སྡེ་དགེ་ཆོས་རྒྱལ་ཆེན་པོ་རིམ་བྱོན་དང་གདན་ས་ལྷུན་འགྲུབ་སྟེང་།
སྡེ་དགེ་ཆོས་རྒྱལ་ཆེན་པོ་རིམ་བྱོན་དང་རྩ་བའི་གདན་ས་ལྷུན་འགྲུབ་སྟེང་གཉིས་འབྲེལ་འབྱུང་ཉི་མ་གཞོན་ནུའི་འཛུམ་མདངས།
རྩོམ་པ་པོ། སྡེ་དགེ་བ་ཉི་མ་དཔལ་བཟང་།
བློ་གྲོས་མཁའ་མཐའི་དཀྱིལ་དུ་དགྱེ།།
ཤེས་རིག་གསར་པའི་སྒོ་འཕར་འབྱེད།།
སྲད་བུའི་རྒྱུད་དུ་ལེགས་སྤྲས་པའི།།
ལོ་རྒྱུས་སྙིང་པོའི་ཟེགས་མ་སྤྲོ།།
༡ སྔོན་དུ་འགྲོ་བའི་གཏམ།
དེ་ཡང་འཛམ་གླིང་ས་ཡི་གོ་ལ་འདི་ལ་གླིང་ཆེན་ཨེ་ཤ་ཡའི་ནང་ནས་མཐོ་སྒང་བོད་ཀྱི་སའི་ཆ་འདི་ཉིད་ལ་ཐོག་མར་མིའི་འགྲོ་བ་བྱུང་ནས་དབང་མཛད་རིམ་པ་མ་བྱུང་གི་བར་དུ་བསྐལ་པ་ཡར་ཐོག་གི་དུས་རབས་ཟེར། དེ་ཡང་དབང་མཛད་ཀྱི་སྐོར་ནས་འགའ་ཞིག་གིས་དབང་མཛད་དྲུག་དང་། ཁ་ཅིག་བཅུ་དང་། གཞན་པ་དག་བཅུ་གཉིས་སོགས་ཀྱི་ཐ་སྙད་མང་དུ་བྱུང་བ་ནི་མངའ་མཛད་ཀྱི་དུས་དང་པོ་མགོ་ཚུགས་པ་ཡིན། དེའི་སྐབས་སུ་དབང་མཛད་བཅུ་གཉིས་དང་རྒྱལ་ཕྲན་བཅུ་གཉིས། སིལ་མ་བཞི་བཅུ་སོགས་བྱུང་བར་བཤད། དེ་དག་གི་སྐབས་སུ་བོད་སྤྱི་ཚོགས་ལ་དཀའ་ངལ་ཤིན་ཏུ་ཆེ་བར་བཤད། སྤྱི་ལོའི་སྔོན་དུ་ཡར་བརྩིས་པའི་དུས་རབས་དྲུག་པའི་གཡས་གཡོན་ཙམ་ན་གང་ནས་ཡོང་བའི་བརྟོལ་མེད་ཀྱང་། གནས་དེར་སྡོད་པའི་མི་རྣམས་དང་ཅུང་མི་འདྲ་བའི་ཡ་མཚན་ཆེ་བའི་མི་ཞིག་བྱུང་བར། དེར་ཡོད་ཀྱི་མི་རྣམས་ཀྱིས་ཁྱོད་ང་ཚོའི་རྒྱལ་པོ་བྱེད་དགོས་ཞེས་གཉའ་བར་ཁྲི་བརྩིགས་ཏེ་བཀུར་བར་བྱས། དེ་ནས་རིམ་བཞིན་དུ་རིམ་བྱུང་གི་རྒྱལ་པོ་ཡབ་སྲས་རྣམས་བྱོན་ཏེ། སྐབས་འགར་ཐོབ་དང་ལན་རེར་ཤོར་བའི་ཚུལ་གྱིས་མཐར་སྤྱི་ལོ་༨༤༢རྒྱལ་པོ་འུ་དུམ་བཙན་པོའི་བར་ཁྱོན་དུས་རབས་བཅུ་བཞི་ཙམ་དུ་བོད་ཀྱི་རྒྱལ་པོ་ཞེས་པའི་མཚན་སྙན་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་པར་བྱས། དེ་ནས་བོད་སིལ་བུའི་དུས་རབས་ཞེས་ཡུལ་ཆུང་རེ་ན་དཔོན་ཆུང་རེ་བྱས་ཏེ་དགྲ་ཇག་གི་འཇིགས་པ་ཧ་ཅང་ཆེ་བའི་བགྲང་བྱ་༤༡༢ཙམ་བྱུང་བ་ཡིན། དེའི་རྗེས་སུ་ཧོར་གོ་དན་རང་ཉིད་ཆོས་ལ་དད་པས་ས་པཎ་ཁུ་དབོན་གསུམ་ཧོར་དུ་གདན་འདྲེན་ཞུས་རྗེས་བོད་ཆོལ་ཁ་གསུམ་གྱི་སྲིད་དབང་དེ་སྤྱི་ལོ་༡༢༥༣ ལོར་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པར་དབང་གཉིས་པའི་ཡོན་དུ་ཕུལ་ཏེ་ས་སྐྱ་པས་མི་ལོ་༡༠༡ཙམ་དུ་བོད་ཀྱི་སྲིད་དབང་བསྐྱངས། དེའི་མཚམས་སུ་ཕག་གྲུ་སྡེ་སྲིད་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་བྱུང་སྟེ་༡༣༥༤ལོར་ས་སྐྱ་པའི་ལག་ནས་ཕག་གྲུ་པས་བོད་ཆོས་སྲིད་གཉིས་ཀྱི་བདག་དབང་འཕྲོག་སྟེ་ཁྱོན་ལོ་༡༣༩བར་དུ་དབང་ཆ་བདག་བཟུང་བྱས། དེའི་མཇུག་ཏུ་རིན་སྤུངས་པས་༡༤༩༣ ནས་ཕག་གྲུ་པའི་དབང་ཆ་འཕྲོག་སྟེ་བསྡམས་ལོ་༡༢༥ལ་དབང་སྲིད་བསྐྱངས། དེའི་མཚམས་སུ་༡༦༡༨ལོར་གཙང་པ་སྡེ་སྲིད་ཀྱིས་སྲིད་ཀྱི་བདག་དབང་བཟུང་སྟེ་ལོ་༢༤ ལ་བོད་ཁམས་བསྐྱངས། དེའི་རྗེས་སྤྱི་ལོ་༡༦༤༢ནས་དགའ་ལྡན་ཕོ་བྲང་ཚུགས།
༢ སྐབས་སུ་བབས་པའི་ཡུལ་གྱི་ཆེ་བ།
དེ་ལས་སྐབས་སུ་བབས་པའི་ཡུལ་གྱི་ཆ་ལ་ལྟོས་ཏེ་བཤད་ན། གང་དུ་ཆགས་པའི་གནས་ཀྱི་ཁྱད་པར་ནི། ས་དང་ཉི་ཟླ་ལ་སོགས་པའི་གོ་ལ་ཇི་སྙེད་ཅིག་གི་ནང་ནས་སྲོག་ཆགས་འཚོ་སྡོད་ཀྱི་གནས་གཞིས་སུ་གྱུར་པ་སའི་གོ་ལའི་ཤར་གྱི་གཞུང་ཐིག་༩༨︒༣༤'༥༥ དང་། བྱང་གི་འཕྲེད་ཐིག་༣༡︒༤༨'༢༣ སྟེ། རྒྱ་མཚོའི་ངོས་ལས་མཐོ་ཚད་༣༢༩༠ཙམ་དུ་འཕགས་པའི་ས་སྟེ། བོད་ཆེན་པོའི་ཡུལ་ལྗོངས་དེ་ཉིད་ས་དུམ་བུ་གསུམ་དུ་བགོས་པའི་ནང་གི་སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སའི་ཆ། ཆུ་བཞི་ལས་འབྲི་ཆུའི་ཉེ་འགྲམ། སྒང་དྲུག་ལས་ཟལ་མོ་སྒང་གི་གཡོན་ངོས། རོང་ཆེན་བཞི་དང་རོང་ཆུང་བཞི་སྟེ་བརྒྱད་ལས་ཨ་རབ་རོང་། མདོ་ལྔ་ལས་མདོ་ཆེན་ཆབ་མདོ་དང་སྐྱེ་སྒུ་མདོ་དར་རྩེ་མདོ་གསུམ་གྱི་དབུས།ལུགས་བརྒྱའི་མདུན་ས་སྡེ་དགེ་ལྷུན་འགྲུབ་སྟེང་ཞེས་པའི་གནས་དེ་ཉིད་ཡིན།
༣ བཙན་པོའི་དུས་ཀྱི་ཡིག་ཆ་ལས་གསལ་བ།
འདིའི་གནས་ཡུལ་དག་སྔོན་གྱི་ལོ་རྒྱུས་ཡིག་རྙིང་ལས་གསལ་བའི་ཚུལ་ནི། རྒྱལ་པོ་སྲོང་བཙན་གྱི་སྐབས་སུ། བོད་ཀྱི་ས་འདི་བརྟག་དཔྱད་བགྱིས་མཐར་སའི་ཉམས་དེ་སྲིན་མོ་གན་རྐྱལ་དུ་ཉལ་འདྲའི་ས་བབས་ཡོད་པ་ལས། ས་འདུལ་བའི་ཕྱིར་དུ་མཐའ་འདུལ་དང་། ཡང་འདུལ། རུ་གནོན་གྱི་ཆེད་དུ་མི་འགྱུར་བའི་གཟེར་བཅུ་གཉིས་ཏེ་གཙུག་ལག་ཁང་བཅུ་གཉིས་བཏབ་པའི་ནང་གི་ལག་མཐིལ་གཡས་པ་གནོན་ཕྱིར་ཁམས་ཀྱི་ཀླང་ཐང་སྒྲོལ་མའི་ལྷ་ཁང་ཕྱི་མཆོད་རྟེན། ནང་ལྷ་ཁང་། རྩ་བ་གཟེར་མགོ །རྩེ་མོ་རྒྱ་ཕིབས་ཀྱི་ཚུལ་དུ་མི་ཉག་གིས་ལག་དཔོན་བྱས་ཏེ་བཞེངས་པ་དང་། དེའི་སྔོན་དུ་རྒྱ་ཡི་སྲས་མོ་ས་དེ་ནས་བརྒལ་བ་ན་གནས་དེར་ཡུན་རིང་ཙམ་བཞུགས་ཏེ།ཐང་ལ་ཞིང་བཏབ། ཆུ་ལ་རང་འཐག་བཙུགས། ལྡན་མའི་བྲག་རྩ་རུ་ཕེབས་ཏེ་བྱམས་པ་ཁྲུ་བདུན་མ་གཅིག་དང་། བཟང་སྤྱོད་སོགས་བྲག་ལ་བརྐོས། སའི་དཔྱད་གཟིགས་པས་སའི་ཡོན་ཏན་ཕུན་ཚོགས་འཛོམས་པར་གཟིགས་ནས་ཤིན་ཏུ་དགྱེས་པ་སོགས་ཀྱི་ལོ་རྒྱུས་ངག་རྒྱུན་དུ་གྲགས་པའི་གནས་དེ་ཉིད་རྩ་བའི་སྡེ་དགེའི་ཉེ་ཕྱོགས་ཡིན་པ་དང་། དེའི་མཚམས་ཀྱི་རྒྱལ་རབས་ལྔ་པ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ། རྗེ་འབངས་ཉེར་ལྔའི་ནང་གི་ལྡན་མ་རྩེ་མང་ཡང་གནས་འདི་ནས་འཁྲུངས་ཏེ་བོད་བསྟན་སྲིད་སྤྱི་བྱེར་སྨན་པའི་དགེ་ལེགས་དཔལ་གྱི་རོལ་མོ་ཡངས་པའི་ཁྱོན་ཀུན་བརྡུངས།
