སྒྲུང་པ་དིས་ཆུང་དཔལ་ཆེན་།
༈ སྒྲུང་པ་དིས་ཆུང་དཔལ་ཆེན་དང་ཁོང་གི་གཅེན་པོ་བློ་ཆོས།
སྒྲུང་པ་དིས་ཆུང་དཔལ་ཆེན་ལགས།
རྩོམ་པ་པོས་མཁོ་འདོན་གནང་།
【ནང་དོན་གནད་བསྡུས།】
སྒྲུང་པ་དིས་ཆུང་དཔལ་ཆེན་གྱིས་སྒྲུང་ཇི་ལྟར་སྦྱངས་པའི་བརྒྱུད་རིམ་དང་། ཟི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་གདན་ཞུས་ལྟར་ཧོར་གླིང་གཡུལ་འགྱེད་དང་། རྟ་རྒྱུག་ནོར་བུ་ཆ་བདུན་སོགས་སྒྲ་ཕབ་བྱས་པ། དེ་བཞིན་ཁོང་གིས་གསུངས་པའི་སྒྲུང་གི་ཁྱད་ཆོས་སོགས་རགས་ཙམ་གླེང་བའོ།
【བརྡ་ཆད་གཙོ་བོ།】དིས་ཆུང་དཔལ་ཆེན། སྒྲུང་། ཁྱད་ཆོས།
དེ་ཡང་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་སྙན་ངག་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་རིགས་ཀྱིས་མིའི་རིགས་ལ་ཕུལ་བའི་རིག་གནས་ཤུལ་བཞག་རིན་ཐང་བྲལ་ཞིང་། མིའི་རིགས་ཀྱི་རིག་གནས་བང་མཛོད་ཁྲོད་ཀྱི་གཅེས་ནོར་ཞིག་ཡིན། དེ་ཡང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་བོད་གངས་ཅན་གྱི་ལྗོངས་སུ་གླིང་རྗེའི་རྟོགས་བརྗོད་འདི་བཞིན་རྒྱུན་འཛིན་དར་སྤེལ་བྱུང་བ་འདི་ནི། སྒྲུང་པ་ཁྲི་སྟོང་མང་པོའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཇི་སྐད་དུ་རྒན་འཇམ་དཔལ་རྒྱ་མཚོས། སྒྲུང་མཁན་ནི་གླིང་སྒྲུང་གསར་རྩོམ་བྱེད་མཁན་དང་། རྒྱུན་འཛིན་བྱེད་མཁན། དར་སྤེལ་གཏོང་མཁན་བཅས་ཡིན་ཞིང་། མི་དམངས་ཀྱི་སྒྱུ་རྩལ་པ་དངོས་འབྲེལ་ཞིག་དང་། ཆེས་ཕུལ་དུ་བྱུང་ཞིང་ཧ་ཅང་དགའ་པོ་བྱེད་པའི་མི་དམངས་ཀྱི་སྙན་ངག་པ་རེད་ཅེས་གསུངས་པ་ལྟར་ལགས།
ཚང་མས་མཁྱེན་གསལ་བཞིན། གླིང་སྒྲུང་གི་སྒྲུང་པའི་ཁྲོད་འདོན་སྒྲུང་དང་། བསླབ་སྒྲུང་། ཐོས་སྒྲུང་། བརྒྱུད་སྒྲུང་། གཏེར་སྒྲུང་། པྲ་སྒྲུང་། རྟོགས་པ་ཉམས་ཤར་གྱི་སྒྲུང་། བབ་སྒྲུང་སོགས་སུ་དབྱེ་ཡོད། དེ་དག་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་གི་ཁྱད་ཆོས་དམིགས་བསལ་ཅན་དུ་གྱུར་ཅིང་། གླིང་སྒྲུང་ཞིབ་འཇུག་གི་ཆེས་ཡ་མཚན་ཆེ་བ་དང་། ཆེས་རྟོགས་པར་དཀའ་བའི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན་སྒྲུང་པ་རིགས་མི་འདྲ་བ་དག་གི་ལོ་རྒྱུས་དང་། ཁྱད་ཆོས། གླིང་སྒྲུང་བཤད་པའི་བརྒྱུད་རིམ་སོགས་རྒྱུ་རྐྱེན་གཞི་བྱས་ཏེ་སྒྲུང་པར་གྱུར་པའི་ཚུལ་ལ་ཞིབ་འཇུག་བྱེད་པ་དང་དེ་དག་འོས་སྦྱོར་ངོ་སྤྲོད་བྱེད་རྒྱུ་ནི་གླིང་སྒྲུང་ཞིབ་འཇུག་གནང་མཁན་ཚོའི་འདོར་དུ་མེད་པའི་ནང་དོན་འགངས་ཆེན་ཞིག་ཏུ་གྱུར་ཡོད། དེ་ཡང་འདིར་སྡེ་དགེའི་སྒྲུང་པ་དིས་ཆུང་དཔལ་ཆེན་གྱི་སྐོར་ངོ་སྤྲོད་མདོར་བསྡུས་ཙམ་ཞུ་རྒྱུ་ཡིན།
