ཤར་དཔལ་སྤུངས་པའི་སྨན་གྲྭ་དང་སློབ་རྒྱུད།
༄༅།།༼ཤར་དཔལ་སྤུངས་པའི་སྨན་གྲྭ་དང་སློབ་རྒྱུད།༽
ན་མོ་གུ་རུ་མ་ཧཱ་པཎྚི་ཏ་དྷརྨ་ཀ་ར་ཡ།
ཐོག་མར་གདན་ས་འདི་ཉིད་ཀྱི་སྟོན་པ་ཆེན་པོ་སི་ཏུ་པཎ་ཆེན་གྱི་རྣམ་ཐར་མདོ་བསྡུས་ཤིག་གིས་སྐབས་སུ་བབས་པའི་གཏམ་གྱི་སྒོ་འཕར་ཡངས་པོར་འབྱེད་པ་ལ།
དེའང་གནས་ལྔ་རིག་པའི་མ་ཧཱ་པཎྚི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས་སམ་སྨན་རྒྱལ་བསྟན་པའི་ཉིན་བྱེད་མཆོག་ནི་(ཨ་ཏ་རོང་དུ་འབྲུག་སྒྲས་ནམ་མཁའ་ཁྱབ༔མདོ་ཁམས་ཤར་ཕྱོགས་ཞྭ་ཁྲ་ཅན་གྱིས་གང་༔བཀའ་བརྒྱུད་བསྟན་པ་ཉི་ཞུར་ཙམ་ཞིག་འབྱུང་༔)ཞེས་སོགས་འཁྲུལ་མེད་ལུང་གིས་བསྔགས་པ་ལྟར་མདོ་ཁམས་སྡེ་དགེའི་མངའ་ཁུལ་བྱང་བཀྲ་ཤིས་ཨ་ཏ་རོང་ངམ་ཨ་ལོ་ཁབ་སྟེང་དིང་རིང་སྒང་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་ལོར་སྐུ་འཁྲུངས། རྒྱལ་མཆོག་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེས་སི་ཏུའི་སྤྲུལ་སྐུར་ངོས་འཛིན་གནང་། ཞྭ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་འགྲུབ་མཆོག་གིས་ཀརྨ་པ་བྱང་ཆུབ་རྡོ་རྗེ་དང་ལྷན་དུ་མཚུར་མདོ་བོ་ལུང་གི་གདན་སར་མཐིང་དམར་གྱི་ཅོད་པཎ་སོ་སོར་བསྒྲོན་ཏེ་གསེར་ཁྲི་ལ་མངའ་གསོལ། དེ་ནས་ཨ་ལོ་བླ་མ་ཀུན་མཁྱེན་དང་།ཞྭ་དམར་བརྒྱད་པ།དེའུ་དམར་པཎ་ཆེན་བསྟན་འཛིན་ཕུན་ཚོགས། ཀཿཐོག་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུ་སོགས་དབུས་གཙང་ཁམས་གསུམ་གྱི་མཁས་དབང་དུ་མའི་ཞབས་པད་བསྟེན། སྒྲ་རྩིས་ཚད་མ་བཟོ་གསོ་སོགས་རིག་གནས་དང་།དབུ་ཕར་འདུལ་མཛོད་སོགས་མདོ། བདེ་དགྱེས་གསང་གསུམ་ཕྱག་ཆེན་ཆོས་དྲུག་སོགས་རྒྱུད་སྡེ་མན་ངག་ཀུན་ལ་གསན་བསམ་མཐར་ཕྱིན་ཏེ་མཁས་གྲུབ་ཀུན་གྱི་རྒྱལ་པོར་གྱུར། པཎྚི་ཏ་ཛ་ཡ་མངྒས་ཁྱོད་འདྲ་བ་འཕགས་ཡུལ་དུ་ཡོད་ན་གདུགས་དཀར་པོ་བདུན་ཙམ་འཕུབ་དགོས་པའི་བསྟོད་བསྔགས་མཛད། གདན་ས་ཆེན་མོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གསར་འདེབས་དང་སྡེ་དགེའི་བཀའ་འགྱུར་གྱི་ཞུ་ཆེན་མཛད། མཚུར་ལུགས་སྐར་རྩིས་རིག་པའི་སྲོག་རྒྱུན་མཐུད་དེ་དཔལ་སྤུངས་ལོ་ཐོ་གསར་སྤེལ་གནང་། ཟུར་ལུགས་གསོ་རིགས་དར་སྤེལ་བཏང་བ་དང་རྒྱ་བོད་ཀྱི་སྨན་པ་གྲགས་ཅན་གང་གིས་ཀྱང་ངོས་མ་ཟིན་པའི་རྩྭ་སྨན་རིགས་བརྒྱ་ལྷག་ངོས་འཛིན་གནང་། རབ་བྱུང་བཅུ་གསུམ་པའི་མེ་ཕག་༡༧༤༧་ལོར་སྡེ་དགེའི་ཆོས་རྒྱལ་ཆེན་པོ་བསྟན་པ་ཚེ་རིང་མཆོག་གིས་སྦྱིན་བདག་གནང་བ་ལྟར་ཛམ་ཐོག་ནོར་བུའི་ཆོས་གླིང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་ནག་ཆེན་མོ་སོགས་ཀྱི་སྦྱོར་བ་རྒྱ་ཆེར་གནང་། མདོ་དབུས་ཁམས་གསུམ་གྱི་སྨྱུག་ཐོགས་པ་གྲགས་ཅན་ལྔ་བཅུ་ལྷག་ཙམ་བསྡུས་ཏེ་ཡི་གེའི་འབྲི་རྩལ་གྱི་ལེགས་ཆ་ཅི་རིགས་མཉམ་དུ་བསྡུས་ནས་སྡེབ་བྲིས་གསར་བཏོད་དང་རང་བློས་གསར་སྤྲོས་ཀྱིས་སྒར་ལུགས་གསར་མའི་སྲོལ་ཕྱེས་ཏེ་ཕྱག་རིས་ཞལ་ཐང་དང་ཕྱག་བཟོས་ལྡེར་ཚོ་བརྒྱ་ཕྲག་མང་པོ་ཕྱི་རབས་འགྲོ་བའི་དད་པའི་རྟེན་དུ་བསྐྲུན་པ་སོགས་མཛད་རྗེས་ཤིན་ཏུ་ཆེ།དེ་ལྟར་བོད་ཡུལ་ཀུན་དང་། རྒྱ་སོག་ཧོར་འཇང་། བལ་པོ་འབྲུག་པ། རྒྱལ་རོང་ཡུན་ནན་སོགས་རྒྱལ་ཁག་དང་ཡུལ་སྡེ་མང་པོར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་དགུང་གྲངས་དོན་དྲུག་པའི་ཤིང་རྟ་ལོར་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། གསུང་འབུམ་དཔལ་སྤུངས་སྤར་མ་མདའ་ཚད་མ་གླེགས་བམ་བཅུ་བཞི་དང་། སློབ་མའི་གཙོ་བོ་ཀརྨ་པ་བཅུ་གསུམ་པ་དང་ཞྭ་དམར་བཅུ་པ། དབོན་པོ་ཀརྨ་ངེས་ལེགས། ཁམས་སྤྲུལ་ཆོས་ཀྱི་ཉི་མ།འབེ་ལོ་ཙཱ་པ་ཚེ་དབང་ཀུན་ཁྱབ། གླིང་སྨན་བཀྲ་ཤིས་འབུམ། ཀར་ཤོད་ཀརྨ་བཀྲ་ཤིས། ཞབས་དྲུང་མདོ་མཁར་བ་ཚེ་རིང་དབང་རྒྱལ། བལ་པོའི་པཎྚི་ཏ་རཏྣ་མུ་ནི། སིཾ་ཧེ་ཤྭ་ར། ས་མནྟ་བྷ་དྲ་སོགས་ཤིན་ཏུ་མང་ངོ་།།
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ འབྲུམ་བཅོས་ཕན་བདེ་མྱུར་སྟེར། འབྲུམ་ནད་གསོ་བའི་ཐབས་ཅུང་ཟད་བརྗོད་པ། མ་ཧཱ་ཙི་ནའི་གསོ་དཔྱད་ཀྱི་བསྟན་བཅོས་ལས་རྩ་ལ་བརྟེན་ནས་ནད་བརྟག་པའི་ཚུལ། རྒྱ་ནག་ཡི་གེའི་དཔེ་ལས་བོད་སྐད་དུ་བསྒྱུར་ནས་སྨར་ཁྲིད་དུ་སྩལ་བའི་ནད་སྨན་འགའ་ངོ་སྤྲོད། མ་ཧཱ་ཙི་ནའི་སྨན་པ་ལ་གྲགས་པའི་རུས་ཆགས་སྦྱོར་བའི་ཆེས་ཟབ་གསང་བ་བཤད་པ། གཅོང་ཆེན་དམུ་ཆུ་གསོ་བའི་གདམས་པ། ཉམས་ཡིག་བདུད་རྩིའི་རྒྱ་མཚོ། མནྟྲ་ཞེས་པའི་སྨན་བཅོས་སྐོར་གྱི་སྨན་བཅོས་སྣ་ཚོགས། བྱིས་པའི་གདོན་ཞི་བ་བྱེད་པའི་གཏོར་བཅོས་རྒྱ་གར་མ། རྗེ་བླ་མའི་ཞལ་ཤེས་ཁྱུང་རིལ་བསྡུ་ལུགས་སོགས་སྣ་ཚོགས།(འདི་ཞལ་སློབ་ཞིག་གིས་ཞལ་ཤེས་འཁྲུལ་མེད་དུ་བཀོད་པ་ཞིག་ཡིན།) རིན་ཆེན་རིལ་ནག་ཆེན་མོ་སོགས་ཀྱི་ལག་ལེན་བལྟས་ཆོག་ཏུ་བཀོད་པ་དང་གཞན་ཡང་དངུལ་ཆུ་བཙོ་བཀྲུ་ཆེན་མོ་ཐལ་སྨན་རྣམས་དང་བཅས་པའི་ལག་ལེན་འཆི་མེད་བདུད་རྩིའི་སྲོག་ཤིང་སོགས་བཞུགས་སོ།།
