ས་སྐྱ་བདག་ཁྲི་རིན་པོ་ཆེའི་ལོ་གསར་འཚམས་འཕྲིན།
༼ལོ་སར་འཚམས་འཕྲིན།༽
༧ གོང་མ་བདག་ཁྲི་རིན་པོ་ཆེའི་གསུང་།
བོད་ཕྱི་ནང་གཉིས་ལ་བཞུགས་པའི་བླ་ཆེན་རྣམ་པ་དང་། མཁན་པོ་བླ་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོ། དེ་ག་ནང་བཞིན་ཁྱིམ་པ་ཕོ་མོ་ཚང་མ་ལགས་ལ་ཞུ་ཡ་ལ། བོད་ཤིང་ལུག་གནམ་ལོ་གསར་དུ་བཞེད་པའི་དགའ་སྟོན་རྟེན་འབྲེལ་ལ་སྙིང་ནས་མཛའ་ཞིང་བརྩེ་བའི་འཚམས་འདྲི་དང་འབྲེལ་བའི་ཐོག་ནས་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།
ང་རང་ཚོའི་སྔོན་ལུགས་སྲོལ་ལ་གནམ་ལོ་གསར་པ་ཚེས་འོང་བའི་སྐབས་ལ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ཨེ་མ་བག་དྲོ་སྐུ་ཁམས་བཟང་། །གཏན་དུ་བདེ་བར་ཐོབ་པར་ཤོག །ཟེར་ནས་གང་ལྟར་ལོ་གསར་པའི་ནང་ལ་བཀྲ་ཤིས་པ་དང་། ཕུན་སུམ་ཚོགས་པ་ཚང་མ་འོང་བའི་སྨོན་ལམ་རྒྱག་ཡ་དང་། བཀྲ་ཤིས་པའི་སྨོན་ཚིག་བརྗོད་ཡ་དེ་འདྲའི་ལུགས་སྲོལ་ཡོད་པ་རེད། དེ་འདྲ་ཡིན་དུས་ང་རང་ཚོ་ནང་པ་སངས་རྒྱས་པའི་ལུགས་ལའང་སྨོན་ལམ་རྒྱག་ཡ་དེ་གལ་ཆེན་པོ་ཡིན་པ་རེད། དེས་རྐྱེན་གྱིས་འཕོ་འགྱུར་འདྲ་མ་སོང་ན་མང་པོ་འགྲོ་གི་ཡོད་རེད།
ཡིན་ནའང་གཙོ་ཆེ་ཤོས་དེ་ང་རང་ཚོ་བདེ་སྡུག་གི་གནས་ཚུལ་གང་བྱུང་བ་དེ་ཚང་མ་རང་རང་གིས་ལས་བཟང་ངན་བསགས་པ་ལ་བརྟེན་ནས་བྱུང་བ་རེད་གསུངས་པ་ཡིན་པ་རེད། དེ་འདྲ་ཡིན་དུས་འདས་པའི་ལོའི་ནང་ལ་ང་ཚོས་ཡག་པོ་ག་རེ་བྱས་འདུག སྡུག་པོ་ག་རེ་བྱས་འདུག གྲུབ་འབྲས་ག་རེ་བྱུང་འདུག དེ་དག་ལ་བསྐྱར་ཞིབ་བྱས་ནས་ནོར་འཁྲུལ་དང་མི་དགེ་བའི་ལས་གང་བྱས་པ་དེ་ལ་འགྱོད་བཤགས་བྱེད་ཡ་དང་། དགེ་བའི་ལས་ཀྱིས་མཚོན་པས་ཡག་པོ་གང་བྱས་ཡོད་ན་རྗེས་སུ་ཡི་རང་བྱས། དེ་འདྲ་བྱས་པ་ཡིན་ན་རྗེས་སུ་ཡི་རང་བྱས་པ་ལ་བརྟེན་ནས་དགེ་བའི་ནུས་ཤུགས་འཕེལ་བ་དང་། འགྱོད་བཤགས་བྱས་པ་ལ་བརྟེན་ནས་མི་དགེ་བའི་ལས་ཐམས་ཅད་ནུས་ཤུགས་ཆུང་དུ་འགྲོ་བ་དེ་འདྲ་