English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྐུ་གདུང་ཞུགས་འབུལ་ཞུ་སྟངས་ངོ་སྤྲོད་ཉུང་བསྡུས

འདོན་སྤེལ། 2014/12/27 11:03 AM རྩོམ་པ་པོ།

སྐུ་གདུང་ཞུགས་འབུལ་ཞུ་སྟངས་ངོ་སྤྲོད་ཉུང་བསྡུས། རྩོམ་པ་པོ།  བསྟན་འཛིན་གྱིས་བསྒྲིགས།

སྤྱིར་ཕུང་པོ་ཞུགས་འབུལ་ཞུ་ཟེར་བ་ནི་ཚེ་ལས་འདས་པའི་གང་ཟག་གང་ཞིག་གི་ཕུང་བོ་ས་འོག་ཏུ་མ་སྦས་པ་དང༌། ཆུ་ལ་མ་བསྐྱུར། བྱ་ལ་མ་གཏོར་བར་མེ་ལ་བསྲེག་སྟེ་དུར་ལས་བྱེད་སྟངས་ལ་ཟེར་གྱི་ཡོད། ཞུགས་འབུལ་ཞུ་བ་ལ་ཆོས་ཀྱི་བསླབ་པ་མཐོ་དམན་དང༌། དབང་ཐང་ཆེ་ཆུང་སོགས་ཀྱི་བར་ཁྱད་ཀྱིས་སྐྱེས་བུ་དམ་དག་གི་སྐུ་ཕུང་ཞུགས་འབུལ་ཞུ་སྟངས་དང༌། དེ་ལས་སོ་སྐྱེས་ཐ་མལ་བའི་ཕུང་པོ་ཞུགས་འབུལ་ཞུ་སྟངས་གཉིས་ཆོ་ག་ཕྱག་ལེན་རྒྱས་བསྡུས་ཀྱིས་མི་འདྲ་བའི་ཚུལ་དུ་ཡོད།
དེ་ལ་སྐྱེས་བུ་དམ་པའི་སྐུ་ཕུང་ཞུགས་འབུལ་ཞུ་སྟངས་དེ་ཐོག་མར་ཇི་ལྟར་བྱུང་ཚུལ་ནི། སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་ཏེ། འགྲོ་བའི་དོན་བསམ་གྱིས་མི་ཁྱབ་པ་མཛད་མཐར་འཕགས་ཡུལ་རྩྭ་མཆོག་གྲོང་དུ་གཟུགས་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན་པ་ན། རྗེས་འཇུག་དགྲ་བཅོམ་སོགས་ཀྱིས་མྱ་ངན་དང་བཅས་སངས་རྒྱས་ཀྱི་སྐུ་གདུང་ཞུགས་འབུལ་ཞུས་སྐབས་རིང་བསྲེལ་རིགས་ལྔ་བྱུང་ཞིང༌། སྐབས་དེར་སངས་རྒྱས་ལ་མོས་པའི་འཕགས་ཡུལ་གྱི་རྒྱལ་ཆེན་བརྒྱད་བར་རིང་བསྲེལ་ཐོབ་སླད་རྩོད་པ་བྱུངཞིང༌། མཐར་གྲོས་མོལ་མོས་མཐུན་གྱིས་སྐུ་གདུང་རིང་བསྲེལ་མ་ག་ངྷའི་ཁལ་རེའི་ཚུལ་དུ་ཁག་བགོས་ཀྱིས་འཁྱེར་ཏེ། སོ་སོའི་གནས་སུ་རིང་བསྲེལ་བཞུགས་པའི་མཆོད་རྟེན་ཆེན་པོ་རེ་བཞེངས་སུ་གསོལ་བར་གྲགས། སྐབས་དེ་ནས་བཟུང་རྒྱ་གར་ནང་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་གདུང་ཞུགས་འབུལ་དང་གདུང་རྟེན་བཞེངས་སྲོལ་རྒྱུན་མར་བྱུང་ཞིང༌། རང་རེ་བོད་དུའང་དེ་འབྲེལ་གྱིས་ཕྱག་སྲོལ་དེ་དར་ཁྱབ་བྱུང་བ་ཡིན་པར་སྙམ།
དེ་ལ་སྐུ་གདུང་ཞུགས་འབུལ་ནི་རང་གི་རྩ་བའི་བླ་མ་དང༌། དགེ་རྒན། ཕ་མ་སོགས་བཀའ་དྲིན་ཆེ་ཞིང་རང་ལས་ཁྱད་འཕགས་ཀྱི་གང་ཟག་རྣམས་སྐུ་གཤེགས་དུས། སྐུ་ཕུང་ རས་དཀར་པོས་ཡོངས་སུ་དཀྲིས་ཏེ་དུར་ཁྲོད་དང་ས་ཕྱོགས་གཙང་མར་གདན་དྲངས་ཐོག ཙན་དན་དང༌། ཨ་དཀར། ཤུག་པ་སོགས་དྲི་ཞིམ་གྱི་ཤིང་སྣ་ཞུགས་ཐབ་སྒང་སྤུངས་པའི་དབུས་སུ་བཞག་སྟེ། མར་སྣུམ་སོགས་བླུགས་ནས་མེར་བསྲེགས་བཏང་པ་ལ་ཟེར།
སྤྱིར་སྐུ་ཕུང་ཞུགས་འབུལ་བྱེད་སྟངས་སྐོར་མདོ་སྔགས་ཀྱི་གཞུང་ལས་བྱུང་བའི་ཕྱག་ལེན་ཆོ་ག་དང་བསྟུན་གྲུབ་མཐའ་སོ་སོའི་སྐྱེས་ཆེན་དམ་པ་མང་པོས་ཕྱག་ལེན་ཉམས་མྱོང་ཕྱོགས་སྡོམ་གྱིས་མཛད་པ་མང་དུ་སྣང༌། དགེ་ལུགས་པར་མཚོན་ན་རྡོ་རྗེ་གུར་དང་ངན་སོང་སྦྱོང་རྒྱུད་སོགས་ལས་གསུངས་པ་དེ་བཞིན་བུ་སྟོན་རིན་པོ་ཆེ་དང༌། འབྲོང་རྩེ་ལྷ་བཙུན་རིན་ཆེན་རྒྱ་མཚོ། པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་དམ་པ་མང་པོས་གསུངས་གནང་ཡོད་པ་དང༌། ཁྱད་པར་ཐུའུ་བཀྭན་རིན་པོ་ཆེ་བློ་བཟང་ཆོས་ཀྱི་ཉི་མས་དོན་གསལ་ཞིང་འཇུག་བདེ་བའི་ཞལ་གསུངས། རྡོ་རྗེ་སེམས་དཔའི་སྒོ་ནས་ཡུལ་ཁྱད་པར་ཅན་གྱི་སྐུ་གདུང་མཆོད་ཅིང་བྱང་བའི་ཆོ་ག་རིན་ཆེན་སྒྲོན་མེ་ཞེས་པ་ཞིག་མཛད་ཡོད་པ་དེའི་ནང་སྐྱེས་ཆེན་དམ་པ་གང་ཞིག་སྐུ་མྱ་ངན་ལས་འདའ་ཁར་ཐུགས་དམ་གསལ་འདེབས་ཇི་ལྟར་ཞུ་བའི་ཚུལ་དང༌། སྐུ་ཕུང་ཞུགས་འབུལ་ཞུ་སྟངས། སྐུ་གདུང་མཆོད་རྟེན་བཞེངས་ཚུལ་སོགས་ཞིབ་གསལ་དུ་གསུངས་གནང་བ་ཁོང་གི་གསུང་འབུམ་ལྷ་ས་ཞོལ་དཔར་མའི་པོད་ང་བའི་ནང་འཁོད་འདུག་པར་དུང་དཀར་ཚིག་མཛོད་དུ་གསུངས་འདུག་པས་ཞིབ་རྒྱས་སུ་གསུང་འབུམ་དེ་རུ་གཟིགས་པར་འཚལ།