ཤར་དཔལ་སྤུངས་པའི་སྨན་གྲྭ་ཞེས་པ་དེ་ཡང་སི་ཏུ་པཎ་ཆེན་གྱིས་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་༡༧༥༥ལོར་བཙུགས་པའི་དཔལ་སྤུངས་ལྔ་རིག་སློབ་གླིང་གི་ཁམས་ཚན་གསོ་བ་རིག་པའི་འཛིན་གྲྭ་ཞིག་ཡིན། འོན་ཏང་འཛིན་གྲྭ་འདིའི་འཕྲིན་ལས་ཀྱི་འོད་སྣང་དཀར་པོ་དེ་བོད་ཁམས་ཙམ་དུ་མ་ཟད་རྒྱ་འཇང་ཧོར་སོགས་མི་རིགས་གཞན་དང་འབྲུག་པ་དང་བལ་པོ་ལ་དྭགས་སོགས་ཕྱི་ཡི་རྒྱལ་ཁབ་གཞན་དུའང་འཕྲོས་པས་དོན་ལ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་དེ་སྔོན་གཡུ་ཐོག་རྙིང་མའི་སྐབས་ཀྱི་ཀོང་པོའི་སྨན་ལུང་དུ་སྨན་གྱི་དགོན་པ་ལྟ་ན་སྡུག་དང་ཟུར་མཁར་མཉམ་ཉིད་རྡོ་རྗེའི་སྐུ་དུས་ཀྱི་ཤར་ཕྱོགས་མངོན་དགའ་ལྟ་བུ་རེ་གཉིས་ཙམ་ལས་བྱུང་མ་མྱོང་བའི་བོད་སྨན་གྱི་བཟོ་གྲྭ་ཞིག་ཏུ་གྲུབ་ཡོད།
སྨན་གྲྭ་འདི་ཉིད་ནས་སྔ་ཕྱིར་སློབ་ཐོན་གནང་སྟེ་བོད་ཀྱི་གསོ་བ་རིག་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་མཁས་དབང་འགའ་དང་དེ་དག་གི་སློབ་རྒྱུད་འཛིན་པའི་སྨན་རམས་པ་འགའ་ཡི་མཚན་ཐོ་ནི།
༼དེའུ་དམར་པཎ་ཆེན་བསྟན་འཛིན་ཕུན་ཚོགས།༽ (རྗེ་འདི་ལྷ་ཐོག་རྒྱལ་པོས་ཡུལ་འབུད་བཏང་རྗེས་དཔལ་སྤུངས་སུ་སི་ཏུ་པཎ་ཆེན་དང་དགེ་རྒན་བསྟེན་རེས་མཛད་ཅིང་རྒྱུན་རིང་བཞུགས་ཏེ་དབོན་ཀརྨ་བསམ་གཏན་སོགས་སྨན་སློབ་དུ་མ་བསྐྱངས་པས་ཞར་བྱུང་དུ་འགོད་པའོ།།)
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ ཤེལ་གོང་ཤེལ་ཕྲེང་། (འདི་ནི་རྗེ་ཉིད་བོད་ཁམས་ཡོངས་དང་རྒྱ་དཀར་ནག་འཇང་ཡུལ་སོགས་སྐུ་དངོས་སུ་ཕེབས་ཏེ་དེ་དག་ཀུན་ལ་སྐྱེས་པའི་རྩྭ་ཤིང་སྔོ་ལྡུམ་སོགས་ལ་ཞིབ་འཇུག་གནང་མཐར་རབ་བྱུང་བཅུ་གཉིས་པའི་མེ་ལུག་༡༧༢༩ལོར་མཛད་པའི་སྨན་རྫས་རིག་པའི་བསྟན་བཅོས་གྲགས་ཅན་ཞིག་ཡིན། རྩ་བ་ལ་ཤེལ་གོང་དང་འགྲེལ་པ་ལ་ཤེལ་ཕྲེང་ཞུ།) སྲིན་ནད་ཡ་མའི་བཅོས་བསྡུས་དོན་གསུམ། གསོ་བ་རིག་པའི་ཆོས་འབྱུང་རྣམ་ཐར་རྒྱ་མཚོའི་རྦ་རླབས་དྲང་སྲོང་དགྱེས་པའི་འཛུམ་ཕྲེང་། གསོ་བ་རིག་པའི་ཐོར་ཡིག་བྱིན་རླབས་མྱུ་གུ། གསོ་བ་རིག་པའི་སྨན་གྱི་སྦྱོར་སྡེའི་སྐོར། གསོ་རིག་མངོན་བརྗོད་ཉེར་མཁོའི་བསྡུས་དོན། གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ། གསོ་རིག་ཆོས་འབྱུང་དྲང་སྲོང་དགྱེས་པའི་འཛུམ་ཟེར། ཞོ་པྲ་བརྟག་པ་ཆུ་ཡི་མེ་ལོང་། ཟབ་གསང་ཡ་མ་དྲུང་འབྱིན་གསལ་བའི་བཀའ་རྒྱ་ཅན། རིན་ཆེན་བཙོ་བཀྲུའི་ལག་ལེན་ཟླ་དབང་རབ་འཆིངས། རིན་པོ་ཆེ་དབང་པོ་རིལ་བུ་གསུམ་གྱི་ལག་ལེན་གསལ་བའི་བསྟན་བཅོས་ཟབ་གསང་སྙིང་གི་ཁྲག་ཐིག། རླུང་ནད་བཅོས་པའི་གདམས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཕན་བདེའི་དོ་ཤལ། ལག་ལེན་གཅེས་རིགས་བཏུས་པ་སྨན་ཀུན་བཅུད་དུ་བསྒྲུབས་པའི་ལས་ཀྱི་ཆོ་ག་ཀུན་གསལ་སྣང་མཛོད། ལུས་གནད་དང་བྱང་ཁོག་ཡུལ་ཐིག། ལུས་གནད་གསལ་བའི་སྟོང་ཐུན་ངེས་གསང་སྒོ་འབྱེད། རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ། རྒྱུད་ཀྱི་དཀའ་བའི་གནད་དཀྲོལ་བ་ཟླ་ཟེར་གྱི་དུམ་བུ་ཞེས་བྱ་བ། གློ་དམུ་གཉིས་ཀྱི་སྒོ་བཅོས་བདུད་རྩིའི་གསང་ཐིག། མེ་བཙའི་གདམས་པ་རྒྱས་སྤྲོས་ཤེལ་དཀར་མེ་ལོང་། མན་ངག་གི་སྙིང་པོ་གཅེས་པར་བསྡུས་པ་ལག་ལེན་རྒྱུན་ཁྱེར་བྱ་བའི་རིམ་པ། རྨ་བཅོས་བདུད་རྩི་ཐིག་པའི་ཕྲེང་བ་གདམས་པ་ཀུན་གྱི་ཡང་སྙིང་ཕྱོགས་གཅིག་ཏུ་བསྡུས་པ། རྔུལ་འབྱིན་གྱི་གདམས་པ་ནད་གདོན་བ་སྤུའི་ཐེམ་འབྱེད། བཅུད་ལེན་རྣམ་བཤད་ཟག་མེད་བདེ་སྟེར། དུག་སྲུང་གི་རིམ་པ་ཡང་ཟབ་རྡོ་རྗེའི་སྲོག་རྫོང་། སྤྲུལ་པའི་སྨན་ཞིང་ལྟ་ན་སྡུག་གི་བཀོད་ཡིག་ངོ་མཚར་མེ་ན་ཀའི་གར་བརྒྱ། གཏར་གའི་གདམས་པ་ཉེས་འཁྲུགས་རྙོགས་མ་དྲུང་འབྱིན། བད་ཀན་སྨུག་པོ་བཅོས་པའི་ཟིན་བྲིས་འཆི་མེད་སྲོག་གི་དཔལ་འཛིན་སོགས་ཆོས་ཚན་ཤིན་ཏུ་མང་ངོ་།། རྗེ་འདིའི་གསུང་ཚོགས་འགའ་ཞིག་མཚོ་སྔོན་དཔེ་སྐྲུན་ཁང་གིས་གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་ཞེས་དེབ་ཆེན་གཅིག་ཏུ་བསྒྲིགས་ཡོད། གཞན་ཡང་དབང་རིལ་ཉེར་ལྔ་སོགས་སྨན་སྦྱོར་ཁྱད་འཕགས་མང་ཙམ་གསར་སྤེལ་གནང་།
༼དབོན་པོ་ཀརྨ་བསམ་འཕེལ། ༽ སི་ཏུ་པཎ་ཆེན་དང་ཡབ་ཡུམ་གཅིག་པའི་སྐུ་མཆེད་ཡིན། སི་ཏུ་པཎ་ཆེན་ལས་དགུང་ལོ་གཉིས་ཀྱིས་གཞོན།
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ རྒྱུད་བཞིའི་འགྲེལ་པ་ཞིག་ཡོད་སྐད་ཙམ་ལས་དངོས་སུ་མཇལ་མ་ཐུབ།
༼དབོན་པོ་ཀརྨ་ངེས་ལེགས་བསྟན་འཛིན།༽ སི་ཏུ་པཎ་ཆེན་དང་ཡབ་ཡུམ་གཅིག་པའི་སྐུ་མཆེད་ཡིན། སི་ཏུ་པཎ་ཆེན་ལས་དགུང་ལོ་བདུན་གྱིས་གཞོན།
༼གསོ་རིག་སྐོར་གྱི་གསུང་རྩོམ། རིན་ཆེན་དབང་རིལ་ཤེལ་གྱི་མཆོད་རྟེན་དང་རིན་ཆེན་རྟ་རི་མ་བཅས་ཀྱི་སྦྱོར་སྡེ་བགྱིས་ཚུལ་གཞན་ཕན་ཟླ་འོད་གཞོན་ནུའི་འཁྲི་ཤིང་། དཔལ་ལྡན་རྒྱུད་བཞི་སོགས་གསོ་བ་རིག་པའི་བཀའ་བསྟན་མན་ངག་ཀུན་གྱི་གནད་བསྡུས་ཕན་བདེའི་བསིལ་ཟེར་འཕྲོ་བའི་ཟླ་བ་གསར་པ།(སྨན་བསྡུས་ཨེ།) གསོ་བ་རིག་པའི་མན་ངག་མཐའ་དག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་མན་ངག་ཡོན་ཏན་རྒྱུད་དང་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ལྷན་ཐབས་ཚུལ་དུ་བཀོད་པ་ཕན་བདེ་ནོར་བུའི་བང་མཛོད།(སྨན་བསྡུས་ཝཾ) སྨན་ནག་བདུད་རྩིའི་འཕྲུལ་འཁོར་གྱི་མན་ངག་རྒྱས་པར་བཀྲོལ་བ་སོགས་བཞུགས།
༼དབོན་པོ་ཀརྨ་བསམ་གཏན།༽སི་ཏུ་པཎ་ཆེན་དང་ཡབ་ཡུམ་གཅིག་པའི་སྐུ་མཆེད་ཡིན། སི་ཏུ་པཎ་ཆེན་ལས་དགུང་ལོ་བཅུ་ཡིས་གཞོན།
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ གཏར་རྩ་དོན་བདུན་ཞེས་པ་རྗེ་དབོན་རིན་པོ་ཆེའི་གསུང་གི་ཟིན་ཐོ། རྒྱུད་བཞིའི་མཆན་འགྲེལ། རྗེ་པཎ་ཆེན་བླ་མའི་སྐུ་ཡི་གཅུང་པོ་སྨན་རྒྱལ་ཀརྨ་བསམ་གཏན་གྱི་ཞལ་རྒྱུན་གཏར་ཁའི་ཞལ་ཤེས།(རྗེ་ཉིད་ཀྱི་སློབ་རྒྱུད་ཅིག་གིས་བཀོད་པ་ཞིག་ཡིན།) རྗེ་དབོན་མཆོག་སྤྲུལ་རིན་པོ་ཆེའི་ཕྱག་དཔེ་གཅེས་བསྡུས་ཕན་བདེའི་སྙིང་པོ་ལ་དཀའ་མཆན་གནང་བའི་ཕྱག་བྲིས་འཁྲུལ་མེད་ཞལ་བཤུས། (རྗེ་འདིས་འབྲི་གུང་ཚེ་དབང་བརྟན་པའི་ཕན་བདེའི་སྙིང་པོ་ལ་ཕྱག་མཆན་བཏབ་རྣམས་ཞལ་སློབ་ཅིག་གིས་ཕྱོགས་གཅིག་ཏུ་བཀོད་པ་ཞིག་ཡིན།)སྤྱིར་དམ་པ་འདི་ཉིད་སྨན་གཞུང་ཀུན་ལ་མཁས་ཤིང་ཁྱད་པར་དུ་བཅོས་ལ་ཕྱིས་བྱོན་སྨན་པའི་སྤྱོད་ཡུལ་དུ་མ་གྱུར་པ་དོན་སྣོད་ནང་སྐྲན་ལ་ཐུར་མ་འཕེན་པ་དང་།མིག་དབྱེ་བ། མགོ་ཆགས་ཀླད་པའི་རྒྱ་དར་ཡན་གྱི་སྐྱོན་སེལ་འབྲུད་བརྡར་དམན་ལྷག་མ་ལུས་པ་དང་།ཡན་ལག་གི་ཚིག་ཤོར་ལོང་ཅན་གྱི་འཛུད་ལུགས། སྟོད་འཚང་ཆང་གིས་བཅོས་པ་སོགས་འཚོ་བྱེད་གཞོན་ནུ་གསོས་ཀྱི་རྣམ་ཐར་འཆང་བ་ཞིག་ལགས་པས་སྨན་རྒྱལ་ཀརྨ་བསམ་གཏན་ཞེས་ཡོངས་སུ་གྲགས་པ་ཡིན་ཞེས་གསུངས།
༼འབེ་ལོ་ཙཱ་པ་ཚེ་དབང་ཀུན་ཁྱབ།༽རྗེ་པཎ་ཆེན་སི་ཏུའི་སློབ་མའི་ཐུ་བོ་དང་བཀའ་ཡི་བསྡུ་བ་པོའང་ཡིན།
༼གསོ་རིག་སྐོར་གྱི་གསུང་རྩོམ། གསོ་རིག་ཆོས་འབྱུང་སྒོ་བརྒྱ་འབྱེད་པའི་ལྡེ་མིག། སི་ཏུ་ཆོས་འབྱུང་གི་ཕྱག་དཔེ་ནས་བཤུས་པའི་མན་ངག་ཡང་ཟབ་ཁ་འཐོར། ཀུན་ཁྱབ་གསུང་རྒྱུན་སྨན་མིང་གསལ་བྱེད།(འདི་སློབ་རྒྱུད་ཅིག་གིས་བཀོད་པ་འདྲ།) རྒྱ་ནག་ལུགས་ཀྱི་གསོ་དཔྱད་གཞུང་ལས་རྟོགས་པའི་རེག་པ་རྩ་ལ་བརྟེན་ནས་ནད་ངོས་འཛིན་ཚུལ། ( པན་ཆེན་སི་ཏུ་ལས་ཇི་ཙམ་ཐོས་པ་དག་ཟིན་ཐོ་བཀོད་པ་ཞིག་ཡིན།)དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་བཞེས་གནང་སྐབས་ཀྱི་ཟིན་བྲིན་བྲིས། (སི་ཏུ་པཎྚི་ཏས་ཛམ་ཐོག་ནོར་བུའི་ཆོས་གླིང་དུ་དངུལ་ཆུ་བཙོ་ཆེན་ཕྱག་བཞེས་གནང་སྐབས་ཞལ་གསུང་ཇི་བཞིན་ཟིན་བྲིས་བཏབ་པ་ཞིག་ཡིན།) ལས་ལྔའི་རྣམ་བཤད་ཉི་འོད་རབ་གསལ་སོགས་བཞུགས།
༼གླིང་སྨན་བཀྲ་ཤིས་འབུམ།༽ རྗེ་འདིས་དགུང་ལོ་བཅུ་གཉིས་ནས་བཟུང་སི་ཏུ་པཎ་ཆེན་སྐུ་མ་གཤེགས་ཀྱི་བར་དུ་ཞབས་ལ་བསྟེན་པ་ཡིན།
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ གཅེས་པར་བསྡུས་པ་འཆི་མེད་བུམ་བཟང་། (འདི་དགུང་གྲངས་དོན་གཉིས་ཐོག་མཛད།) རྒྱུད་བཞིའི་དཀའ་འགྲེལ།(རྗེ་བཅུ་གསུམ་པའི་བཀའ་བཞིན་སྐུ་ན་བགྲེས་པའི་ངལ་བ་ལ་མ་ལྟོས་པར་དགུང་གྲངས་གྱ་གསུམ་ནས་གྱ་ལྔའི་བར་དུ་མཛད། པཎ་ཆེན་སི་ཏུའི་ཞལ་ཤེས་ཇི་བཞིན་བྲིས་པའི་རྒྱུད་འགྲེལ་ཞིག་ཡིན་པས་བཀྲ་འབུམ་རྒྱུད་བཞིའི་དཀའ་འགྲེལ་ཞེས་ཀུན་གྱིས་ཚད་མར་བརྩི།) ཞལ་ཤེས་སྣ་ཚོགས་མུ་ཏིག་ཕྲེང་བ། (སི་ཏུ་པཎ་ཆེན་གྱི་ཞལ་གསུངས་རྣམས་བརྗེད་བྱང་དུ་བཀོད་པ་ཞིག་ཡིན།) ཞལ་ཤེས་འཆི་མེད་མཛེས་པའི་ཟེར་ཕྲེང་སོགས་བཞུགས།
༼ཚེ་བྷྲུྃ་དོན་ལྡན།༽ པཎ་ཆེན་སི་ཏུའི་སྨན་གྱི་སློབ་མའི་གཙོ་བོ་ཞིག་ཡིན། མགོ་བོའི་མཁྲིས་སྲིན་ལ་མཆོག་ཏུ་ཕན་པའི་གར་ནག་བཅོ་ལྔ་སོགས་སྨན་སྦྱོར་ཁྱད་འཕགས་དུ་མ་གསར་སྤེལ་གནང་།
༼སྡེ་དགེའི་དྲུང་འཚོ་པ་གུ་རུ་འཕེལ།༽ མཚན་གཞན་གུ་རུ་བཀྲ་ཤིས་ཀྱང་ཞུ། ཆོས་རྒྱལ་བསྟན་པ་ཚེ་རིང་གི་དྲུང་ཡིག་དང་བླ་སྨན་པ་ཡིན།
༼གསོ་རིག་སྐོར་གྱི་གསུང་རྩོམ༽ དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཟིན་བྲིས་སྲིད་གསུམ་གཙུག་རྒྱན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་ལུང་དངུལ་ཆུ་བཙོ་ཆེན་དང་རིན་ཆེན་རིལ་བུའི་སྦྱོར་སྡེ་ཟླ་བ་བདུད་རྩིའི་ཐིག་ལེ། སྨན་གྱི་བརྡ་བསྡུས་དང་གབ་མིང་འགའ་ཞིག་བཀྲོལ་བ་བློ་གསལ་མགྲིན་པའི་རྒྱན་སོགས་བཞུགས།
༼དབོན་སྤྲུལ་དབང་གི་རྡོ་རྗེ།༽ (དབོན་པོ་ཀརྨ་བསམ་འཕེལ་གྱི་ཡང་སྲིད་ཡིན།མཚན་གཞན་དབང་རྒྱལ་རྡོ་རྗེའང་ཞུ།) རྗེ་འདིས་དམིགས་སུ་བཟུང་ནས་གསོ་རིག་མ་སྦྱོང་ཡང་སྐྱེས་སྟོབས་ཀྱི་རིག་པས་གསོ་བ་རིག་པའི་གནས་ཕལ་ཆེར་མཁྱེན་ཏེ་སྡེ་དགེའི་རིལ་ནག་ཆེན་མོ་བསྡུ་སྦྱོར་གནང་། མེ་རྩ་གཏོང་ཐབས་སོགས་ཀྱི་སྐོར་གསོ་རིག་བསྟན་བཅོས་ཐོར་བུ་མཛད་པའང་གྲགས།