གསུངས་པ་ཡིན་པ་རེད། དེ་འདྲ་ཡིན་དུས་ལོ་གསར་པ་འདིའི་ནང་ལ་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པ་ཟེར་བ་དེ་འོང་དང་མི་འོང་གཙོ་བོ་དེ་རང་རང་གི་ལས་བཟང་ངན་ལ་རག་ལས་པ་ཡིན་པ་རེད། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །གསུངས་པ་ཡིན་དུས། ང་རང་ཚོ་ནང་པ་སངས་རྒྱས་པའི་གཙོ་བྱས་མི་སུ་ཡིན་ན་འདྲ། གང་ལྟར་འཇིག་རྟེན་གྱི་ཁམས་འདིར་འགྲོ་བ་མིས་མཚོན་པའི་སེམས་ཅན་ཚང་མ་ལགས་བདེ་སྐྱིད་འདོད་ཀྱི་ཡོད་རེད། སྡུག་བསྔལ་འདོད་ཀྱི་ཡོད་མ་རེད།
དེ་འདྲ་ཡིན་དུས་སྡུག་བསྔལ་མི་འདོད་པ་ཡིན་ན་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་དེ་སྤང་དགོས་པ་རེད། བདེ་སྐྱིད་འདོད་པ་ཡིན་ན་བདེ་སྐྱིད་ཀྱི་རྒྱུ་དགེ་བ་བསྒྲུབ་དགོས་པ་རེད། དེ་འདྲ་བྱས་པ་ཡིན་ན་སྨོན་ལམ་རྒྱག་མིན་ལ་མ་ལྟོས་པར་འབྲས་བུ་བཟང་པོ་ཞིག་ཡོང་ཡོང་བ་རེད། དེ་འདྲ་མ་བྱས་པ་ཡིན་ན་སྨོན་ལམ་བརྒྱག་པ་ཡིན་ནའང་ཞེ་དྲག་ཞེ་དྲག་ནུས་པ་ཐོན་པ་ཞིག་འོང་ཐུབ་ཡ་ཁག་པོ་ཡིན་པ་རེད། དེ་འདྲ་ཡིན་དུས་ཚང་མས་གང་ལྟར་ལོ་གསར་པ་འདིའི་ནང་ལ་གྲུབ་འབྲས་ཡག་པོ་ཞིག་འོང་བ་ལ་སོ་སོས་འབད་བརྩོན་བྱས་ནས། གང་ལྟར་སྡིག་པ་མི་དགེ་བའི་ལས་ཕྲ་ཞིང་ཕྲ་བ་ནས་སྤང་ཡ། དགེ་བའི་ལས་ཆེ་ཆུང་གང་འདྲ་ཡིན་ནའང་འབད་བརྩོན་ཆེན་པོ་བྱས་ནས་བསྒྲུབ་པ་ཞིག་བྱུང་བ་ཡིན་ན། དེ་ལ་བརྟེན་ནས་ལེགས་ཚོགས་མཐའ་དག་རང་བཞིན་གྱིས་ཡོང་བསྡད་པ་ཞིག་རེད། དེ་འདྲ་ཡིན་དུས་ཚང་མའི་ཐུགས་ལ་འཇགས་པའི་ཐོག་ནས་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་འོང་བ་ལ་ཚང་མས་འབད་བརྩོན་རྒྱ་མི་ཆུང་བ་གནང་རོགས་གྱིས་ཟེར་ནས་ཞུ་བ་དང་།
