སྡེ་དགེ་མཁན་ཆེན་ཨ་པད་རིན་པོ་ཆེའི་ངོ་མཚར་བའི་མཛད་རྣམ་འགའ་ཞིག
སྡེ་དགེ་མཁན་ཆེན་ཨ་པད་རིན་པོ་ཆེའི་ངོ་མཚར་བའི་མཛད་རྣམ་འགའ་ཞིག
༡༽ཐོག་མར་ཁོང་རིགས་གསུམ་སྤྲུལ་པའི་ལྷ་ཁང་ཁམས་བྱེ་རྫོང་སར་བཤད་གྲྭ་དར་རྒྱས་གླིང་དུ་ཉིན་གཅིག་རིང་། ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་གྱི་རྩ་བ་རིགས་གཏེར་ཐུགས་འཛིན་གནང་ནས་ཐུགས་རིག་ཆེ་བ་དང་མཁས་པའི་སྙན་གྲགས་བྱུང་བ་རེད།
༢༽དེ་ནས་རྫོང་སར་ལ་བཞུགས་སྐབས་སུ་གཞུང་ཆེན་འགའ་ཡི་གོ་དོན་ལ་རང་བློས་སྦྱར་བའི་ནོར་སྐྱོན་གནང་མཁན་ཆོས་བརྒྱུད་གཞན་བྱུང་བ་ལ་ཁོང་གིས་གཏན་ཚིགས་རིགས་པའི་ལམ་ནས་དཔྱད་བརྩམས་མཛད་ནས་བཀའ་ཡི་བསྡུ་པ་ལྔ་པ་མཛད་གནང་བ་རེད།
༣༽དེ་ནས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་དཔལ་ལྡན་ས་སྐྱ་པའི་མཁས་གྲུབ་བྱེ་བའི་འབྱུང་གནས་ས་སྐྱ་མཐོ་སློབ་ཅེས་པའི་སློབ་གྲྭ་ཆེན་མོ་གསར་དུ་བཙུགས་གནང་བ་རེད།
༤༽སློབ་ཆེན་དེའི་ནང་དུ་སློབ་ཁྲིད་གནང་ནས་དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་གྱི་སྐྱེས་བུ། ཁམས་སྡེ་དགེར་ཡོད་པའི་ས་དགོན་གཉིས་པ་དཔལ་རྫོང་སར་དགོན་པའི་བསྟན་བདག་རྫོང་སར་མཁྱེན་བརྩེ་སོགས་གྲངས་ལས་འདས་པ་ཞིག་མགོན་པོ་གང་གིས་ཐུགས་སྲས་སུ་བསྐྲུན་གནང་བ་རེད།་
༥༽དེ་ནས་བལ་ཡུལ་གནས་ཆེན་ཡང་ལེ་ཤེད་དུ་རྡོ་རྗེ་རྣལ་འབྱོར་མའི་སྒོམ་སྒྲུབ་ཕུལ་དུ་བྱུང་བ་ཉམས་བཞེས་མཛད་གྲུབ་ནས། མཆོད་རྟེན་མཐོང་གྲོལ་ཆེན་པོའི་ཉེ་འགྲམ་དུ། སྐད་ཡིག་མི་གཅིག་པའི་མི་རིགས་གཞན་གྱི་ཆེད་དུ་ས་སྐྱའི་བླ་ཆེན་དང་། ཁོང་གི་ཐུགས་སྲས་གཙོ་བོ་རཏྣ་བཛྲ་དང་རྫོང་སར་མཁྱེན་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་སྤེལ་སའི་བསྟི་གནས་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་བཙུགས་གནང་བ་རེད།
༦༽དེ་ནས་དཔལ་ལྡན་ས་སྐྱའི་ཐུན་མིན་གྱི་ཟབ་ཆོས་གསང་སྔགས་རྡོ་རྗེ་ཐེག་པའི་བཀའ་ཁྲིད་དཔྱིས་ཕྱིན་པ། སྐྱབས་མགོན་གོང་མའི་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་གཙོས་ངོར་མཁན་ཞབས་རྣམ་པ་དང་རྫོང་སར་མཁྱེན་བརྩེ་སོགས་ས་སྐྱ་པའི་མཁན་སྤྲུལ་བརྒྱ་ཕྲག་དང་། དཔལ་འབྲི་གུང་སྐྱབས་མགོན་རིན་པོ་ཆེ་བཅས་ལ་བཀའ་ཁྲིད་ཟབ་མོ་གནང་ནས་འཆད་ཉན་གྱི་རྒྱུན་ཡོངས་སུ་དར་རྒྱས་སུ་བྱུང་བའི་མཛད་པ་བླ་ན་མེད་པ་ཞིག་གནང་བ་རེད།
༧༽སྡེ་དགེ་ཀུ་སེ་མཁན་པོ་ངེས་དོན་སོགས་ཆེད་དུ་གཉེར་ནས་བོད་དུ་བཏང་སྟེ། གངས་ཅན་བསྟན་པའི་མངའ་བདག་ས་ཆེན་གོང་མ་ཡབ་སྲས་རྣམས་ཀྱི་དཔེ་རྒྱུན་ཤིན་ཏུ་རྩ་ཆེན་དཀོན་རིགས་པོད་བརྒྱ་ཕྲག་ལྷག་རྩོལ་སྒྲུབ་གནང་ནས།མགོན་པོ་གང་གི་ཐུགས་སྲས་སུ་གྱུར་པའི་མཁན་ཆེན་བསོད་ནམས་རྒྱ་མཚོ་སོགས་ཀྱིས་ཞུ་དག་གི་ཐུགས་འགན་བཞེས་ཏེ། རྒྱལ་ཡོངས་ས་ཆེན་ཞེས་པར་བླ་མ་གུ་རུ་ནས་པར་རྩ་བསྒྲིགས་ཏེ། ད་ལྟ་ང་རང་ཚོ་ལ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་བཀའ་དྲིན་སྐྱོང་མཛད་པ་རེད།