དང་པོ། ཐོག་མར་སྒྲུང་ཇི་ལྟར་སྦྱངས་པའི་སྐོར།
སྒྲུང་པ་དཔལ་ཆེན་ནི་སྤྱི་ལོ་༡༩༣༡ལོར་སྡེ་དགེ་ལྕང་ར་ཤང་ཁ་སྟེང་གྲོང་ཚོའི་དིས་ཆུང་ཞེས་པའི་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་ཐོག་ཞང་པོ་ཚེ་དབང་རབ་བརྟན་གྱི་མདུན་ནས་བོད་ཡིག་སློབ་འགོ་བརྩམས། གཅེན་པོ་དིས་ཆུང་བློ་ཆོས་ཀྱི་མདུན་ནས་གླིང་སྒྲུང་འཆད་ཉན་མཛད། སྒྲུང་པ་དཔལ་ཆེན་གྱི་ཁྱིམ་རྒྱུད་དུ་བླ་མ་དང་མཁན་ཆེན་མང་པོ་འཁྲུངས་པས་གླིང་སྒྲུང་ལ་དོ་སྣང་ཆེན་པོ་གནང་མཁན་ཤ་སྟག་ཡིན། དེའི་སྐབས་སུ་སྒྲུང་པ་དཔལ་ཆེན་གྱི་ཁྱིམ་དུ་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་ཧོར་ཕར་འདུལ་བསམ་པའི་དོན་གྲུབ་ཞེས་པའི་དཔེ་ཆ་བྲིས་མ་པོད་ཆེན་པོ་ཞིག་ཡོད་པ་དེ་ཁོང་གི་ཐོག་མའི་བོད་ཡིག་ཀློག་འདོན་སྦྱོང་དེབ་ཏུ་བྱས། དེ་རྗེས་བེ་རུ་ལུག་རྫོང་དང་། ཁ་ཆེ་གཡུ་རྫོང་སོགས་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་བྲིས་མ་དང་། དཔལ་སྤུངས་དགོན་པའི་ནང་ཡོད་པའི་སྟག་གཟིག་ནོར་རྫོང་པར་མ། ཁྱིམ་མཚེས་དིས་མགོ་ཚང་ལ་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་ཁ་ཆེ་གཡུ་རྫོང་བྲིས་མ་ཞིག་ཡོད་པ་བཅས་ཀློག་འདོན་གྱི་ལེགས་པར་བྱས། སྒྲུང་པ་དཔལ་ཆེན་གྱིས། གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་བོད་ཡིག་ཀློག་འདོན་སྦྱོང་དེབ་བྱེད་པའི་རྒྱུ་མཚན་ནི། ཞང་པོ་ཚེ་དབང་རབ་བརྟན་གྱི་ཐུགས་དགོངས་ལྟར་བྱས། ཁོང་གིས་གླིང་གེ་སར་རྒྱལ་པོའི་སྒྲུང་དུ་འཇིག་རྟེན་མི་ཡི་འགྲོ་ལུགས་དང་། གཏམ་སྐད་ཆ་བཤད་སྟངས། ཆོས་ཀྱི་ནང་དོན་སོགས་ཆོས་འཇིག་གཉིས་ཀའི་དོན་བསྟན་ཡོད་པས། གླིང་སྒྲུང་ཀློག་ན་རིག་གནས་ཆུ་ཚད་འཕེལ་བར་མ་ཟད་ཆོས་འཇིག་རྟེན་གཉིས་ཀྱི་གནས་ལུགས་མང་པོ་རྟོགས་ཐུབ་པར་ཕན་ཞེས་གསུངས་ཡོད་པ་རེད།
སྒྲུང་པ་དཔལ་ཆེན་གྱིས་ཐོག་མར་གཅེན་པོ་དིས་ཆུང་བློ་ཆོས་ཀྱི་མདུན་ནས་གླིང་སྒྲུང་སྦྱངས་པ་ཞིག་ཡིན། ཁོང་གི་གཅེན་པོ་དིས་ཆུང་བློ་ཆོས་ནི་སྡེ་དགེའི་ཁུལ་གྱི་སྐད་གྲགས་ཆེ་བའི་སྒྲུང་པ་དང་བོད་ཀྱི་རིག་གནས་ལ་མཁས་པ་ཞིག་ཡིན་ཞིང་། ཟི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོའི་ཕྱག་ལས་མཛད་མྱོང་ཡོད་ལ་བོད་ཀྱི་སློབ་མ་གསོ་སྐྱོང་བྱེད་པའི་ཐད་མཛད་རྗེས་ཆེན་མོ་འཇོག་གནང་བའི་སྐྱེ་མཆོག་དམ་པ་ཞིག་ཡིན། ཁོང་ནི་དཔལ་སྤུངས་སི་ཏུ་པད་མ་དབང་མཆོག་རྒྱལ་པོའི་དྲུང་ཡིག་ཡིན་པས་དྲུང་ཡིག་བློ་ཆོས་ཀྱང་ཟེར།
