སྐྱབས་རྗེ་༸གྲུབ་དབང་པད་ནོར་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་མཛད་སྒོ།
སྐྱབས་རྗེ་༸གྲུབ་དབང་པད་ནོར་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་མཛད་སྒོ།
༸སྐྱབས་རྗེ་༸གྲུབ་དབང་པད་ནོར་རིན་པོ་ཆེའི་ཆུང་སྲིད་རིན་པོ་ཆེ་པདྨ་རྡོ་རྗེ་མཆོག ༢༠༡༤།༧།༣༡ དྲུག་པའི་ཚེས་བཞི་ཉིན་དཔལ་ཡུལ་མ་དགོན་དུ་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་དངོས་སུ་སྤེལ་བའི་ཐོག རྒྱལ་ཁབ་ཕྱི་ནང་གི་སྔ་འགྱུར་རྙིང་མའི་དགོན་སྡེ་དང་། ཆོས་ཚོགས་ཁག་ནས་ཀྱང་རྟེན་འབྲེལ་མཛད་སྒོ་རྒྱ་ཆེན་སྤེལ་བཞིན་ཡོད་པ་རེད།
དེའང་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་གནས་ཚུལ་སྤེལ་བར། ༢༠༠༩ ལོ་སྐུ་གོང་མ་ཞི་བར་གཤེགས་རྗེས། ༢༠༡༣ ལོར་༸སྐྱབས་རྗེ་༸བྱ་བྲལ་རིན་པོ་ཆེས་དྭགས་པོའི་ཡུལ་ནས་འཁྲུལ་བྲལ་སྤྲུལ་པའི་ཡང་སྲིད་དུ་ངོས་འཛིན་མཛད། ༢༠༡༣།༡༢།༥ ཉིན་གདན་ས་རྣམ་གྲོལ་གླིང་འདུས་སྤྱི་ནས་ཡང་སྲིད་ངོས་འཛིན་གྲུབ་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ། རྡོར་གདན་དུ་ ༢༠༡༤།༢།༦ ཉིན་སྔ་འགྱུར་སྨོན་ལམ་ཆེན་མོ་ཐེངས་ ༢༥ པའི་ཚོགས་ཐོག་ཏུ་ཆུང་སྲིད་རིན་པོ་ཆེའི་སྐུ་པར་གདན་ཞུས་ཀྱིས་བཞུགས་ཁྲིར་བཀོད་ནས་སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཁག་གིས་མནྜལ་རྟེན་གསུམ་འདེགས་འབུལ་མཛད། ༢༠༡༤།༧།༢༨ ཉིན་སྡེ་དགེར་ཡོད་པའི་གཞིས་ཀྱི་དཔལ་ཡུལ་མ་དགོན་དུ་རྒྱལ་ཕྱི་ནང་གི་དད་ལྡན་སློབ་མ་དང་། དགོན་སྡེ་ཁག་གི་བླ་ཆེན་དང་། ཚོགས་པ་སྒེར་དང་ལས་ཁུངས་ཁག་གི་སྐུ་ཚབ་སོགས་ཀྱིས་ཕེབས་བསུ་རིམ་པ་གསུམ་དང་བཅས་གདན་ཞུས་གྲ་རྒྱས་མཛད། ལམ་བར་དུ་ཡ་ཆེན་ཨོ་རྒྱན་ཆོས་གླིང་གི་ཇོ་སེར་གཉིས་ཀྱི་འདུས་ཚོགས་ཁྲི་ཕྲག་ལས་བརྒལ་བས་ཕེབས་བསུ་ཞུས། བོད་ཟླ་ ༦ ཚེས་ ༤ སྟེ་ཆོས་འཁོར་དུས་ཆེན་ཉིན་གཞིས་བྱེས་ཡོངས་ནས་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་དངོས་གཞི་སྤེལ་གནང་པ་ལས། དཔལ་ཡུལ་མ་དགོན་དུ་ ༸སྐྱབས་རྗེ་སྤྲུལ་སྐུ་ཐུབ་བཟང་རིན་པོ་ཆེ་མཆོག་ནས་ཁྲི་འདོན་མངའ་གསོལ་གྱི་དབུ་བླ་གནང་བའི་ཐོག བྱེས་ཀྱི་གདན་ས་རྣམ་གྲོལ་གླིང་གི་མཁན་ཆེན་རྣམ་གསུམ། མཆོག་སྤྲུལ་རྣམ་གཉིས། དེ་བཞིན་ཁྲི་བཏོན་ཚོགས་ཆུང་བཅས་ཆེད་བཅར་ཞུས་ཡོད་པས་པ་ཚད། མདོ་སྨད་དར་ཐང་དགོན་གྱི་བསྟན་བདག་སྤྲུལ་སྐུ་གར་དབང་ཉི་མ། བདུད་འཇོམས་ཡང་སྲིད། ཀཿཐོག་འཇམ་དབྱངས་སྤྲུལ་སྐུ། བློ་དགའ་རིན་པོ་ཆེ། རྫོང་སར་མཁན་པོ་ཕུན་ཚོགས་རྣམ་རྒྱལ། དཔལ་སྤུངས་པའི་མཁན་སྤྲུལ་རྣམ་པ། ཡ་ཆེན་དགོན་གྱི་ཨ་སངས་སྤྲུལ་སྐུ་རིན་པོ་ཆེ། བླ་རུང་དགོན་གྱི་ཇོ་སེར་སྔགས་གསུམ་གྱི་སྐུ་ཚབ་རྣམ་པ་སོགས་ཕྱོགས་དང་རིས་སུ་མ་ཆད་པའི་དགོན་སྡེ་ཁག་གི་སྐུ་ཚབ་དང་། མཁན་སྤྲུལ་སོགས་ཀྱིས་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།
ཉིན་འདིར་བྱེས་ཀྱི་གདན་ས་རྣམ་གྲོལ་གླིང་དུའང་ས་གནས་གཞིས་འགོ་ཁག་དང་། བླ་སྤྱི་དང་བཅས་པའི་གདན་ས་སེ་ར་བྱེས་སྨད་གཉིས་ཀྱི་མཁན་པོ་དགེ་བཤེས། བཀའ་བརྒྱུད། ས་སྐྱ་བཅས་དགོན་སྡེ་ཁག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པས་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་གོང་མའི་གཟིམ་ཆུང་ནས་ཆུང་སྲིད་རིན་པོ་ཆེའི་སྐུ་པར་གདན་ཞུས་ཐོག་ཚོགས་ཆེན་ལྷ་ཁང་ནང་གི་གསེར་ཁྲིར་བཞུགས་སུ་གསོལ་རྗེས་མཆོག་སྤྲུལ་ཀླུ་ཕུག་སྤྲུལ་སྐུ་རིན་པོ་ཆེས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། ས་གནས་གཞི་འགོ་ཁག་དང་དགོན་སྡེ་ཁག ཚོགས་པ་ཁག་བཅས་ཀྱི་སྐུ་ཚབ་རྣམ་པས་རྟེན་གསུམ་འདེགས་འབུལ་དང་མཇལ་དར་སྒྲོན་འབུལ་ཞུས་པ་དང་། བཤད་གྲྭའི་ཚོགས་གཙོ་མཁན་རིན་པོ་ཆེ་རྟ་མགྲིན་སྲི་ཐུབ་མཆོག་ནས་མནྜལ་རྒྱས་བཤད་ཞུས་ཡོད་པ་རེད། ཕྱི་དྲོའི་ཆར་གྲྭ་བཙུན་གྱི་བཤད་གྲྭ་བ་རྣམ་པས་འཆད་རྩོད་རྩོམ་གསུམ་གནང་ཡོད་པ་རེད། མཛད་སྒོ་ཉིན་གདུན་ལས། ཉིན་དང་པོ་གསུམ་ལ་སྐུ་རིམ་དང་། ཉིན་བཞི་པར་མཛད་སྒོ་དངོས་གཞི། ཉིན་ཕྱི་མ་རྣམས་ལ་རྣམ་གྲོལ་གླིང་གི་སྡེ་ཚན་སོ་སོ་ནས་གོ་སྒྲིག་ཞུས་པའི་གླིང་བྲོ་བདེ་ཆེན་རོལ་མོས་གཙོས་གླུ་གཞས་ཁག་ ༣༧ ཙམ་དང་། སློབ་གྲྭ་དང་ཚོགས་པ་ཁག་གི་གླུ་བྲོ་གཞས་གསུམ་བཅས་ལ་རོལ་ནས་ཐུགས་སྤྲོ་གནང་རྒྱུའི་མཛད་རིམ་སྒྲིག་གནང་ཡོད་འདུག
