སྡེ་དགེ་ནས་ས་འོག་ཕུག་ལམ་བཟོ་བར་ངོ་རྒོལ་བྱེད་བཞིན་འདུག
བོད་ནང་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། འདི་ལོ་༢༠༡༣་༥་༦ ཙམ་ནས་རྒྱ་གཞུང་གིས་སྡེ་དགེ་མཐིལ་ནས་ས་འོག་ཕུག་བཟོ་རྒྱུའི་ལས་འགོ་བཙུགས་ཏེ། ལོ་དེའི་ཕྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་ལས་མི་དང་འཕྲུལ་ཆས་ཆེད་གཏོང་གིས་མཛད་སྒོའང་བྱས་ཏེ། དངོས་སུ་ལས་འགོ་བཙུགས་པ་རེད། ལས་གཞི་འདི་ཐོག་མ་འགོ་བཙུགས་དུས་ནས། ས་གནས་བོད་མི་ཚོས། འདི་ལྟར་ས་བརྐོ་རྡོ་སློག་གི་ཐོག་ནས་ས་འོག་ཕུག་ལམ་བཟོས་ན། ང་ཚོའི་སྡོད་ཁང་ལ་གས་ཆག་དང་། འཚོ་བ་ལ་བརྡབ་གསིག་ཡོང་ངེས་རེད་ལ། དེ་བས་ཀྱང་ས་གནས་སུ་ཆུ་ལོག་དང་། ས་ཡོམ། རི་ཉིལ་བ། སྟོན་ཐོག་མི་ལེགས་པ། སྒོ་ཕྱུག་ལ་གོད་ཆག་སོགས་ཡོང་ཉེན་ཡོད་སྟབས། ཕུག་ལམ་བཟོ་རྒྱུ་འདི་ཅིས་ཀྱང་ཕྱི་འཐེན་བྱེད་རོགས་ཞེས་རེ་ཞུས་རིམ་པ་བྱས་ཀྱང་ཉན་འཇོག་མེད་པ་བཙན་ཤེད་ཀྱི་ལས་འགོ་བཙུགས་ཡོད། གནས་སྟངས་དེའི་དབང་གིས་སྡོད་ཁང་མང་པོ་ཞིག་གཏོར་བཤིག་བཏང་ནས། བོད་མི་མང་པོ་ཞིག་ས་གནས་གཞན་དུ་མ་སྤོ་ཐབས་མེད་བྱུང་ཡོད། ཉེ་དུས་ནས་བཟུང་སྡོད་ཁང་གཞན་དག་མང་པོ་ཞིག་ལ་གས་སྐྱོན་དང་། ས་འོག་ཏུ་རྡིབ་བཞིན་པའི་ཛ་དྲག་གནས་སྟངས་དེ་འདྲ་ཐོན་གིན་ཡོད་སྟབས། ༢༠༡༣ ཕྱི་ཟླ་ ༡༢ པའི་ཚེས་༢༧ ཉིན་ནས་ཛ་དྲག་ངང་ས་གནས་བོད་མི་བརྒྱ་ཡན་མན་ཙམ་ཕུག་ལམ་བཟོ་སར་འཛོམས་ཏེ། ངལ་རྩོལ་ལས་བྱེད་རྒྱ་མི་དག་བཀག་འགོག་གིས་ངོ་རྒོལ་བྱས་ཏེ་ལས་མཚམས་བཞག་བཅུག་པ་དང་། ཉི་མ་དེ་ནས་བཟུང་ཉིན་ལྟར་མང་ཚོགས་འདུ་འཛོམས་ཐོག་བཀག་འགོག་བྱེད་བཞིན་པ་རེད། དེ་རིང་སྟེ་ཕྱི་ཚེས་༣༡ ཉིན་སྡེ་དགེ་རྫོང་ཟེར་བའི་མགོ་གཙོའི་ལས་ཁུངས་སུ་མང་ཚོགས་བཅར་ནས། གནས་ཚུལ་རྣམས་ཞུས་ཤིང་། ལས་མཚམས་བཞག་དགོས་པའི་དགོས་འདུན་བཏོན་སྐབས། བོད་མི་ལྔ་ནང་དུ་ཁྲིད་ནས་མང་པོ་བཤད་འདུག་མོད། ཐག་གཅོད་ཁ་གསལ་དེ་འདྲ་ཅིའང་བྱས་མི་འདུག ཡིན་ནའང་བོད་མི་ཚོས་ཕྱི་གཤོལ་མེད་པ་ཉིན་ལྟར་བཀག་འགོག་བྱ་རྒྱུའི་ཆོད་སེམས་བཟུང་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།

2013-12-30 ཉིན་གྱི་པར་གསར་པ་འབྱོར་བ།

2013-12-30 ས་འོག་ཕུག་ལམ་བཟོ་སར་བོད་མི་འདུ་འཛོམས་བྱེད་བཞིན་པ།

2013-12-30 ཉིན་གྱི་པར། བོད་མིས་དཀག་འགོག་བྱེད་བཞིན་པ།

2013-12-30 ཉིན་གསར་དུ་འབྱོར་བའི་བོད་མའི་སྡོད་ཁང་གཏོར་བཤིག་བྱས་ཤུལ།
2 Responses
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
འདི་དང་འབྲེལ་བའི་གནས་ཚུལ་རྙིང་པའི་རིགས་དྲ་ཐག་འདིར་ཡོད། http://dhege.org/%E0%BD%A6%E0%BE%A1%E0%BD%BA%E0%BC%8B%E0%BD%91%E0%BD%82%E0%BD%BA%E0%BC%8B%E0%BD%98%E0%BD%90%E0%BD%B2%E0%BD%A3%E0%BC%8B%E0%BD%93%E0%BD%A6%E0%BC%8B%E0%BD%A6%E0%BC%8B%E0%BD%A0%E0%BD%BC%E0%BD%82%E0%BC%8B/
དེང་སྐབས་སྡེ་དགེ་མཐིལ་ནས་ས་འོག་ཕུག་ལམ་བཟོ་བར་བོད་མི་ཚོས་བཀག་འགོག་ངོ་རྒོལ་གནང་བཞིན་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་ནས་བཅར་འདྲི་བྱས་པའི་གནས་ཚུལ་གསན་འདོད་ན་དྲ་ཐག་འདིའི་ཐོག་ཡོད། http://www.voatibetan.com/content/protest-against-planned-tunnel-constrution-in-dege-/1821660.html