དཔལ་སྤུངས་སི་ཏུ་པད་མ་དབང་མཆོག་རྒྱལ་པོ་ནི་མདོ་སྨད་ལི་ཐང་ཉག་རོང་ཚང་དུ་སྐུ་བལྟམས། རྒྱལ་དབང་ཀརྨ་པ་བཅོ་ལྔ་པས་ངོས་བཟུང་ཞིང་དཔལ་སྤུངས་ཆོས་འཁོར་གླིང་དུ་གདན་དྲངས་ནས་སེང་ཁྲིར་མངའ་གསོལ། མཁན་པོ་བཀྲ་ཤིས་འོད་ཟེར་མདུན་རབ་བྱུང་བསྙེན་རྫོགས་གནང་།
འོ་ན་སྒྲུང་པ་དཔལ་ཆེན་གྱི་གཅེན་པོ་བློ་ཆོས་ཀྱིས་ཐོག་མར་སྒྲུང་ཇི་ལྟར་བསླབས་པའི་སྐོར་ཞུས་ན། སྒྲུང་པ་དིས་ཆུང་དཔལ་ཆེན་གྱིས་ང་ལ་ལོ་རྒྱུས་འདི་འདྲ་ཞིག་ངོ་སྤྲོད་གནང་བྱུང་། དཔལ་སྤུངས་སི་ཏུ་པད་མ་དབང་མཆོག་རྒྱལ་པོ་ཞུ་བ་དེ་གླིང་སྒྲུང་ལ་ཐུགས་བརྩེ་ཆེ་ཞིང་། གླིང་སྒྲུང་གསན་རྒྱུར་ཐུགས་ཤིན་ཏུ་མཉེས་པ་ཞིག་ཡིན། ཐེངས་གཅིག་དཔལ་སྤུངས་སི་ཏུ་པད་མ་དབང་མཆོག་རྒྱལ་པོ་ལྷ་ལྡན་དུ་ཞབས་སོར་འཁོད་སྐབས། མཚོ་སྔོན་ཡུལ་ཤུལ་རྫ་སྟོད་རུ་བ་སྟོད་བཀའ་རྒྱུད་ཨམ་ཚང་དགོན་པའི་རུ་བ་བག་ཡོད་སྤྲུལ་སྐུ་ཞེས་པའི་བབ་སྒྲུང་སྐད་གྲགས་ཅན་ཞིག་ཡོད་པ་དེ་ཡང་ལྷ་སར་ཕེབས་ཡོད། རུ་བ་བག་ཡོད་སྤྲུལ་སྐུ་ཞུ་བ་དེ་གླིང་སྒྲུང་ལ་ཤིན་ཏུ་མཁས་ཤིང་། སྒྲུང་སྣེ་རིགས་མང་པོ་རང་བཞིན་གྱིས་མཁྱེན་པ་དང་གསུངས་སྐད་སྙན་པོ་ཡོད་པ་ཞིག་ཡིན་ཚོད་འདུག བཤད་རྒྱུན་དུ། ཁོང་ཚེ་སྔོན་མར་སྦལ་པ་ཞིག་གི་སྐྱེ་བ་བཞེས་ནས་ཡོད་དུས། གླིང་གེ་སར་རྒྱལ་པོ་ཡར་ཁམས་བྱང་དུ་ཕེབས་སྐབས་ལྷ་རྟ་རྐྱང་བུས་རྡོག་རྫིས་ཐེབས། གེ་སར་རྒྱལ་པོས་ཁྱོད་མ་འོངས་པར་ངའི་རྣམ་ཐར་འཆད་མཁན་ཞིག་ཡོང་བ་ཤོག་ཅེས་སྨོན་ལམ་བསྐྱོན་པ་དང་སྦྲགས་ལྕགས་ཚན་སྦ་ལྕགས་བསམ་པའི་དོན་གྲུབ་བཞུས་ནས་ལམ་ལྟག་དུ་འཕངས། རྗེས་སུ་རུ་བ་བག་ཡོད་སྤྲུལ་སྐུའི་སྐུ་རྒྱབ་ལ་ལྷ་རྟ་རྐྱང་བུའི་རྨིག་རྗེས་ཡང་མཇལ་རྒྱུ་ཡོད་ཚུལ་འདུག ཁོང་གིས་དབྱར་དུས་ཚ་བ་ཆེ་བའི་སྐབས་སུའང་པགས་རྩགས་ཤིག་བསྣམས་ནས་གླུ་ཨ་ལ་ཐ་ལ་ཞེས་གསུངས་ནས་བཞུགས་པ་དང་། སྐབས་རེར་གསོལ་ཆས་ཀྱང་མི་བཞེས་པར་ཉིན་མཚན་བལྟོས་མེད་གླིང་སྒྲུང་ཁོ་ན་གསུངས་ནས་བཞུགས་ཀྱི་ཡོད་སྐད།
དེ་ནས་དཔལ་སྤུངས་སི་ཏུ་པད་མ་དབང་མཆོག་རྒྱལ་པོས་རུ་བ་བག་ཡོད་སྤྲུལ་སྐུ་ལྷ་ལྡན་དུ་ཕེབས་བཞུགས་ཡོད་ཚུལ་མཁྱེན་རྗེས། ཉིན་བཅུ་ལྷག་ལྷ་སར་བཞུགས་ནས། ཁོང་གི་དྲུང་ཡིག་དིས་ཆུང་བློ་ཆོས་དང་པད་དགའ་རྣམ་དག་གཉིས་ལ་ཉིན་མཚན་མེད་པར་སྤྲུལ་སྐུ་བག་ཡོད་ཀྱི་སྐུ་འདུན་དུ་སྒྲུང་སློབ་པར་བཏང་བ་དང་སྦྲགས། སྒྲུང་དེ་ཚོ་ཤེས་ངོ་མ་གྱིས་ཤོག དཔལ་སྤུངས་ལ་སླེབས་དུས་སྒྲུང་དེ་དག་ཤེས་ཐུབ་མེད་ན་ཉེས་ཆད་ཡོད་ཅེས་བཀའ་བསྒོ་མཛད། དེ་ནས་དྲུང་ཡིག་བློས་ཆོས་དང་པད་དགའ་གཉིས་ཀྱིས་བག་ཡོད་སྤྲུལ་སྐུའི་སྐུ་མདུན་ནས་སྒྲུང་སྣེ་རིགས་དྲུག་བཅུ་ལྷག་ཙམ་སྦྱངས།
