དམག་ལྔ་བརྒྱ་རེ་ཡོད་པ་གོ་མྱོང་། ཁོ་བོས་མཐོང་མྱོང་དང་རྒྱུས་མངའ་ཡོད་པ་ནི་དཀར་ཆུང་མདའ་དཔོན་ཙམ་ཡིན། འཇོ་མདའ་རྫོང་འོག་ཏུ་ཡོད་པའི་སྡེ་དགེ་མདུན་སྐོར་རྣམས་སོ།། འོག་མ། རྒྱ་མཁར། གནས་གཞི། ར་རུ། མཁར་མདོ་ཁག་གཉིས། ཕྱག་རྩ། ངན་འཁྲད། གནམ་ཆུང་། གནམ་སེར། ཡར་མགོ། གྱང་ཁང་། རི་ཕུག གཅེས་པ་བཅས་མདུན་སྐོར་ ༡༥ ཙམ་དང་། འདན་མའི་གཟིམ་དཔོན་བདུན་ལས་དཀར་དང་དིལ་མགོ་གཟིམ་ཁག་གཉིས་ཀྱང་འཇོ་མདའ་རྫོང་འོག་ཏུ་ཡོད་པ་རེད། དགོན་ཁག་ཀྱང་ ༦༠ རེ་གྲངས་ཙམ་ཡོད་པ་དང་། ང་རང་སྡོད་པའི་ས་གནས་ནི་སྔོན་གྱི་དབང་དུ་བྱས་ན་ཉག་གཤིས་རྫོང་སྒོ་ཟེར་བ་དང་དེང་སྐབས་རྒྱ་མིས་གསར་མིང་བཏགས་པ་ནི་མཁར་སྒང་ཤང་ཟེར། གང་ལྟར་རྫོང་སྒོ་འདི་ནི་རྫོང་སྒོ་གཞན་པ་ལས་ཆེ་ཤོས་ཤིག་ཡིན། སྡེ་དགེའི་མདུན་སྐོར་གང་རུང་གིས་རྫོང་དཔོན་གནང་སྲོལ་ཡོད། ང་རང་གིས་ཤེས་གསལ་ཡོད་པ་ནི། རྒྱ་མཁར་ཚང་མགོན་རྣམ་དང་། ངན་འཁྲད་ཚང་ཚེ་དབང་རྣམ་རྒྱལ། ཕྱག་རྩ་ཚང་སྟོབས་ལྡན་གྲགས་པ་བཅས་ཀྱིས་གནང་དར།