༤ བོད་སིལ་བུའི་དུས་སྐབས།
དེའི་རྗེས་བོད་སིལ་བུར་འཐོར་རྗེས་སུ་འདན་མ་ཞེས་པའི་མིང་དེ་ཉིད་རྒྱ་ཆུང་ངུར་གྱུར་ཏེ། གླིང་ཞེས་པའི་མིང་གིས་རྩྭ་སྐམ་ལ་མེ་མཆེད་པ་ལྟར་ས་གནས་མང་པོ་ཞིག་ཏུ་ཁྱབ། དེ་ཡང་ཐང་རྒྱལ་རབས་༦༡༨-༩༠༧སྐབས་སུ་གླིང་དང་། ཡོན་རྒྱལ་རབས་༡༢༧༡-༡༣༦༨སྐབས་སུ་གླིང་ཚང་ཞེས་དང་། ཆིང་རྒྱལ་རབས་༡༦༤༤-༡༩༡༡སྐབས་སུ་གླིང་ཚང་རྒྱལ་པོ་ཞེས་དུས་སྐབས་གསུམ་གྱི་ས་བཀྲ་གསུམ་གྱི་སྟེང་དུ་མིང་རེ་རེ་བཞིན་འཁོད་ཅིང་། མིང་གི་བབས་ལས་དཔག་ཀྱང་། ས་གནས་འདིར་སྐབས་དེ་དག་ཏུ་གླིང་གི་མི་རྒྱུད་དེ་རིམ་བཞིན་ཇེ་རྒྱས་སུ་གྱུར་ཡོད་པར་གསལ་ཐུབ། དེ་ནས་གླིང་གི་གདུང་རབས་༥༢ པ་དུ་སི་བསྟན་འཛིན་ཡེ་ཤེས་ཀྱི་སྐབས་སུ། ཁོའི་མཆེད་གཞོན་ཆེན་པོ་བདག་དྲུང་གིས་ལྕགས་ར་གླིང་དཔོན་གྱི་ས་བདག་བཟུང་སྟེ་གནས་པ་ལ། བདེ་ཆེན་བསོད་ནམས་བཟང་པོས་ས་ཡི་དགེ་མཚན་དང་རྟེན་འབྲེལ་གྱི་ཆེ་བ་སོགས་ལ་བརྟགས་ཏེ།ལྕགས་ར་གླིང་ཡུལ་དུ་གྲགས་པའི་གནས་དེར་བསྡད་ནས་གླིང་དཔོན་གྱི་བློན་པོར་གྱུར།
༥ སྡེ་དགེ་ལྷུན་འགྲུབ་སྟེང་གི་མིང་གིས་ཁྱབ་ཚུལ།
སྡེ་དགེའི་མངའ་ཁོངས་ལ་དབང་སྒྱུར་ཐུབ་པའི་སྡེ་དཔོན་ནས་རིམ་བཞིན་དུ་སྟོབས་འབྱོར་མངའ་དབང་ཅན་གྱི་རྒྱལ་པོར་གྱུར་པའི་དཔོན་རིགས་བྱུང་བའི་ཐོག་མའི་དུས་ནི། ཕག་གྲུ་སྡེ་སྲིད་ཀྱི་དབང་ལོ་དགུ་བཅུའི་གཡས་གཡོན་ཙམ་སྟེ་སྡེ་སྲིད་བདུན་པ་ཝང་ཀུན་དགའ་ལེགས་པ་སྤྱི་ལོ་༡༤༤༥ལོར་ཕག་གྲུའི་སྡེ་སྲིད་ཀྱི་ཁྲིར་ཕེབས་པ་དེའི་ཕྱི་ལོ་༡༤༤༦ རབ་བྱུང་བདུན་པའི་ནང་ཚན། སྟོད་འགྲེལ་ལྷ་ཡི་སྐད་དུ་ཀྵཡཀ་ཞེས་པ་དང་། དེ་ཉིད་བོད་ཀྱི་སྐད་དུ་ཟད་པ་ཞེས་སུ་གྲགས་པ། འབྱུང་རྩིས་པའི་ལུགས་ཀྱི་མེ་ཕོ་སྟག་གི་ལོར་བདེ་ཆེན་བསོད་ནམས་བཟང་པོའི་སྲས་ཆེ་བ་བོ་ཐར་གྱིས་དགུང་གྲངས་༨༦ལ་སོན་པའི་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་མཆོག་གདན་དྲངས་ཏེ། དེ་ཡང་སི་ཏུ་ཆོས་ཀྱི་འབྱུང་་གནས་ཀྱིས། གཡས་རི་གཡུ་འབྲུག་འགྱིང་བ་ལྟ་བུ། གཡོན་རི་སེངྒེ་གནམ་དུ་འཕྱོ་བ་ལྟ་བུ། རྒྱབ་རི་ཤེལ་གྱི་མཆོད་རྟེན་ལྟ་བུ། མདུན་རི་གླང་པོ་ཆེ་འདུད་པ་ལྟ་བུ། གསེར་ལྡན་གྱི་རྒྱུན་དབང་གི་ཕྱོགས་ནས་དལ་བུའི་འབབ་པ་སོགས་སའི