སྒྲུང་པ་དཔལ་ཆེན་ལོ་བཅོ་ལྔ་ཙམ་གྱི་སྐབས་ནས་གཅེན་པོ་བློ་ཆོས་དང་ལྷན་དུ་སི་ཏུ་པད་མ་དབང་མཆོག་གི་སྐུ་མདུན་དུ་གླིང་སྒྲུང་འདོན་སར་ཐེངས་མང་པོ་སོང་མྱོང་། དེ་ཡང་ལོ་སར་ཞིག་གི་སྐབས། གཅེན་པོ་བློ་ཆོས་ཀྱིས་དེ་རིང་སི་ཏུ་རིན་པོ་ཆེའི་སྐུ་འདུན་ལ་སྒྲུང་འདོན་པར་འགྲོ་དགོས་ཞེས་གསུངས། སྒྲུང་པ་དཔལ་ཆེན་སྐྲག་སྣང་སྐྱེས་པ་དང་སྦྲགས། ང་འགྲོ་མི་ཕོད་ཅེས་བཤད། གཅེན་པོ་བློ་ཆོས་ཀྱིས་སྐྲག་མི་དགོས། ངེད་གཉིས་མཉམ་དུ་ཕྱིན་ནས། སྒྲུང་མཉམ་བཀུག་བྱེད་ཆོག་ཅེས་གསུངས། དེ་ནས་སི་ཏུ་རིན་པོ་ཆེའི་སྐུ་མདུན་དུ་བཅར་བ་དང་། དིས་ཆུང་གཅེན་གཅུང་གཉིས་ཀྱིས་གླིང་སྒྲུང་ཧོར་ཕར་འདུལ་བསམ་པའི་དོན་གྲུབ་བཏོན་པས། སི་ཏུ་རིན་པོ་ཆེ་ཐུགས་མཉེས་པོ་བྱུང་། དེ་ནི་སྒྲུང་པ་དཔལ་ཆེན་གྱིས་སི་ཏུའི་རིན་པོ་ཆེའི་སྐུ་མདུན་སྒྲུང་ཐེངས་དང་པོ་འདོན་པ་རེད། སི་ཏུ་རིན་པོ་ཆེའི་སྐུ་མདུན་དུ་སྒྲུང་ཡིག་འདོན་དུས། སྒྲུང་གླུ་འདྲ་མིན་ལེན་དགོས་ཀྱི་ཡོད། གལ་སྲིད་སྒྲུང་གླུ་བསྐྱར་ཟློས་བྱུང་ན། ཁོ་རེ་ཁྱོད་ཀྱིས་གླུ་བརྒྱ་ངག་གཅིག་ཨེ་ཡིན་གསུངས་ནས་བཀའ་བསྐྱོན་མཛད་ངེས་ཡིན།
སྒྲུང་པ་དཔལ་ཆེན་ལོ་ན་ཆུང་དུས་སུ་ད་དུང་སྡེ་དགེ་ལྷ་སྲས་ཚེ་དབང་བདུད་འདུལ་དང་། བྱ་རྒོད་རྣམ་རྒྱལ་རྡོ་རྗེ། འདན་ཁོག་དིས་མགོ་ཚང་དང་། སྡེ་དགེ་ཚང་གི་མདུན་སྐོར་དཔའ་འོག་ཇ་ར་ཚང་དང་ལུག་ར་ཚང་བཅས་ཀྱི་ཁྱིམ་དུ་སྒྲུང་འདོན་སར་ཐེངས་མང་སོང་མྱོང་ཞིང་། ཁོང་གི་མིང་གྲགས་ཀྱང་རིམ་བཞིན་ཇེ་ཆེར་སོང་། ཁོང་གིས་གསུངས་དོན། སྡེ་དགེ་རྒྱལ་པོའི་མདུན་སྐོར་བྱ་རྒོད་རྣམ་རྒྱལ་རྒྱ་མཚོ་ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་དགའ་ཞེན་ཆེ་བ་དང་། སྒྲུང་ཡིག་ཀློག་རྒྱུར་ཧ་ཅང་དགའ་པོ་ཡོད་པར་མ་ཟད་ཡིག་རྐང་དཔེ་མི་སྲིད་པ་ཡག་པོ་ཡོད། ཁོང་གིས་སྒྲུང་ཡིག་ཐག་རིང་པོར་བཞག་ནས་སྒྲུང་གླུ་ལེན་གྱི་ཡོད། ཉིན་གཅིག་དཔལ་ཆེན་ལ། ཁྱོད་ཀྱིས་སྒྲུང་འདོན་ཨེ་ཤེས་གསུངས། སྒྲུང་འདོན་ཤེས། ཡིན་ན་ཡང་ཡག་པོ་འདོན་མི་ཤེས་ཞུས། དེ་ནས་སྒྲུང་པ་དཔལ་ཆེན་ལ་སྒྲུང་འདོན་དུ་བཅུག་ཡོད་པ་རེད། སྒྲུང་གླུ་སྣེ་གཅིག་བླངས་པས་ཡག་པོ་འདུག་གསུངས། དེ་ནས་ཁོ་རང་གིས་ཀྱང་སྒྲུང་གླུ་གཅིག་བཀུག་ནས། འདི་གཡུ་ལྷའི་ཁུ་བྱུག་དྲུག་འགྱུར་རེད་གསུངས། སྒྲུང་གླུ་དེ་དཔེ་མི་སྲིད་པ་སྙན་པོ་ཡོད་པའི་སྣང་བ་བྱུང་བས། ཡང་བསྐྱར་ཐེངས་གཅིག་ལེན་རོགས་ཞུས། དེ་ནས་ཐེངས་གཉིས་གསུམ་འཚམས་སྒྲུང་པ་དཔལ་ཆེན་གྱིས་སྒྲུང་གླུ་དེ་ཤེས། སྐབས་དེ་དུས་སྒྲུང་པ་དཔལ་ཆེན་ལ་བྱ་ཁུ་བྱུག་གྲགས་པ་བཞིན་གྱི་ངག་གི་འགྱུར་ཁུག་བདེ་མོ་ཡོད་སྟབས་སྒྲུང་སྣ་ཚོགས་ཐོས་པ་ཙམ་གྱིས་ཤེས་ཀྱི་ཡོད་པ་རེད། དེ་ནས་སྤྱི་ལོ་༡༩༥༠ལོར་ཁམས་ཁུལ་དུ་དམངས་གཙོ་བཅོས་སྒྱུར་བྱས་པ་དང་། རིག་གནས་གསར་བརྗེ་ཆེན་པོའི་ནང་སྒྲུང་པ་དཔལ་ཆེན་ཡང་རྨོངས་དད་དྲིལ་བསྒྲགས་བྱེད་མཁན་གྱི་ཁོངས་སུ་བརྩིས་ནས་གླིང་སྒྲུང་འདོན་རྒྱུ་ལྟ་ཞོག་མི་ལུས་རང་དབང་མེད་པའི་གནས་སུ་གྱུར་པ་དང་། བགྲང་བྱ་བཅུ་གསུམ་ཙམ་རུ་ཁག་གི་མཛོ་རྫི་བྱས་ནས་དུས་འདའ་བར་བྱས་ཡོད།
གཉིས་པ། གླིང་རྗེའི་རྣམ་ཐར་བཤད་པའི་དུས་བཟང་བསྐྱར་དུ་ཤར་བ།
དུས་ཕྱིས་སུ་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་། ལྷག་པར་བོད་ཀྱི་ཕུལ་བྱུང་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་དུས་བཟང་ཅུང་ཤར་བ་ནས། བོད་རིགས་མི་དམངས་ཀྱིས་དགའ་ཞེན་ཆེན་པོ་བྱེད་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལ་ཡང་བསྐྱར་དར་གྱི་ལོ་འདབས་ཡོངས་སུ་རྒྱས་པ་དང་། གླིང་རྗེའི་རྟོགས་བརྗོད་ཀྱི་སྒྲུང་པ་རྣམས་ཀྱང་ཆར་རྗེས་མྱུ་གུ་བཞིན་དུ་འབུས་ཡོད་པ་རེད། སྒྲུང་མཁན་དཔལ་ཆེན་ལའང་སྒྲུང་པ་གཞན་དང་འདྲ་བར་གླིང་སྒྲུང་བཤད་པའི་གོ་སྐབས་བསྐྱར་དུ་ཤར། ༡༩༨༠ལོར། སྡེ་དགེའི་སྒྲུང་པ་དིས་ཆུང་དཔལ་ཆེན་དང་། སྒྲོལ་མ་ལྷ་མཚོ། ཨ་ཉིད་བཅས་གསུམ་ཟི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཚན་གྱི་འགོ་འཛིན་ཝང་ཁང་རུང་གིས་ཁྲེང་ཏུའུ་ལ་གདན་འདྲེན་ཞུས་ནས། གླིང་སྒྲུང་སྒྲ་བཅུག་བྱས། དུས་ཡུན་ཟླ་བ་དྲུག་ཙམ་འགོར། སྒྲུང་པ་དཔལ་ཆེན་གྱིས་སྨྲས་པ། སྐབས་དེར་སྒྲུང་པ་གསུམ་གྱིས་གླིང་གེ་སར་རྒྱལ་པོའི་སྒྲུང་རྟ་རྒྱུག་དང་། ཧོར་གླིང་གཡུལ་འགྱེད་སྟོད་སྨད་གཉིས་བཅས་སྒྲ་ཕབ་བྱས་པ་དང་། ལྷག་པར་དུ་རྟ་རྒྱུག་གི་ནང་སྒྲུང་གླུ་མང་པོ་བཀུག་་ཡོད་པ་དང་། དམིགས་སུ་བཀར་ནས་ཕུ་ནུ་རྣམས་ཀྱི་སྒྲུང་གླུ་ངོ་སྤྲོད་སྒྲ་ཕབ་བྱས་ཡོད། དེ་ཟི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ཉར་ཚགས་བྱས་ཡོད། སྐབས་དེར་དིས་ཆུང་དཔལ་ཆེན་སོགས་ཀྱིས་བཤད་པའི་གླིང་སྒྲུང་ཟི་ཁྲོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ནས་རླུང་འཕྲིན་གྱིས་གཏོང་སྐབས། བོད་རིགས་ས་ཁུལ་དང་ཁྱད་པར་དུ་ཁམས་ཁུལ་དུ་ཤུགས་རྐྱེན་ཆེན་པོ་བྱུང་བ་དང་། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ། དིས་ཆུང་དཔལ་ཆེན་གྱི་མིང་གྲགས་གངས་ལྗོངས་ས་གཞི་གང་སར་ཁྱབ་པར་གྱུར།