༨༽མགོན་པོ་གང་གིས་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། སྒ་བླ་མ་འཇམ་དབྱངས་རྒྱལ་མཚན། ཁྱད་པར་དུ་སྡེ་གཞུང་ཨ་འཇམ་རིན་པོ་སོགས་ཀྱི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པ་ལྷག་ལུས་མེད་པརགསན་སྦྱོང་དཔྱིས་ཕྱིན་པ་གནང་བ་དང་། གོང་ས་མཆོག་ནས་ཀྱང་ས་སྐྱའི་མཁན་པོ་ཕྱི་རྫིག་ནང་རྫིག་ཅེས་མཚན་གྱི་ཅོད་པན་གསོལ་ཞིང་མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་ཕེབས་མཛད་པ་རེད།
༩༽གཞན་ཡང་ཁོང་གིས་གདན་ས་ཆེན་པོ་ངོར་ཨེ་ཝཾ་དགོན་དུ་བཤད་གྲྭའི་མཁན་པོ་མཛད་པ་དང་། རྒྱ་གར་འབྲས་ལྗོངས་སུ་འབྲས་ལྗོངས་དཔེ་མཛོད་དུ་ཕྱག་ལས་གནང་བ་དང་ཆབས་ཅིགརྫོང་སར་མངའ་རིས་སྤྲུལ་སྐུ་དང་། ལྭ་དཀར་བསོད་རྒྱལ་རིན་པོ་ཆེ་སོགས་ལ་སྤྱོད་འཇུག་སོགས་ཀྱི་བཀའ་ཁྲིད་གནང་བ་དང་། གསུང་བརྩམས་གནམ་ལ་ཉི་ཟླ་སྐར་གསུམ་ལྟ་བུ་ལམ་འབྲས་དཀར་ཆག་མཐོང་བ་དོན་ཡོད་དང་། རྒྱུད་ཀྱི་རྒྱལ་པོའི་འགྲེལ་བ་དག་ལྡན་གྱི་མཆན་འགྲེལ་རྒྱུད་དོན་གསལ་བའི་སྤྱན་ཤེལ་དང་། དམ་པའི་ཆོས་ལ་ཉན་པར་བསྐུལ་བ་སོགས་མཛད་པ་རེད།
༡༠༽དེ་ནས་སངསརྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་རིགས་གསུམ་མགོན་པོ་དང་། གྲུབ་པ་ཡོངས་ཀྱི་གཙུག་རྒྱན་གསང་སྔགས་རྒྱ་མཚོའི་མངའ་བདག་ཨོ་རྒྱན་ཆེན་པོ་དང་དབྱེར་མ་མཆིས་པའི་རྣམ་འཕྲུལ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༧སྐྱབས་མགོན་གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་དང་། ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་སོགས་ཀྱི་ཡོངས་འཛིན་ཀླུ་སྒྲུབ་ལྟ་བུ་བྱོན་པ་རེད།
སྨོན་ཚིག
དེ་ཡང་མཆོག་སྤྲུལ་ཐམས་ཅད་མཁྱེན་པ་ཨ་འཇམ་རྡོ་རྗེ་འཆང་གི་ཞལ་སྔ་ནས།
སྐྱབས་གནས་ཐམས་ཅད་བླ་མའི་ངོ་བོར་ཤེས།།
དགེ་སྦྱོར་ཐམས་ཅད་བླ་མའི་ལམ་དུ་མཐོང་།།
འཁོར་འདས་ཐམས་ཅད་བླ་མའི་རོལ་པར་ཤར།།
སྣང་སྲིད་བླ་མར་འཆར་བར་བྱིན་གྱིས་རློབས།།
ཞེས་གསུངས་པ་ལྟར་མགོན་པོ་གང་གི་སློབ་མཐའ་བ་མཁྱེན་རབ་དབང་ཕྱུག་ནས་དུས་ཆེན་ཁྱད་པར་ཅན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་འདས་མཆོད་ཉིན།གནས་མཆོག་བལ་ཡུལ་མཆོད་རྟེན་ཆེན་པོའི་ཉེ་འགྲམ་ཤྲཱི་ས་བཟང་རྣམ་རྒྱལ་གླིང་གི་རང་ཤག་ཏུ་བྲིས་པར་དགེའོ།།།།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།