ང་རང་གི་ངོས་ནས་ཡིན་ནའང་དགོན་སྡེ་ཁག་ལ་ག་དུས་ཡིན་ན་ལབ་ཀྱི་ཡོད། ང་རང་ཚོའི་ཆུ་མིག་འདྲ་མ་སོང་ན་བོད་གངས་ཅན་གྱི་ལྗོངས་ན་ཡོད་པའི་དགོན་པ་དེ་ཚོ་དངོས་གནས་དྲང་གནས་དགེ་འདུན་འདུ་ཚོགས་རྒྱས་པ་དང་། ཐུགས་མཐུན་ཁྲིམས་གཙང་འོང་བ། བཤད་སྒྲུབ་ཆོས་བཞིན་འཕེལ་བ་ཞིག་བྱུང་བ་ཡིན་ན་འཛམ་བུ་གླིང་ག་ས་ག་ལ་བསྟན་པ་དར་རྒྱས་གོང་འཕེལ་འོང་བ་གཞི་གྲུབ་གྲུབ་པ་རེད། ཆུ་དང་མ་སོང་ན་ཆུ་མིག་ཡོད་ས་དེ་མ་བྱུང་བ་ཡིན་ན་ཕྱི་ལོགས་ལ་ག་ཚོད་ཡོད་ནའང་ཞེ་དྲག་སྲ་བརྟན་ཡུན་དུ་གནས་ཐུབ་པར་ཁག་པོ་འདྲ་ཆགས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཚང་མས་ད་ལྟ་ནང་བཞིན་བྱས་ནས་བསྟན་པ་སྤྱི་དང་བྱེ་བྲག་ཚང་མ་མི་ཉམས་གོང་འཕེལ། ཉམས་པར་སོར་ཆུད་འོང་བ་ལ་ཐུགས་ཁུར་རྒྱ་མི་ཆུང་བ་གནང་རོགས་གྱིས་ཟེར་ནས་ཞུ་བ་དང་། བསྟན་པ་རྒྱས་པ་དེ་སྦྱིན་བདག་དད་ལྡན་ཆོས་བརྒྱུད་མི་མང་ལ་ཞེ་དྲག་རག་ལས་ཀྱི་ཡོད་རེད། གྲྭ་པ་ཡིན་ནའང་མི་མང་ནས་ཡར་འོང་གི་ཡོད་རེད། དེ་ག་ནང་བཞིན་དགོན་སྡེའི་འཚོ་བའི་མཐུན་རྐྱེན་ཡིན་ནའང་མི་མང་ནས་ཡར་འོང་གི་ཡོད་རེད། དད་ལྡན་ཕོ་མོ་ཡིན་ནའང་སྡིག་པ་སྤང་ཡ་དང་། དགེ་བ་བསྒྲུབ་ཡ།
དེ་རིང་ཁ་སང་ལྷག་པར་དུ་བོད་ནང་ལ་དགོན་སྡེ་ཁག་གི་བླ་མ་ཚོས་སློབ་སྟོན་གནང་པའི་ཐོག་ནས་གང་ཅིའི་ཐོག་ནས་དགེ་བ་བཅུའི་ཁྲིམས་བསྲུང་ནས། དགེ་བཅུའི་ཁྲིམས་དེ་དཔེ་ཡར་རྒྱས་འགྲོ་གི་ཡོད་པ་དེ་འདྲ་གོ་བྱུང་། དཔེ་དགའ་པོ་བྱུང་ལ། སྙིང་ནས་རྗེས་སུ་ཡི་རང་ཡོད། ད་དུང་ཡིན་ནའང་དེ་ལྟ་བུའི་ཚུལ་གྱི་སྒོ་ནས་གང་ལྟར་དགེ་བའི་ལས་བསྒྲུབ་ཡ་དང་། སྡིག་པ་སྤང་ཡ། ང་རང་ངོས་ནས་ཡིན་ནའང་དད་ལྡན་ཕོ་མོ་ཚོའི་ཕྱི་ནང་གི་འགལ་རྐྱེན་མཐའ་དག་ཞི་ནས་ཚེ་བསོད་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པའི་སྒོ་ནས་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་རྟག་པར་རྒྱག་གི་ཡོད།
དེ་དོན་ཚང་མས་ཐུགས་ལ་འཇགས་པ་གནང་རོགས། ཡང་བསྐྱར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཡོད་ཟེར་ནས་ཞུ་བ་ཡིན། ཐུགས་རྗེ་ཆེ།
གུས་སློབ་ཡིད་ལྷུང་ཚེ་རིང་ཡེ་ཤེས་ཀྱིས་ཡིག་ཐོག་ཏུ་ཕབ།
༢༠༡༥/༢/༡༧