༡༩༨༤ལོར། ལྷ་སར་འཚོགས་པའི་གེ་སར་སྒྲུང་པའི་འཁྲབ་སྟོན་ཚོགས་འདུ་ཐེངས་དང་པོའི་ཐོག སྒྲུང་པ་དཔལ་ཆེན་དང་། སྒྲོལ་མ་ལྷ་མཚོ། ཨ་ཉིད་བཅས་ཟི་ཁྲོན་ཁོངས་ཀྱི་སྒྲུང་པའི་ངོས་ནས་གདན་འདྲེན་ཞུས་པ་དང་། སྒྲུང་པ་དཔལ་ཆེན་གྱིས་ཟི་ཁྲོན་ཞིང་ཆེན་གྱི་སྒྲུང་པའི་ཚབ་ཞུས་ནས། གླིང་སྒྲུང་འཁྲབ་སྟོན་གནང་བར་མ་ཟད་ གླིང་གེ་སར་རྒྱལ་པོའི་འཁྲུངས་རབས་དང་། གླིང་རྗེ་འཁྲུངས་ཡུལ་སྐྱིད་སོས་ཡག་གི་ཁ་མདོ་སྡེ་དགེའི་ཨ་ཕྱུག་རྩྭ་ཐང་། དཔའ་རྒྱ་ཚ་འབུམ་པའི་ཞལ་དཀར་གྱི་མཁར་དངུལ་ཆུ་ཁྲོ་རྫོང་སོགས་སྡེ་དགེའི་ཁུལ་དུ་ཡོད་པའི་གླིང་གེ་སར་རྒྱལ་པོའི་སྒྲུང་གི་རིག་དངོས་ཤུལ་བཞག་ངོ་སྤྲོད་གནང་ཡོད་པ་དང་། དམངས་གཙོའི་བཅོས་སྒྱུར་སྐབས་སྡེ་དགེའི་ལྕང་རར་ཡོད་པའི་དགོན་པ་དང་རྒྱ་ཚའི་མཁར་རྫོང་གཏོར་སྐབས་རྒྱ་ཚའི་མདེལ་རྩེ་དང་དངུལ་ཆུ་ཁྲོ་རྫོང་གི་མཁར་ཤུལ་གྱི་གྱང་རྩར་དངུལ་ཆུ་བླུགས་པའི་རྗེས་ཤུལ་ཡོད་པ་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་གནང་ནས་གླིང་སྒྲུང་ཞིབ་འཇུག་ལ་དཔྱད་གཞི་རྩ་ཆེན་མཁོ་འདོན་གནང་བ་རེད།
གཞན་སྒྲུང་པ་དཔལ་ཆེན་གྱིས་སྨྲས་པ། ཁོང་གིས་ད་དུང་ཁ་སྟེང་གྲོང་ཚོའི་དམངས་བཙུགས་སློབ་ཆུང་གི་དགེ་རྒན་ལོ་མང་གནང་། སྐབས་དེར་སློབ་དེབ་དཀོན་པོ་ཡོད་སྟབས། སྒྲུང་པ་དཔལ་ཆེན་གྱིས་རྟ་རྒྱུག་དང་། ལྷ་གླིང་། འཁྲུངས་གླིང་། ཧོར་གླིང་སྟོད་ཆ་དང་སྨད་ཆ་སོགས་སློབ་དེབ་བྱས་ནས། སྔ་རྗེས་ཁྱོན་བསྡོམས་སློབ་མ་སུམ་ཅུ་ལྷག་ལ་གླིང་གེ་སར་རྒྱལ་པོའི་སྒྲུང་བསླབས་ནས་སློབ་མ་ཚོར་བོད་ཡིག་འབྲི་ཀློག་གི་རྨང་གཞི་ཡག་པོ་བཏིངས་པར་མ་ཟད། སློབ་མ་མང་པོ་ཞིག་དེང་དུས་གླིང་སྒྲུང་འདོན་མཁན་ལེགས་གྲས་སུ་གྱུར་ཡོད། དེ་དག་ཁྲོད་དིས་མགོ་ཚང་གི་བུ་མོ་དབྱངས་དགའ་དང་། ཀུན་བཟང་། སྐལ་བཟང་། སྒྲུང་མཁན་དཔལ་་ཆེན་རང་ཉིད་ཀྱི་བུ་ཡར་འཕེལ་དང་། བུ་ཤེ་གཉིས་བཅས་ཡུལ་དེའི་སྒྲུང་འདོན་མཁན་དྲག་གྲས་སུ་གྱུར་པ་དང་། སྒྲ་ཕབ་སྤྱིན་ཤོག་ཡང་བཏོན་ཡོད། སྒྲུང་པ་དཔལ་ཆེན་གྱི་བུ་མོ་གཉིས་ལ་ལོ་བཅོ་ལྔ་ཟིན་པའི་དགེ་འདུན་ཆོས་འཕེལ་ཟེར་བ་དང་། ལོ་ཉི་ཤུ་ཡིན་པའི་ཚུལ་ཁྲིམས་བཟང་པོ་ཟེར་བའི་བུ་གཉིས་ཡོད་པ་རེད། ཁོང་གི་ཤུགས་རྐྱེན་གྱིས་དེ་གཉིས་ཀྱིས་མཚན་མོ་ཆུ་ཚོད་བཅུ་གཅིག་བཅུ་གཉིས་ལའང་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་འདོན་གྱི་ཡོད་པ་དང་། ཕྱུགས་ཟོག་རྫི་བར་འགྲོ་དུས་ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་བཤད་རེས་བྱས་ནས་སྡོད་ཀྱི་ཡོད། དེ་དག་ནི་མ་འོངས་པར་ཁོང་གི་རྒྱུན་འཛིན་པར་འགྱུར་ངེས་ཡིན། སྒྲུང་པ་དཔལ་ཆེན་བཞུགས་ཡུལ་ཁ་སྟེང་གྲོང་ཚོ་ནི་སྡེ་དགེ་རྫོང་ཁོངས་དཔའ་སྤུངས་ཤང་གི་ཁོངས་སུ་གཏོགས་པའི་གྲོང་ཚོ་ཞིག་ཡིན། དུས་ད་རུང་རླངས་འཁོར་ཤར་གཏོང་ཐུབ་མེད་པ་དང་། གློག་མེད་པའི་གྲོང་ཚོ་ཞིག་ཡིན་པ་རེད། ཡིན་ན་ཡང་ས་དེ་གའི་མང་ཚོགས་རྣམས་ཀྱིས་གླིང་གེ་སར་རྒྱལ་པོའི་སྒྲུང་འདོན་རྒྱུར་དགའ་ཞེན་ཆེན་པོ་ཡོད་པ་དང་། གླིང་གེ་སར་རྒྱལ་པོའི་སྒྲུང་བཏོན་ན་ཚེ་འདི་ཕྱི་གཉིས་ཀར་ཕན་ཡོན་ཆེན་པོ་ཡོད་པར་སྙམ་པས། ཁོམ་པ་ཡོད་པ་ན་སྒྲུང་ཡིག་འདོན་པའི་སྲོལ་ཆགས་ཡོད། དེར་བརྟེན་ཁ་སྟེང་གྲོང་ཚོར་ཕོ་མོ་སུ་ཞིག་ཡིན་རུང་སྒྲུང་བཤད་ཤེས་པ་ཡིན། དེ་ནི་སྒྲུང་པ་དཔལ་ཆེན་གྱིས་ས་དེ་གའི་སློབ་མ་ཚོར་གླིང་སྒྲུང་བསླབས་པའི་མཛད་རྗེས་དང་བྲལ་ཐབས་མེད་པས། མདོར་ན་ཁོང་གིས་གླིང་སྒྲུང་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་དང་། ལྷག་པར་གླིང་སྒྲུང་གི་སྒྲུང་སྣ་ཚོགས་རྒྱུན་འཛིན་བྱེད་པའི་ཐད་ལེགས་སྐྱེས་ངེས་ཅན་ཕུལ་ཡོད།
གསུམ་པ། དིས་ཆུང་དཔལ་ཆེན་གྱི་སྒྲུང་གི་ཁྱད་ཆོས།
དེ་ཡང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལོ་ངོ་སྟོང་ཕྲག་དུ་མར་གངས་ལྗོངས་ས་མཐོར་མི་ནུབ་པར་གནས་པ་དང་། བོད་རིགས་མི་དམངས་ཀྱིས་ཆེས་དགའ་ཞེན་ཆེན་པོ་བྱེད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། གླིང་སྒྲུང་བཤད་པའི་རྣམ་པ་ཁྱད་པར་ཅན་ཡིན་པ་དེ་རེད། གཏམ་གླུ་སྤེལ་མ་ནི་གླིང་སྒྲུང་གི་ཁྱད་ཆོས་མངོན་གསལ་ཆེ་ཤོས་ཡིན་ཞིང་། དེར་བརྟེན་རོལ་དབྱངས་ནི་གླིང་སྒྲུང་གི་མེད་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་། གླིང་སྒྲུང་དར་ཁྱབ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་སྨོས་མི་དགོས་པ་ཞིག་རེད། དེར་བརྟེན་གླིང་སྒྲུང་གི་རོལ་དབྱངས་ངག་སྟབས་ལ་ཞིབ་འཇུག་བྱེད་རྒྱུ་ནི་གླིང་སྒྲུང་ཞིབ་འཇུག་གི་སྣང་ཆུང་གཏོང་མི་རུང་བའི་ནང་དོན་གལ་ཆེན་ཞིག་ཡིན། དེ་ཡང་སྒྲུང་མཁན་དཔལ་ཆེན་གྱི་སྒྲུང་ངག་ལ་གཤམ་གསལ་གྱི་དམིགས་བསལ་ཁྱད་ཆོས་འགའ་ཡོད་པ་སྟེ།
དང་པོ། ངག་གི་ཁྱད་ཆོས། སྤྱིར་གོང་དུ་ཞུས་པ་ལྟར། གླིང་གེ་སར་རྒྱལ་པོའི་སྒྲུང་པའི་ཁྲོད་དུ་གཏེར་སྒྲུང་། པྲ་སྒྲུང་། བབ་སྒྲུང་། རྟོགས་པ་ཉམས་ཤར་གྱི་སྒྲུང་། འདོན་སྒྲུང་སོགས་རིགས་མི་འདྲ་བ་མང་པོ་ཡོད་པ་ལས་འདོན་སྒྲུང་ནི་གཙོ་བོ་གླིང་སྒྲུང་ལ་དགའ་ཞེན་ཆེ་བ་དང་། སྐད་གདངས་སྙན་པོ་ཡོད་མཁན་གྱིས་ངག་སྟབས་སྣ་ཚོགས་སྦྱངས་ནས་སྒྲུང་ཡིག་ཀློག་པ་ཞིག་ཡིན། དེར་བརྟེན་དེ་ནི་ཡི་གེ་མི་ཤེས་པར་གླིང་སྒྲུང་རང་བཞིན་གྱིས་བབ་པའི་བབ་སྒྲུང་སོགས་དང་མི་འདྲ་བ་ཞིག་ཡིན་ཏེ་སྒྲུང་ཡིག་ལག་ཏུ་བླངས་ནས་ཀློག་དགོས་ཀྱི་ཡོད། ཐོག་མར་ཡི་གེ་ཤེས་མཁན་ཞིག་ཡིན་དགོས་པ་མ་ཟད་སྐད་གདངས་སྙན་པོ་ཡོད་པ་དེ་གལ་ཆེ་ཤོས་སུ་གྱུར་ཡོད། དཔེར་ན་སྡེ་དགེའི་སྒྲུང་པ་དཔལ་ཆེན་དང་། པད་མ་ཡེ་ཤེས། ཨ་ཉིད་སོགས་ལྟ་བུའོ། སྒྲུང་པ་དཔལ་ཆེན་གྱི་ངོས་ནས་བཤད་ན་ལྷན་སྐྱེས་ཀྱི་སྐད་གདངས་སྙན་པོ་ཞིག་ཡོད་ཅིང་། ཁོང་གིས་བཀུག་པའི་སྒྲུང་གླུ་ལ་སྙན་འཇེབས་ལྡན་པའི་གླུ་དབྱངས་ཉན་པའི་སྣང་བ་ཞིག་དབང་མེད་དུ་འབྱིན་གྱི་ཡོད།
གཉིས་པ། རིག་གནས་ཚུ་ཚད་མཐོ་བའི་ཁྱད་ཆོས། སྤྱིར་འདོན་སྒྲུང་སྦྱངས་མཁན་མང་ཆེ་བ་གོང་དུ་ཞུས་པ་ལྟར་སྐད་གདངས་སྙན་པོ་ཞིག་ལྡན་དགོས་པར་མ་ཟད་སྒྲུང་དབྱངས་འགུག་ཐབས་ཀྱང་སྦྱོང་དགོས། སྒྲུང་པ་དཔལ་ཆེན་གྱི་ངོས་ནས་བཤད་ན་སྐད་གདངས་སྙན་འཇེབས་ལྡན་པའི་ཁར་རིག་གནས་ཀྱི་ཆུ་ཚད་མཐོ་བས། ཁོང་གིས་བཤད་པའི་གླིང་སྒྲུང་ལ་གླིང་གེ་སར་རྒྱལ་པོའི་སྒྲུང་གི་ཚིག་སྦྱོར་སྙན་ཞིང་གསོན་ཉམས་ལྡན་པ་དང་། གོ་སླ་ཞིང་དོན་གསལ་བའི་གཏམ་དཔེ། གཏམ་རྒྱུད་ཀྱི་དོན་གསལ་བར་བྱེད་པའི་ཚིག་ལྷུག་གི་ཉམས་འགྱུར་རྣམས་གསལ་པོར་མངོན་ཐུབ་ཀྱི་ཡོད། དེ་ནི་ཁོང་ལ་གླིང་སྒྲུང་བཤད་པའི་ཆ་རྐྱེན་གཙོ་བོ་སྐད་ཀྱི་ཁྱད་ཆོས་དམིགས་བསལ་ཅན་ཡོད་པ་ཕུད་ད་དུང་ཆུང་ངུའི་དུས་ནས་རིག་གནས་ལ་སྦྱངས་པ་ལེགས་པར་གནང་བ་དང་ཁ་བྲལ་ཐབས་མེད་པ་ཞིག་ཀྱང་ཡིན།
གསུམ་པ། སྒྲུང་གླུ་རྣམ་གྲངས་མང་བའི་ཁྱད་ཆོས།
སྒྲུང་པ་དཔལ་ཆེན་གྱིས་རང་ཉིད་ཀྱི་གཅེན་པོ་དྲུང་ཡིག་བློ་ཆོས་ལས་སྦྱངས་ཤིང་། དྲུང་ཡིག་བློ་ཆོས་ཀྱིས་ལོ་རྒྱུས་ཐོག་གི་བབ་སྒྲུང་གྲགས་ཅན་རུ་བ་བག་ཡོད་སྤྲུལ་སྐུ་ལས་གསན་སྦྱོང་མཛད་པ་ཡིན་སྟབས་དེར་སྒྲུང་དབྱངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་ཡོད། སྤྱིར་གླིང་སྒྲུང་གི་སྒྲུང་གླུ་སྣེ་རིགས་བརྒྱད་བཅུ་ལྷག་ཙམ་ཡོད་པའི་བཤད་སྲོལ་ཡོད་པ་དང་། ཁོང་གིས་སྒྲུང་ངག་སྣེ་རིགས་དྲུག་བཅུ་ལྷག་ཙམ་ཤེས་ཀྱི་ཡོད་པ་རེད། དཔེར་ན་སྒྲུང་པ་དཔལ་ཆེན་གྱིས་སྒྲུང་གླུ་བཀུག་པའི་ནིས་ཆུང་ཅོ་ག་དྲུག་འགྱུར་དང་། གེ་སར་ཁྲོམ་ཆེན་ཟིལ་གནོན། གཡུ་ལྷའི་ཁུ་བྱུག་དྲུག་འགྱུར། འདན་མའི་ཐ་ལ་དྲུག་འགྱུར། རྒྱ་ཚའི་དཀར་མོ་དྲུག་འགྱུར་ལྟ་བུར་སྒྲའི་འགྱུར་ཁུག་དང་། སྒྲ་གདངས་སོགས་གང་ཅིའི་ཐད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པ་བཅས་སྡེ་དགེའི་སྒྲུང་པ་དཔལ་ཆེན་གྱི་སྐོར་ངོ་སྤྲོད་རགས་ཙམ་ཞུས་པ་རེ་ཞིག་རྫོགས་སོ།
རྩོམ་པ་པོ། འཇམ་དབྱངས་ཆོས་སྒྲོན།
རྩོམ་སྒྲིག་པ། ཟླ་བ་ཚེ་རིང་།