དེ་ལ་བརྗོད་ཟིན་པ་མང་པོ་ཞིག་གོང་འོག་བསྒྲིགས་ཏེ་བསྐྱར་བཟློས་ཡང་བཟློས་ཀྱི་ཚུལ་དུ་གླེང་བར་དགོས་པ་མ་མཐོང་བས། དུང་དཀར་ཚིག་མཛོད་ཆེན་མོའི་ནང་དམ་པ་ཁོང་གིས་མཐོང་ཐོས་ཕྱག་ལེན་མྱོང་བ་གནད་བསྡུས་སུ་གསུངས་གནང་བ་ཞིག་འདུག་པ་དེ་རང་ཅག་གིས་གོ་སླ་ཞིང་རྒྱས་བསྡུར་རན་པར་མཐོང་སྟེ་འདིར་ཇི་བཞིན་བཀོད་ན། རང་ལ་ཆོས་འབྲེལ་ཐོབ་པའི་བླ་མ་དང༌། དགེ་རྒན་སོགས་དགོངས་པ་རྫོགས་རྗེས་སྐུ་གདུང་ལ་ཕྱག་གསུམ་ཕུལ་ཏེ། རས་དཀར་པོ་གཙང་མ་ཞིག་གིས་ཞལ་གྱི་ཨོལ་སྐོའི་འོག་ནས་སྐུའི་ཐུགས་ཀ་བར་བཀབ་སྟེ་བཞག་ཐོག ཐུགས་དམ་གྲོལ་བའི་རྟགས་མ་བྱུང་བར་སྐུ་གདུང་ལ་སྒུལ་བསྐྱོད་སོགས་མི་གཏོང༌། ཐུགས་དམ་གྲོལ་བའི་རྟགས་ཤངས་བུག་གཉིས་ནས་བྱང་སེམས་དཀར་དམར་ཕེབས་མཚམས་སྐུ་གདུང་ལ་དར་གོས་དཀར་པོའམ་དམར་པོ་གང་རིགས་ཀྱིས་དྲུག་ཆིངས་ཕུལ་ཏེ། ཆེད་གཉེར་གྱིས་བཟོས་པའི་གདུང་སྒྲོམ་ནང་དུ་བཞག་ནས་དེ་ལ་ན་བཟའ་ཆོས་གོས་སྣམ་སྦྱར་སོགས་རབ་བྱུང་གི་ཆས་དང༌། དེའི་སྟེང་དུ་ལྷའི་ཆས་འཇུག་བསྒྲོན་ཏེ་དགུང་ཞག་ཇི་ཙམ་འོས་པའི་རིང་གདུང་ཁྲུས་དང༌། གདུང་སྒྲུབ། དད་ལྡན་ཁག་གི་དགོངས་རྫོགས་མཆོད་འབུལ་བཅས་གྲུབ་མཚམས། ས་ཕྱོགས་གཙང་ས་ཞིག་ཏུ་སོ་ཕག་སོགས་ཀྱིས་སྐུ་གདུང་སྲེག་ཐབ་བརྩིགས་ཏེ། དེའི་སྟེང་དུ་ཟླུམ་པོ་མདུན་དུ་མེ་སྒོ་ཡོད་པ་ཞིག་གི་ནང་དུ་སྟོད་ཀྱི་ཆར་ལྕགས་དྲས་བཀབ་པའི་སྟེང་དུ་སྐུ་གདུང་བཞག་སྟེ། ཤུག་པ་དང་ཙན་དན་སོགས་དྲི་བཟང་པོའི་ཤིང་ཕྱོགས་བཞི་ནས་བརྩིགས་པ་ལ། ཏིལ་སྣུམ་དང༌། མར་ཁུ་བསྲེས་པ་བླུགས་ནས་སྐུ་རུས་རྣམས་གཙང་མར་མ་འཚིགས་བར་དུ་ཆོ་གའི་ནང་དུ་གསལ་བ་ལྟར་ཞུགས་འབུལ་ཞུས། ཉིན་ཤས་སོང་རྗེས་སྤུར་ཁང་ཞལ་ཕྱེ་ནས་སྐུ་གདུང་གི་ཆ་ཤས་འགའ་ཞིག་དད་ལྡན་སློབ་མ་དང་ཡོན་བདག་རྣམས་ལ་བགོས་འགྲེམས་ཐོག མང་ཆེ་བ་སྐུ་གདུང་གི་མཆོད་རྟེན་དང་འདྲ་སྐུ་བཞེངས་པའི་ནང་གཟུངས་སུ་ཕུལ་དགོས་པ་ཡིན་ཞེས་གསུངས་འདུག
དེ་ལ་དྲུག་ཆིངས་ནི་སྐུ་གདུང་རས་དར་སོགས་ཀྱིས་བསྡམ་བཀྱིགས་ལྟ་བུའི་མདུད་པ་རྒྱག་སྲོལ་ཏེ། དེའི་སྐོར་མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་གསུང་འབུམ་པོད་དང་པོའི་ནང་ཇི་ལྟར་འཁོད་པ་ནི། དྲུག་ཆིངས་ཞེས་པ་ཐོག་མར་རྡོ་རྗེ་སྐྱིལ་ཀྲུང་མཛད་པའི་ཞབས་གཉིས་ཀྱི་བསྣོལ་མཚམས་སུ་མདུད་པ་གཅིག དེ་ནས་ཕྱག་གཉིས་མཉམ་བཞག་མཛད་པའི་ཕྱག་ངར་ལ་དཀྲིས་བརྒྱབ་ནས་སྐུ་རྒྱབ་ཏུ་མདུད་པ་གཅིག དེ་ནས་ཐུགས་ཀའི་ཐད་དུ་མདུད་པ་གཅིག དེ་ནས་སྐུ་དཔུང་ལ་དཀྲིས་བརྒྱབ་ནས་གཉའ་ལྟག་ཏུ་མདུད་པ་གཅིག དེ་ནས་དཔྲལ་བའི་ཐད་དུ་མདུད་པ་གཅིག དེ་ནས་དབུ་ཐོད་ཀྱི་རྒྱབ་ཏུ་མདུད་པ་གཅིག དེ་ནས་དར་གཉིས་ཀྱི་སྣེ་མོ་དཔྲལ་བ་གཡས་གཡོན་ནས་ཁུགས་ལོ་བྱས་ཏེ་མར་ལ་དཔྱངས་པར་བྱས་པ་ནི་དྲུག་ཆིངས་ཀྱི་ཕྱག་ལེན་ཏེ། འདི་སྐྱེ་བོ་ཐ་མལ་པ་རོ་སྲེག་བྱེད་པ་ལ་ཡང་ལག་ལེན་དུ་འདེབས་རུང་བར་གསུངས་སོ་ཞེས་འཁོད་འདུག་པས་ཕྱག་སྲོལ་འདི་རིགས་ཀྱང་སྣང་མེད་དུ་མི་འཇོག་པར་དོ་སྣང་དང་ངེས་ཤེས་དགོས་པར་མཐོང་ངོ་།།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ༈ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
  • མཁྱེན་བརྩེ་དབང་པོའི་ཐུགས་དམ་གྱི་རྟེན་སྒྲོལ་དཀར་ཞལ་ཐང་གི་སྐོར།
  • རིན་པོ་ཆེ་གཟི་ཡི་རྣམ་བཤད་རགས་རིམ།
  • སྡེ་དགེ་རྒྱལ་པོའི་དབྱར་ཐོངས་ཀྱི་སྤྲོ་སྐྱིད་གླིང་།
  • ཤར་དཔལ་སྤུངས་པའི་སྨན་གྲྭ་དང་སློབ་རྒྱུད།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།