དེ་བཞིན་ལྡེ་ར་ལྡུན་ཁུལ་གྱི་ཨོ་རྒྱན་སྨིན་གྲོལ་གླིང་དགོན་པའི་ངོས་ནས་ཀྱང་ཆུང་སྲིད་རིན་པོ་ཆེའི་སྐུ་པར་ཁྲི་ཁར་མངའ་གསོལ་སྟེ་ ༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེས་མནྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། ས་གནས་གཞིས་འགོ་སོགས་ཀྱིས་མཇལ་དར་སྒྲོན་འབུལ་ཞུས་ཐོག་མཛད་སྒོ་རྒྱ་ཆེན་སྤེལ་ཡོད་འདུག་ལ། ཀོ་ལི་གྷར་རྫོགས་ཆེན་དགོན་པ་དང་། སྦིར་རི་མགོ་དགོན་དུའང་དེ་བཞིན་ཁྲི་འདོན་མཛད་སྒོ་ཞུས་ཡོད་འདུག་པས་མཚོན། བལ་ཡུལ། རྒྱ་གར། འབྲུག བོད། ཐེ་ཝན། ཨ་རི། ཁེ་ན་ཌ། སིངྒ་པོར། ཧོང་ཀང་། ཨིན་ཌི་ནེ་ཤི་ཡ། ཧྥི་ལི་པན་བཅས་རྒྱལ་ཁག་མང་པོ་ཞིག་ནས་དགོན་པ་དང་ཆོས་ཚོགས་ཁག་གིས་ཀྱང་དེ་ལྟར་དགའ་དད་སྤྲོ་གསུམ་གྱིས་ཁྲི་འདོན་གྱི་མཛད་སྒོ་བསུས་ཡོད་པ་རེད།
ཆུང་སྲིད་རིན་པོ་ཆེ་པདྨ་རྡོ་རྗེ་མཆོག་ནི། ༢༠༠༩ ལོ་སྐུ་གོང་མ་ཞི་བར་གཤེགས་རྗེས། ༢༠༡༡།༡༢།༣༡ལོར་བོད་དྭགས་པོ་ཁུལ། རྒྱ་ཚ་རྫོང་དུ་ཡབ་ནོར་བུ་དང་། ཡུམ་ཕུར་བུ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ༢༠༡༣ལོར་ ༸སྐྱབས་རྗེ་ ༸བྱ་བྲལ་རིན་པོ་ཆེ་མཆོག་གིས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད། ༢༠༡༣།༡༢།༥ ཉིན་གདན་ས་རྣམ་གྲོལ་གླིང་འདུས་སྤྱིའི་ངོས་ནས་ཡང་སྲིད་ངོས་འཛིན་གྲུབ་པ་དང་། ཁྲི་བཏོན་གྱི་མཛད་རིམ་བཅས་སྟབས་ཅིག་ཏུ་ཡོངས་ཁྱབ་གསལ་བསྒྲགས་སྤེལ། ༢༠༡༤།༢།༦ ཉིན་སྔ་འགྱུར་སྨོན་ལམ་ཆེན་པོ་ཐེངས་ ༢༥ པའི་ཚོགས་ཐོག་ཏུ་སྐུ་པར་གདན་ཞུས་ཀྱིས་བཞུགས་ཁྲིར་བཀོད་ནས་སྔ་འགྱུར་རྙིང་མའི་སྐྱེས་ཆེན་ཁག་གིས་མནྜལ་རྟེན་གསུམ་འདེགས་འབུལ་མཛད། ༢༠༡༤།༧།༣༡ ཉིན་དཔལ་ཡུལ་མ་དགོན་དུ་གསེར་ཁྲི་མངའ་གསོལ་ཞུས། ཡོང་ཁུངས། སྡེ་དགེ་དྲ་བ། www.dhege.org
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།