་དཔྱད་ལེགས་དགུ་མ་ཚང་བ་མེད་པའི་དབུས་སུ་དཔལ་ལྡན་ལྷུན་འགྲུབ་སྟེང་གི་ཆོས་གྲྭ་ཞེས་གསུངས་པ་ལྟར། ཤར་ཕྱེས། ལྷོ་སྤུངས། ནུབ་འདེན། བྱང་སྐྱོབ་པ། ས་རྡོ་ཆུ་ཤིང་རོང་འབྲོག་སོགས་སའི་དགེ་བཅུའི་དཔལ་གྱིས་གཏམས་པ། སའི་སྲུང་བཞི་རང་བྱུང་ལྷུན་འགྲུབ་ཏུ་ཚང་བ། རྒྱབ་རི་བྲག་དཀར་པུ་སྟི་བརྩེགས་པས་དགེ་ལེགས་འོ་མའི་དམ་ཆོས་ཀྱི་འཆད་ཉན་བར་མེད་དུ་འཕྱོ་བ་དང་། གཡས་རི་གཡུ་འབྲུག་སྔོན་མོ་ནམ་མཁར་མཆོངས་པས་སྙན་པའི་གྲགས་དཀར་མཁའ་དབྱིངས་ནས་སྒྲོག་པའི་རྟེན་འབྲེལ་དང་། གཡོན་རི་གླང་ཆེན་བརྗིད་ལྡན་ནོར་གྱི་ཕུང་པོས་མི་ཟད་གཏེར་གྱི་ཆར་རྒྱུན་སྩོལ་བའི་རྣམ་པ་དང་། མདུན་རི་སེངྒེ་དཀར་མོས་རིན་ཆེན་ནོར་གྱིས་ཁེངས་པའི་སྦྲམ་འབུམ་གྱི་མཆོད་ཁ་འབུལ་བའི་ངོ་བོ་དང་། གཞན་ཡང་ལུང་པའི་གཡས་གཡོན་སྟེང་འོག་གང་ས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་སོགས་རང་བྱུང་ལྷུན་འགྲུབ་ཀྱི་དགེ་མཚན་གྱིས་གང་བའི་གནས་མཆོག་དེ་རུ། གྲུབ་ཆེན་ལྕགས་ཟམ་པ་མཆོག་གིས་ས་ཡི་བཟང་ངན་དང་མི་ཡི་གཤིས་སྤྱོད་ལ་བརྟགས་ཏེ། ཡུལ་གྱི་མཚན་བཟང་དང་མི་ཡི་གཤིས་བཟང་གཅིག་འདུས་སུ་གྱུར་པའི་གནས་མཆོག་ལྷུན་འགྲུབ་སྟེང་འདི་རུ། རྩ་བའི་བླ་མ་ངོར་ཆེན་ཀུན་དགའ་བཟང་པོའི་ཆོས་རྒྱུད་གྲུབ་མཐའ་འཛིན་པའི་དགོན་སྡེ་ཞིག་བྱུང་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་འབྱུང་བ་དགོངས་ཏེ། བསྟན་པའི་སྦྱིན་བདག་ཆེན་པོ་བཀྲ་ཤིས་པའི་མི་གཡང་བོ་ཐར་མཆོག་རྒྱལ་ཐབས་དང་པོའི་དབུ་ཁྱུད་དུ་མངའ་དབང་བསྐུར་བ་དང་འབྲེལ།གནས་དེར་ཀླུ་ཡི་ཕོ་བྲང་དུ་གྲགས་པའི་མཚོ་ཞིག་ལ་རྫུ་འཕྲུལ་དང་འབྲེལ་བླ་གོས་ཀྱིས་ཁ་བཀབ་སྟེ། སྤྱི་ལོ་༡༤༤༦ལོར་དེའི་སྟེང་དུ་ལྷ་ཁང་ཞིག་བཞེངས་མཛད་པ་ནི་དེང་གྲགས་ཀྱི་ཐང་རྒྱལ་ལྷ་ཁང་ཡིན། སྐབས་དེར་དགོན་པའི་མིང་ལ་ལྷུན་འགྲུབ་སྟེང་དང་། སྦྱིན་བདག་གི་མིང་ལ་བཀྲ་ཤིས་སེངྒེ་ཞེས་བཀྲ་ཤིས་རྟེན་འབྲེལ་གྱི་ཆེ་བ་འབད་མེད་ལྷུན་གྱིས་གྲུབ་པ་འབུམ་དང་ལྡན་པའི་མཚན་གྱི་ཅོད་པཎ་ཡུལ་མི་གཉིས་ལ་གནང་མཛད། དེ་ཡང་སྔོན་དུས་ཤིག་ལ་མགར་གྱི་གདུང་རབས་ཉེར་དགུ་པ་མགར་ཆེན་ཡེ་ཤེས་བཟང་པོའི་སྲས་དགེ་སློང་བསོད་ནམས་རིན་ཆེན་མཆོག་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པའི་ཞབས་པད་དུ་བཅར་བའི་ཚེ། འཕགས་པས་སྡེ་དགེའི་མིང་གིས་ཆེར་བསྔགས་མཛད་པ་དང་། ཕྱིས་བདེ་ཆེན་བསོད་ནམས་བཟང་པོས་གླིང་དཔོན་གྱི་བློན་པོ་བགྱིད་བཞིན་པའི་སྐབས་སུ་ཡུལ་མི་ཐམས་ཅད་བཀྲ་ཤིས་པའི་རྟགས་དང་དགེ་ལེགས་ཀྱི་མཚན་མ་ཤར་བ་སོགས་ལ་བརྟེན་ཏེ་སྡེ་དགེ་ཞེས་པའི་མིང་དེ་ལུགས་གཉིས་ལས་གྲུབ་པ་ཡིན་པ་ནི་ཤིན་ཏུ་བརྗིད་ཆགས་པའི་མིང་བྱིན་རླབས་ཅན་ནོ། །
