ཤོག་བུ་བཟོ་བའི་ལག་ཤེས་ནི།
ཤོག་བུ་བཟོ་བའི་ལག་རྩལ་ནི།
དགེ་རྒྱལ་རབས་ཟླ་ཤེལ་གསར་པའི་མེ་ལོང་ལས་དྲངས། རྩོམ་པ་པོ། མཁས་དབང་ཐུབ་བསྟན་ཕུན་ཚོགས།
སྡེ་དགེའི་ཡུལ་འདིར་གནའ་བོའི་དུས་སུ་གླིང་དཔོན་གྱིས་བདག་ཏུ་བཟུང་བའི་སྐབས་ནས་ཤོག་བུ་བཟོ་བའི་རྩལ་དར་ཁྱབ་ཆེན་པོ་ཡོད་པར་བཤད། ཤོག་བུའི་རྒྱུ་ཆས་གཙོ་བོ་རེ་ལྕགས་དང༌། ཤོག་ཤིང་ཨར་ནག་ཟེར་བ་གཉིས་ཡོད་པ་རེད། སྡེ་དགེའི་ཕོ་བྲང་གི་ཉེ་སྐོར་དང༌། དགོན་པ་ཁག་གི་ཉེ་སྐོར་དུ་གནས་པའི་གྲོང་ཚོ་འགའ་ཞིག་གི་ནང་ན་ཤོག་བུ་བཟོ་མཁན་ཡོད་པ་དེ་དག་མང་ཆེ་བ་དེ་རེ་ལྕགས་ཀྱིས་བཟོས་པའི་ཤོག་བུ་ཡིན་འདུག ཤོག་བུ་ཡག་ཤོས་ནི་ཨ་ལོའི་གན་ཤོག་ཟེར་བ་ཞིག་ཨ་ལོ་གྲོང་གི་ཤོག་བུ་བཟོ་མཁན་རྣམས་ཀྱིས་ཤོག་ཤིང་ཨར་ནག་གིས་བཟོ་པའི་ཤོག་བུ་དེ་ཡིན། ཁོ་ཚོས་དུས་རྒྱུན་ཤོག་བུ་བཟོ་ནས་དགོན་པ་དང༌། གྲྭ་པ་རྣམས་ལ་བཙོང་ཞིང་ཡོད་པ་དང༌། འབྲི་ཆུ་ནུབ་བརྒྱུད་ཀྱི་སྒོ་ནང་གི་གཡག་བྲོད་ཚང་ཞེས་པའི་དུད་ཚང་གིས་བཟོས་པའི་ཤོག་བུ་ལ་གཡག་ཤོག་ཅེས་ཟེར་བ་སྤུས་ཚད་ལེགས་པོ་དང་སྤྱོད་སྒོ་ཆེན་པོ་ཡོད་པར་བཤད། སྤྱི་ལོ་1732ལོར་སྡེ་དགེའི་སྤར་ཁང་ཆོས་མཛོད་ཆེན་མོ་བཞེངས་ཤིང་རྒྱལ་བའི་བཀའ་བསྟན་སོགས་མཁས་པའི་གསུང་རབ་རྣམས་སྤར་དུ་བརྐོས་རྗེས་ཡུལ་འདིར་ཤོག་བུ་འགྲོ་སྒོ་ཇེ་ཆེར་ཕྱིན་ཏེ། ཆེད་གཉེར་དུ་སྤར་ཁང་ལ་ཤོག་བུ་བཟོ་མཁན་གྱི་གྲོང་ཚོ་གཏན་འབེབ་བྱས་ཡོད་པ་ནི། སྡེ་དགེའི་སྤར་དཔོན་བཀྲ་ཤིས་རྡོ་རྗེའི་ཞལ་གསུང་ལས། སྡེ་དགེའི་སྤར་ཁང་གི་ཆེད་གཉེར་ཤོག་བུ་བཟོ་མཁན་ནི་ས་སྨད་ཕྱོགས་ཀྱི་སྒ་རྗེ་དང༌། ས་དམར་རྣམས་ཡིན་ཞིང་དེ་དག་གི་ལས་འགན་ནམ་ལོ་ཁྲལ་གཙོ་བོ་ཤོག་བུ་བཟོ་ཞིང་སྡེ་དགེའི་སྤར་ཁང་ལ་ལོ་རེ་བཞིན་ལྡང་ངེས་ཀྱི་ཤོག་བུ་མཁོ་འདོན་བྱེད་ཐུབ་དགོས་པ་དང༌། དེ་ཡང་ཤོག་བུ་སྤུས་ཚད་རིམ་པ་ཁ་ཤས་ཡོད་པ་སྟེ། བསྟན་ཤོག་ཅེས་པ་བསྟན་འགྱུར་པར་ཡས་ཀྱི་ཤོག་བུ་སྤུས་ཚད་ཅུང་ཞན་པ་དང༌། བཀའ་ཤོག་ཅེས་པ་བཀའ་འགྱུར་པར་ཡས་ཀྱི་ཤོག་བུ་སྤུས་ཚད་དེ་ལས་ལེགས་པར་བཟོ་དགོས་ཤིང་ཡོད་འདུག གཞན་ཡང་སྡེ་དགེའི་ལས་ཁུངས་ཁག་ལ་ཉེར་མཁོའི་ཤོག་བུ་བཟོ་མཁན་ལ་སྡེ་དགེའི་ཉེར་སྐོར་གྱི་ར་ཆེན་སྒང་དང༌། མདའ་མ་གཤིས། རྨ་བྱ་ར་བ་རྣམས་སུ་སྡོད་པའི་གྲོང་མི་རྣམས་ཡིན་ཞིང༌། དེ་དག་གིས་ཤོག་བུ་ཁྲ་རིས་མ་ཞེས་པ་རྒྱུན་སྤྱོད་ཀྱི་ཡིག་ཆ་དང༌། ཡིག་བསྐུར་སོགས་ཀྱི་སྐབས་སུ་སྤྱོད་རྒྱུའི་ཤོག་བུ་རྣམས་བཟོ་ཞིང་ཡོད་པ་དང༌། དེ་ལས་ར་ཆེན་སྒང་པས་དཔལ་སྤུངས་དགོན་པ་ལ་ཡང་ཉེར་མཁོའི་ཤོག་བུ་མཁོ་འདོན་བྱ་རྒྱུའི་ལས་འགན་ཡོད་པ་རེད། ཅེས་གསུངས།