སྡེ་དགེ་བ་མགོན་པོ་ཕུན་ཚོགས་རྩིས་ཞིབ་འགན་འཛིན་དུ་བསྐོ་བཞག
རྩིས་ཞིབ་འགན་འཛིན་གསར་བ་བསྐོ་བཞག
དེ་རིང་སྔ་དྲོར་སྤྱི་འཐུས་གྲོས་ཚོགས་ནང་ད་ལྟའི་རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ལྡན་པའི་སྡེ་ཚན་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱི་འགན་འཛིན་ལ་བསྐོ་བཞག་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་༩། ༤༥ ཙམ་གྱི་ཐོག སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་བཞི་པའི་ཞོགས་པའི་ལས་རིམ་གཉིས་པའི་སྐབས། འོས་མི་འདེམས་སྒྲུག་ཚོགས་ཆུང་གིས་བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་འགན་འཛིན་གྱི་འོས་མི་གཉིས་མཚན་འདོན་གནང་ཡོད་པ་ལྟར། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ད་ལྟའི་རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་དང་ཤེས་རིག་དྲུང་འཕར་བཀྲ་ཤིས་སྟོབས་ལགས་རྣམ་གཉིས་མཚན་དང་མི་ཚེ་ལོ་རྒྱུས་མདོར་བསྡུས་རེ་གྲོས་ཚོགས་ནང་སྙན་སྒྲོན་གནང་སོང་།
སྐབས་དེར་གྲོས་ཚོགས་ནང་ཡོད་པའི་སྤྱི་འཐུས་༣༩ ཡིས་གསང་བའི་འོས་བསྡུ་གནང་སྟེ། རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས་སུ་འོས་གྲངས་༣༦ དང་ཤེས་རིག་དྲུང་འཕར་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་གྲངས་༣ བཅས་ཐོབ་སྟེ། རྩིས་ཞིབ་དྲུང་ཆེས་མགོན་པོ་ཕུན་ཚོགས་ལགས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱི་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་དུ་བསྐོ་བཞག་གནང་སོང་།
མགོན་པོ་ཕུན་ཚོགས་ལགས་ནི། ༡༩༥༣ ལོའི་ཟླ་༤ ཚེས་༡ ཉིན་བོད་སྡེ་དགེ་དཔལ་ཡུལ་དུ་སྐྱེས་ཤིང་། ༡༩༦༣ ལོར་བཙན་བྱོལ་དུ་འབྱོར་ཏེ་མན་སྤར་ཕན་བདེ་གླིང་གཞིས་ཆགས་སུ་གནས་སྡོད་བྱས་ཏེ། གཞིས་ཆགས་ཀྱི་ཡན་ལག་དང་མ་སུ་རི་བོད་གཞུང་གཏན་སློབ་ཏུ་གཞི་རིམ་སློབ་གྲྭ་ཐོན་རྗེས། སུད་སི་རོགས་ཚོགས་ཀྱི་རོགས་རམ་འོག་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་གཙུག་ལག་སློབ་གྲྭར་རྩིས་ཀྱི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་རྗེས། བོད་གཞུང་དཔལ་འབྱོར་ལས་ཁུངས་སུ་འཕྲལ་སེལ་ལས་བྱེད་དང་དཔལ་འབྱོར་ཁྱབ་ཁོངས་ལྡི་ལི་རུམ་གདན་ཕྱིར་ཚོང་ཁང་དུ་རང་ཁོངས་ལས་བྱེད་ལོ་གཅིག་ལྷག་གནང་བ་ཡོད་པ་དང་། ༡༩༨༡ ལོར་གཞུང་ཞབས་ཁོངས་སུ་ཡིག་རྒྱུགས་བཏང་སྟེ་རྒན་དྲུང་གི་གནས་རིམ་ཐོག་བོད་གཞུང་ལྡི་ལི་ཕྱིར་ཚོང་ཁང་། ཨམ་རེ་སུར་བོད་མིའི་ཚོང་ལས་ཁང་། སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་སོགས་སུ་དངུལ་གཉེར་དང་རྩིས་པའི་ལས་རོགས་གཅིག་ལྕོགས་དང་། རིམ་བཞིན་རྩིས་པ་དང་འགན་འཛིན་ལས་རོགས་བཅས་ཀྱི་ལས་འཁུར་ཞུས་ཡོད་པ་དང་། ༡༩༩༡ ལོར་དཔལ་འབྱོར་ལས་ཁུངས་སུ་གནས་སྤོར་གྱིས་དཔལ་འབྱོར་འདུ་འཁོད་ཀྱི་རྩིས་པའི་ལས་འཁུར་དང་རྗེས་སུ་དཔལ་འབྱོར་དངུལ་འཛིན་སྡེ་ཚན་གྱི་འགན་འཛིན་ལ་བསྐོ་བཞག་གིས། ༡༩༩༢ ལོའི་ནང་དྲུང་གཞོན་གནས་རིམ་ཐོག་གནས་སྤོར་བྱས་ཡོད་འདུག
༡༩༩༦ ལོར་ཨ་རིར་ལོ་གཅིག་རིང་གཞུང་འབྲེལ་ཐོག་སློབ་སྦྱོང་གནང་རྗེས་ཟུང་དྲུང་གནས་རིམ་ལ་གནས་སྤོར་གྱིས་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་སུ་ཕྱག་ལས་གནང་ཡོད་པ་དང་། ༡༩༩༩ ལོར་བཀའ་དྲུང་ཡིག་ཚང་དུ་གནས་སྤོར།༢༠༠༢ ལོར་དྲུང་ཆེ་ལས་རོགས་སུ་གནས་སྤོར་དང་འབྲེལ་ཆོས་རིག་ལས་ཁུངས་ལ་གནས་སྤོར་དང་། ༢༠༠༩ ལོའི་ནང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ལས་ཚབ་དང་དེ་རྗེས་དྲུང་ཆེ་ལ་བསྐོ་བཞག ༢༠༡༠ ལོར་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱི་དྲུང་ཆེ་ལ་བསྐོ་བཞག་གནང་སྟེ་ད་ལྟའི་བར་དྲུང་ཆེ་ཕྱག་ལས་གནང་ཡོད་འདུག ཡོང་ཁུངས། བོད་ཀྱི་དུས་བབ།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།