༦ བོ་ཐར་བརྒྱུད་པ་དང་བཅས་པས་བླ་མ་བསྟེན་པའི་ཚུལ།
གོང་ཞུས་ལྟར། བོ་ཐར་བཀྲ་ཤིས་སེང་གེས་གྲུབ་པའི་དབང་ཕྱུག་ཐང་རྒྱལ་པོ་བླ་མ་མཆོད་པའི་གནས་སུ་བསྟེན་ཏེ་ཆོས་སྲིད་ཀྱི་མཛད་འཕྲིན་སྣང་བ་དཀར་པོས་ཡངས་པའི་ཐ་གྲུ་ཀུན་ཏུ་ཁྱབ་པའི་དབུ་ཁྱུད་བྲིས་ཡོད། བོ་ཐར་གྱི་སྲས་ཆེ་བ་དཔལ་ལྡན་སེངྒེས་ཀྱང་ངོར་ཆེན་རྡོ་རྗེ་འཆང་གི་གདན་རབས་བརྒྱད་པ་རྒྱལ་བ་ལྷ་མཆོག་སེངྒེ་གཙོར་གྱུར་པའི་བླ་མ་བསྟེན་ཏེ་ཐོས་བསམ་སྒོམ་སྒྲུབ་ཀྱིས་རྒྱལ་བསྟན་སྤེལ་བཞིན་འཇིག་རྟེན་ལུགས་གཉིས་ཀྱི་མཛད་བཟང་གིས་སེར་སྐྱ་རྣམས་དགེ་ལ་འཛུད་པར་བྱེད་དོ། །རྒྱལ་འཕེལ་གྱི་སྲས་ཆེ་བ་བོ་ཐར་ནས་བརྩིས་པའི་རྒྱལ་རབས་ལྔ་པ་ཀུན་དགའ་རིན་ཆེན་གྱིས་ངོར་མཁན་རབས་བཅུ་བཞི་པ་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས་མཆོག་གི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ཏེ་ཟབ་ཆོས་དཔག་མེད་གསན། རྡོ་རྗེ་ལྷུན་འགྲུབ་ཀྱི་སྲས་གྲགས་པ་ལྷུན་འགྲུབ་ཀྱིས་རྒྱལ་བ་ལྷ་མཆོག་སེང་གེ་སོགས་བསྟེན་ནས་མཁས་གྲུབ་ཀྱི་དཔལ་དང་ལྡན་པར་གྱུར་ཏེ། དགྱེས་གུར་ལ་སོགས་པའི་ཡི་དམ་དང་སྲུང་མ་རྣམས་ལུས་དང་གྲིབ་མ་ལྟར་འགྲོགས་ཞེས་གསུངས། ལྷུན་ཐུབ་ཀྱི་སྲས་ཆེ་བ་གྲུབ་ཐོབ་ཀུན་དགའ་རྒྱལ་མཚན་གྱིས་ས་སྐྱ་པ་འཇམ་དབྱངས་བསོད་ནམས་དབང་པོ་དང་ངོར་ཁྲི་རབས་བཅུ་བཞི་པ་ཤར་ཆེན་བྱམས་པ་ཀུན་དགའ་བཀྲ་ཤིས།རིག་འཛིན་འཇའ་ཚོན་སྙིང་པོ་རྣམས་གཙོ་བོར་གྱུར་པའི་བླ་མ་རྣམས་ལ་བསྟེན་ཏེ་ཟབ་གསང་སྙན་རྒྱུད་རྒྱ་མཚོའི་དཔལ་ལ་རོལ་ཏེ། སྣང་བ་བདེན་མེད་དུ་རྟོགས་པ་དང། ལྐོག་གྱུར་གྱི་གནས་ལུགས་མངོན་དུ་འགྲེལ་བར་མཛད་པ་སོགས་ཀྱི་རྣམ་ཐར་རྒྱ་ཆེན་བདོག །སྲས་གསུམ་པ་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་ངོར་མཁན་རབས་བཅོ་བརྒྱད་པ་ཤར་ཆེན་ཤེས་རབ་འབྱུང་གནས་ཀྱི་ཞབས་པད་སྤྱི་བོར་བཏེགས་ཏེ། སྡོམ་པ་གསུམ་དང་འབྲེལ་བའི་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་ཡོངས་སུ་ཚིམ་པར་གྱུར། ཁྲི་ཆེན་སངས་རྒྱས་བསྟན་པས་འཇམ་དབྱངས་བསོད་ནམས་དབང་ཕྱུག་དང་། སྔགས་འཆང་ཀུན་དགའ་བཀྲ་ཤིས།མཁས་གྲུབ་སངས་རྒྱས་ཕུན་ཚོགས་རྣམས་གཙོར་གྱུར་པའི་བླ་མ་བསྟེན་ཏེ་མདོ་སྔགས་རྒྱ་མཚོར་གསན་བསམ་སྒོམ་པ་མཐར་ཕྱིན་གནང་། ཁྲི་ཆེན་བླ་མ་བསོད་ནམས་ཕུན་ཚོགས་ཀྱིས་མཁན་ཆེན་བཟང་པོ་རྒྱལ་མཚན་དང་། ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས་རྣམས་ཀྱིས་གཙོས་པའི་བླ་མ་རྣམས་སྐྱབས་སུ་བསྟེན་ཏེ། སྡོམ་པ་གསུམ་གྱིས་བསྡུས་པའི་ཟབ་རྒྱས་ཆོས་ཀྱི་བདུད་རྩི་ཉམས་བཞེས་གནང་། བསོད་ནམས་ཕུན་ཚོགས་ཀྱི་གཅུང་བླ་མ་དཔལ་བཟང་གིས་ས་ངོར་གཉིས་ཀྱི་སྐྱེས་ཆེན་རྣམས་བསྟེན་ཏེ། གང་གི་དམ་ཆོས་འོད་ཀྱི་སྣང་བ་རྒྱལ་ཁམའ་འདིར་ལེགས་པར་སྤེལ། ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ངོར་མཁན་ཆེན་སངས་རྒྱས་ཕུན་ཚོགས། གནས་གསར་བཀྲ་ཤིས་དབང་ཕྱུག །ངག་དབང་ཀུན་དགའ་ལེགས་འབྱུང་། འཇམ་མགོན་བཀྲ་ཤིས་དཔལ་ལྡན། མཁན་ཆེན་བཟང་པོ་རྒྱལ་མཚན། སི་ཏུ་ཆོས་ཀྱི་འབྱུང་གནས། གྲུབ་དབང་སངས་རྒྱས་རྒྱ་མཚོསོགས་དགེ་བའི་བཤེས་སུ་བཟུང་སྟེ་མཁས་པའི་ཕ་རོལ། གྲུབ་པའི་ཡང་རྩེ། མཛད་པ་མུ་མཐར་ཁྱབ་པར་བྱས། མི་དབང་བསོད་ནམས་མགོན་པོས་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། གནས་གསར་བ་ཀུན་དགའ་ལེགས་པའི་འབྱུང་གནས། ཤར་ཆེན་མི་འགྱུར་རྒྱལ་མཚན། སི་ཏུ་ཆོས་ཀྱི་འབྱུང་གནས། ཀཿ ཐོག་དྲི་མེད་ཞིང་སྐྱོང་སོགས་བླ་མར་བསྟེན་ཏེ་ཟབ་གསང་གདམས་པ་རྒྱ་མཚོའི་སྙིང་བཅུད་བདག་གིར་བཞེས། སྲས་ཕུན་ཚོགས་བསྟན་པས་མཁན་ཆེན་བཀྲ་ཤིས་ལྷུན་འགྲུབ། ངག་དབང་ཀུན་དགའ་ལེགས་འབྱུང་། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན། རྒྱལ་དབང་སྐལ་བཟང་རྒྱ་མཚོ་སོགས་མཁན་པོ་དང་དགེ་བཤེས། བླ་མ་སོགས་སུ་བསྟེན་ཏེ་མཁས་པའི་རྣམ་ཐར་ལ་མངའ་དབང་འབྱོར་པར་བྱས། བསྟན་པ་ཚེ་རིང་གི་སྲས་གསུམ་པ་བླ་མ་བློ་གྲོས་རྒྱ་མཚོས་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། སི་ཏུ་ཆོས་ཀྱི་འབྱུང་གནས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། སྐལ་བཟང་རྒྱ་མཚོ། ཀླུ་ལྡིང་མི་འགྱུར་རྒྱལ་མཚན། རྫོགས་ཆེན་འགྱུར་མེད་ཐེག་མཆོག་བསྟན་འཛིན། ཀཿ ཐོག་དྲི་མེད་ཞིང་སྐྱོང་། ཉི་སྤྲུལ་པདྨ་ཐེག་མཆོག་སོགས་སྐྱབས་དང་མགོན་དུ་བཟུང་ནས་སྐབས་སུ་བབས་པའི་དབང་སྡོམ་དམ་ཚིག་སོགས་ཆོས་ཀྱི་སྐལ་བ་བཟང་པོ་བདག་གིར་བཞེས། རྗེ་བཙུན་དབྱངས་ཅན་སྒྲོལ་མས་གོང་སྨྲོས་ཀྱི་བླ་མ་རྣམས་དང་། གདན་རབས་སོ་དགུ་པ་ངག་དབང་ཆོས་སྐྱོང་བཟང་པོ། ཞལ་དཀར་རྗེ། ངག་དབང་ཤེས་རབ། སི་ཏུ་དབོན་པོ་དང་བཅས་པ་སོགས་རིས་སུ་མ་ཆད་པའི་བླ་མ་མང་པོ་བསྟེན་ཏེ་རབ་ཏུ་བྱུང་བའི་ས་རུ་བདེ་བར་བཞུགས། བློ་གྲོས་རྒྱ་མཚོའི་སྲས་ས་དབང་བདེ་དགའ་བཟང་པོས་ས་སྐྱ་པ་དབང་སྡུད་སྙིང་པོ། ཤར་ཆེན་མི་འགྱུར་རྒྱལ་མཚན། ཐར་རྩེ་ནམ་མཁའ་འཆི་མེད། ཡར་ཀླུང་སྤྲུལ་སྐུ། ཀཿ ཐོག་ཞིང་སྐྱོང་།སི་ཏུ་པདྨ་ཉིན་བྱེད་དབང་པོ་སོགས་ལས་དབང་དང་གདམས་པ་རྒྱ་ཆེར་མནོས། བདེ་དགའ་བཟང་པོའི་སྲས་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས་ཐར་རྩེ་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་མགོན་དབང་སྡུད་སྙིང་པོ། ཡར་ཀླུང་པ་ནམ་མཁའ་ལེགས་པ། གྲུབ་ཆེན་ངག་དབང་རིན་ཆེན་སོགས་བླ་མར་བསྟེན་ཏེ་ཚུལ་མཐུན་གྱི་སོར་བྱང་སྔགས་གསུམ་གྱི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པའི་ཆོས་སྐོར་ཚུལ་བཞིན་ནོད། འཆི་མེད་རྟག་པའི་རྡོ་རྗེས་ཐར་རྩེ་བྱམས་པ་ནམ་མཁའ་འཆི་མེད། ཐར་རྩེ་བྱམས་པ་ཀུན་དགའ་བསྟན་འཛིན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇམ་མགོན་བློ་གྲོས་མཐའ་ཡས། གཏེར་ཆེན་མཆོག་གྱུར་གླིང་པ། དཔལ་ཀཿགཉིས་ཀྱི་སི་ཏུ་སྤྲུལ་སྐུ་གོང་འོག །རྫོགས་ཆེན་སྐུ་ཕྲེང་གོང་འོག །འཇམ་དབྱངས་བློ་གཏེར་དབང་པོ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་རྣམས་བླ་མར་བསྟེན་ཏེ་མཁས་པའི་གོ་སར་གཤེགས། གཞན་ཡང་དགོན་འདི་ཉིད་ཀྱི་ཤར་བླ་མ་དང་པོ་གྲུབ་དབང་སངས་རྒྱས་རྒྱ་མཚོ་དང་། ནུབ་བླ་མ་དང་པོ་ཞུ་ཆེན་བཀྲ་ཤིས་དབང་ཕྱུག་སོགས་ནས་བཟུང་། གཞན་ཡང་ས་ངོར་གྱི་མཁན་ཁྲི་རིམ་བྱོན་གྱི་ཚབ་ཏུ་བསྐོས་པའི་རྒྱལ་མཚན་བླ་མ། དབྱར་གནས་མཁན་པོ་རིམ་བྱོན་ལ་སོགས་པ་མཁས་གྲུབ་ཀྱི་དཔལ་གྱིས་བརྒྱན་པ་དག་ཀྱང་སྡེ་དགེའི་རྒྱལ་པོ་ཡུམ་སྲས་བློན་འཁོར་དང་བཅས་པས་རྒྱུན་པར་བསྟེན་ཡུལ་གྱི་བླ་མར་གྱུར་ཡོད། དེ་ལྟར་རགས་ཙམ་གྱི་དབང་དུ་ན། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་རིམ་བྱོན་མཆེད་དབོན་དང་བཅས་པ་རྣམས་ཀྱིས་ཆོས་རྒྱུད་གྲུབ་མཐའ་ཁག་གི་མཁན་སྤྲུལ་བླ་མ་བསྟེན་པ་རྣམས་ཆེ་ལོང་ཞིག་སྡེ་དགེའི་རྒྱལ་རབས་དགེ་ལེགས་ནོར་བུའི་ཕྲེང་བ་སོགས་ལས་བྱུང་བ་ལྟར་བཀོད་པ་ལགས་སོ། །
༧ ལྷུན་འགྲུབ་སྟེང་གི་དགོན་པ་འདི་ཆོས་རྒྱལ་རྒྱལ་རབས་ཀྱི་གདན་ས་གཙོ་བོར་གྱུར་པའི་ཚུལ།
དེ་ཡང་ཆོས་རྒྱལ་སྡེ་དགེའི་རྒྱལ་པོ་ལ་དགོན་པའི་དབང་དུ་བྱས་ན། རྩ་བའི་གདན་ས་ལྷུན་འགྲུབ་སྟེང་གིས་གཙོས་པའི་ས་དགོན་བཞི་བཅུ་ཞེ་ལྔ། ཀཿ དཔལ་ཞེ་རྫོགས་ཀྱི་དབུ་བླ་ཁག་བཞིས་གཙོས་པའི་རྙིང་མའི་དགོན་ཁག་དྲུག་ཅུ་རེ་བརྒྱད། དབུ་བླ་དཔལ་སྤུངས་དགོན་པས་གཙོས་པའི་བཀའ་བརྒྱུད་ཀྱི་དགོན་པ་ཉེར་བརྒྱད། དགོན་སར་དགོན་སོགས་དགེ་ལུགས་པའི་དགོན་ཁག་བཅུ་དྲུག །སྟེང་ཆེན་དགོན་སོགས་བོན་དགོན་བཅོ་ལྔ་སོགས་དགོན་ཁག་ཤིན་ཏུ་མང་བར་བཞུགས། དེ་ལས་ཆོས་རྒྱལ་རིམ་བྱོན་རྣམས་ཀྱི་རྩ་བའི་གདན་ས་ལྷུན་འགྲུབ་སྟེང་གི་དགོན་པ་སྟེ།འགྲོ་མགོན་ཆོས་རྒྱལ་འཕགས་པས་མ་འོངས་མངོན་གཟིགས་ཀྱིས་མིང་གིས་བརྒྱན་པ། སྡེ་དགེ་རྒྱལ་པོའི་རྒྱལ་རབས་དང་པོ་རང་གིས་དགོན་ས་འདེབས་པོའི་བླ་མ་གདན་འདྲེན་ཞུས་པ་སོགས་ཀྱི་མཐུན་རྐྱེན་དངོས་སུ་སྦྱར་བ། གྲུབ་ཆེན་ཐང་སྟོང་པས་ཆེད་དུ་ངོར་པའི་བསྟན་སྐྱོང་གི་དགོན་པ་གཉེར་ཏེ་ཕྱག་བཏབ་པ། གདུང་རབས་རིམ་བྱོན་རྣམས་ཀྱིས་ཁྱད་པར་དུ་ས་ངོར་གྱི་མཁན་ཁྲི་རིམ་བྱོན་དབུ་བླར་བསྟེན་ཏེ་ཆེད་དུ་གདན་འདྲེན་ཞུ་བའི་གནས་ཁྱད་པར་ཅན་ཏེ། དེ་ནི་རྒྱལ་རབས་ཡབ་སྲས་བརྒྱུད་པ་དང་བཅས་པས་མ་དགོན་དུ་བྱས་པའི་ཐོག །གཙང་ཕྱོགས་ཀྱི་ས་ངོར་རྣམ་པའི་བླ་ཆེན་དབུ་བླར་བཟུང་བ་དང་། སྡེ་དགེའི་རང་ས་ནས་དབུ་བླ་ཁག་ལྔ་ཞེས། ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་། རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་འཁོར་གླིང་། ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་། ཀཿ ཐོག་མི་འགྱུར་རྡོ་རྗེ་གདན། དཔལ་ཡུལ་བྱང་ཆུབ་རྣམ་རྒྱལ་ཆོས་གླིང་སྟེ་དགོན་ཆེན་ལྔ་ཡི་མཁན་སྤྲུལ་བླ་ཆེན་རྣམ་པ་ཡང་དབུ་བླར་བསྟེན་པ་སྟེ། ཡོངས་གྲགས་ཀྱི་དབུ་བླ་ཁག་ལྔའོ། །དེ་བཞིན་དུ་མདུན་སྐོར་སུམ་ཅུའི་ཁྱིམ་རྒྱུད་གང་ནས་ཡིན་ཀྱང་རུང་། དེ་ཚོའི་གྲྭ་ཁང་རེ་དགོན་འདི་རུ་ཡོད་དགོས་པ་ནི་གཏན་འཇགས་དང་། གཞན་ཡང་ཆོས་རྒྱལ་ཆེན་པོའི་མངའ་འོག་གང་ནས་ཀྱང་དགོན་འདི་རུ་གྲྭ་པ་བྱེད་འདོད་ན་ས་གནས་དེའི་དགོན་པས་འདོད་མོས་ལ་བར་ཆད་བྱེད་མི་ཆོག་པ་སོགས་གདན་ས་ལྷུན་འགྲུབ་སྟེང་ནི་རྒྱལ་པོའི་རང་ཁྱིམ་གཉིས་པ་ཉིད་ཡིན་པར་གྲུབ་ཡོད། གཞན་ཡང་སྒྲུབ་པ་དུས་མཆོད་དང་། འཆམ་དང་ཟློས་གར་གྱི་སྐབས། ཆོས་རྒྱལ་ཆེན་པོ་སྐུ་དངོས་དབུར་བཞུགས་ཕེབས་པ་སོགས་ཀྱི་རྣམ་གཞག་རྣམས་སྔོན་བྱུང་ལོ་རྒྱུས་ཡིག་ཆ་ལ་བལྟས་ཀྱང་གསལ་ཐུབ། ཅེས་པ་ཙམ་གྱིས་སྐབས་སུ་བབས་པའི་གཏམ་གྱི་མཇུག་བསྡུ་བར་བྱ།དེ་ལས་གཞན་གནས་མཆོག་སྡེ་དགེའི་ཡུལ་ཁམས་འདི་རུ་དམིགས་བསལ་གྱི་མཁས་པ་ཆེན་པོ་བྱོན་པའི་ཚུལ་གྱི་ལོ་རྒྱུས་ནི་མཁས་པ་གཞན་དག་གིས་བྲིས་པའི་ལོ་རྒྱུས་ཡིག་ཆ་མང་པོ་འདུག་པ་དག་ལས་གསལ་བ་ལྟར་གཟིགས་པར་ཞུ།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།