༼དབོན་ཀརྨ་ངེས་དོན་བསྟན་འཛིན་འཕྲིན་ལས་རབ་རྒྱས།༽ (མཚན་གཞན་ཀརྨ་རིན་ཆེན་དང་ཀརྨ་རཏྣ་ཡང་ཞུ། དབོན་པོ་ཀརྨ་ངེས་ལེགས་ཀྱི་ཡང་སྲིད་ཡིན།) རབ་བྱུང་བཅུ་གསུམ་པའི་ཤིང་ཡོས་༡༧༩༥ལོར་སྡེ་དགེ་རྒྱལ་པོ་ཚེ་དབང་རྡོ་རྗེ་རིག་འཛིན་དང་ལྷ་ལྕམ་ཚེ་དབང་ལྷ་མོ་གཉིས་ཀྱིས་སྦྱིན་བདག་ཞུས་པ་ལྟར་ལྕང་ར་ལྷ་ཀླུ་འཆི་མེད་དགའ་ཚལ་དུ་དངུལ་ཆུ་བཙོ་ཐལ་དང་རིན་ཆེན་གྲངས་སྦྱོར་སོགས་རིན་ཆེན་རིགས་ཀྱི་སྦྱོར་བ་གྲངས་མང་གནང་།
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ གཅེས་པར་བསྡུས་པ་འཆི་མེད་ནོར་བུའི་ཕྲེང་བ། རྒྱུད་བཞིའི་དཀའ་འགྲེལ། འདོད་འབྱུང་མན་ངག་ཡོན་ཏན་ནོར་བུའི་གསལ་བྱེད་ཕན་བདེའི་སྒོ་འབྱེད་ལྡེའུ་མིག། འཆི་མེད་ནོར་ཕྲེང་གི་མན་ངག་སྙིང་གི་ནོར་བུ། ལྷན་ཐབས་སྙིང་ནོར་ཡང་ཟབ་སོགས་བཞུགས།
༼སྟོང་ནག་བསྟན་འཛིན་རབ་རྒྱས།༽ པཎ་ཆེན་སི་ཏུའི་ཞལ་སློབ་ཞིག་ཏེ་མན་ངག་གནད་ཀྱིས་བརྒྱན་པའི་དཔེ་ཚན་མི་ཉུང་བ་ཡོད་པར་གྲགས།
༼ཡིད་ལྷུང་འཇམ་དབྱངས་སམ་འཚོ་བྱེད་ཚུལ་ཁྲིམས་འོད་གསལ།༽ དབོན་པོ་ངེས་ལེགས་པཎ་ཆེན་གྱི་གསོ་རིག་སློབ་མའི་ཐུ་བོ་ཞིག་ཡིན་ལ་སྨན་བསྡུས་ཨེ་ཝཾ་ཞེས་པའང་དམ་པ་འདི་ཉིད་ཀྱིས་བསྐུལ་བ་ལ་རྟེན་ནས་བདག་ཅག་གི་བསོད་ནམས་ཀྱི་བགོ་སྐལ་དུ་གྲུབ་པའོ།།
༼ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའམ་འཇམ་མགོན་བློ་གྲོས་མཐའ་ཡས།༽ རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་ལོར་བོད་ཀྱི་བཀའ་བློན་གྱིས་ཡོན་བདག་ཞུས་པ་ལྟར་མདོ་སྨད་ཉག་ཤོད་རི་རྒྱལ་དགའ་ལྡན་ཀུན་ཁྱབ་རྫོང་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིགས་ཀྱི་རྣམ་གྲངས་མང་ཙམ་བསྡུ་སྦྱོར་གནང་།
༼གསོ་རིག་སྐོར་གྱི་གསུང་རྩོམ། འཚོ་བྱེད་ལས་དང་པོ་པ་ལ་ཉེ་བར་མཁོ་བའི་ཟིན་ཏིག་གཅེས་བཏུས་བདུད་རྩིའི་ཐིག་པ། ཟབ་མོ་ནང་གི་དོན་ཉུང་ངུའི་ཚིག་གིས་རྣམ་པར་འགྲོལ་བ་ཟབ་དོན་སྣང་བྱེད། གཡུ་ཐོག་སྙིང་ཐིག་གི་ཆ་ལག་ལྷ་སྨན་རྗེས་གནང་བའི་བཀླག་ཆོག་ཏུ་བཀོད་པ་སྙན་པའི་གླིང་བུ། སྨན་སྦྱོར་ཆེ་ཆུང་རྣམས་ལ་ཉེ་བར་མཁོ་བའི་ལྕགས་བརྒྱད་ཁམས་བརྒྱད་ཀྱི་དུག་འདོན་ཐལ་སྨན་གྱི་ཆོ་ག་འཚོ་མཛད་མཁས་པའི་སྙིང་ནོར། བྱིན་རླབས་བླ་སྒྲུབ་སྡུག་བསྔལ་མུན་སེལ་ཐུགས་རྗེའི་ཉི་འོད་ཕྱི་ནང་གསང་གསུམ་གྱི་ཉམས་སུ་ལེན་པའི་ཟིན་བྲིས་བཀླག་ཆོག་ཏུ་བཀོད་པ་ཡོན་ཏན་འབྱུང་གནས། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པའི་བཅུད་ལེན་དུ་བསྒྱུར་བའི་ལག་ལེན། ཟླ་ཤེལ་དབང་རིལ་སྤྱི་དང་ཁྱད་པར་བ་སྦྱོར་ཚུལ་བདུད་རྩིའི་མྱུ་གུ། ནད་སྨན་སྤྲོད་པའི་ལག་ལེན་སོགས་བཞུགས། གཞན་ཡང་རྗེ་འདི་ཉིད་ཀྱིས་རྩོམ་སྒྲིག་གནང་བའི་མཛོད་ཆེན་རྣམ་པ་ལྔ་ཞེས་གླེགས་བམ་བརྒྱ་ལྷག་ཙམ་དེའི་ཡ་གྱལ་དུ་གྱུར་པ་རིན་ཆེན་གཏེར་མཛོད་ཆེན་མོའི་ནང་དུ་བཞུགས་པའི་གསོ་རིག་སྐོར་གྱི་གསུང་ཚོགས་རྣམས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་(རིན་གཏེར་སྨན་ཡིག་གཅེས་བཏུས་)ཞེས་དཔར་དུ་བསྐྲུན་ཡོད།
༼སྡེ་དགེ་བླ་སྨན་ཆོས་གྲགས་རྒྱ་མཚོ།༽
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ རྩ་མདོ་ཆུ་མདོ་གསལ་བྱེད་མེ་ལོང་། དངུལ་ཆུ་བཙོ་བཀྲུ་དང་རིན་ཆེན་སྦྱོར་སྐབས་དགོས་པའི་ཟ་འཆིངས་ཀྱི་ལག་ལེན་ཇི་ལྟར་བགྱིས་པའི་བརྗེད་ཐོ་རྣམ་གསལ་ནོར་བུའི་མེ་ལོང་། ནད་སྨན་སྤྲོད་པའི་ཉམས་ཡིག། ལྕགས་ཁམས་ཐལ་བཟོ་སོགས་བཞུགས།
༼འཇམ་དབྱངས་མཁྱེན་བརྩེའི་དབང་པོ།༽
༼གསོ་རིག་སྐོར་གྱི་གསུང་རྩོམ།༽སྨན་གྱི་ངོས་འཛིན་ལས་འཕྲོས་པའི་དོག་སེལ་ཕྲན་བུ། གསོ་བ་རིག་པའི་སྐོར་གྱི་དཔེ་ཐོ་བརྗེད་བྱང་ཟིན་བྲིས། ཟླ་ཤེལ་ཆེན་མོའི་ཕྱག་ལེན་ཟིན་བྲིས་བདུད་རྩིའི་ཟླ་སྣང་། རིན་ཆེན་རིལ་བུ་རྣམས་ཀྱི་ཕན་ཡོན་དང་བསྟེན་ཚུལ་སྙིང་པོར་འདྲིལ་བ་བདུད་རྩི་ཟླ་སྣང་། སི་ཏུ་རིན་པོ་ཆེའི་འབྲུམ་བཅོས་ལེ་ཚན་གྱི་ཟུར་གསལ། མན་ངག་གཅེས་བསྡུས་སྣ་ཚོགས་ཕྱོགས་གཅིག་ཏུ་བསྒྲིགས་པ་འདོད་རྒུ་ཀུན་འབྱུང་དབང་རྒྱལ་ནོར་བུའི་ཕྲེང་བ། སྨན་མིང་དང་ངོས་འཛིན་སྐོར་བདུད་རྩིའི་ཟེགས་མ། རྩ་དཀར་གྱི་བཅོས་ཚུལ་སྙིང་པོར་དྲིལ་བ་ཕན་བདེའི་ཕྲེང་བ། རྐང་འབམ་བཅོས་ཚུལ་སྙིང་པོ་བསྡུས་པ། སྨན་སྦྱོར་ཉེར་མཁོ་སྣ་ཚོགས། ཁྲག་རླུང་སྟོད་འཚང་བཅོས་ངོ་མཚར་སྲོག་གཏེར། སྲོག་རླུང་གི་བཅོས་ཕན་བདེའི་དོ་ཤལ། གསོ་རིག་རྒྱུད་བཞིའི་བསྡུས་དོན་སྙིང་པོ། ཉམས་ཡིག་སྣ་ཚོགས། འབྱུང་གདོན་བཅོས་ཚུལ་རྡོ་རྗེའི་ཟེག་མ། བདུད་རྩི་བཅུད་ཀྱི་རྒྱལ་པོ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྦྱོར་བས་གྲུབ་པ་བཅུད་ལེན་དུ་བསྒྱུར་བའི་ལག་ལེན་རྣམས་གསལ་བ་འཚོ་བྱེད་མཁས་པའི་སྙིང་བཅུད་སོགས་དཔེ་ཚན་བཞི་བཅུ་ལྷག་བཞུགས། གཞན་ཡང་བསམ་འཕེལ་རཏྣ་སོགས་སྨན་སྦྱོར་ཁྱད་དུ་འཕགས་པ་དུ་མ་གསར་སྤེལ་མཛད།
༼སྡེ་དགེ་བླ་སྨན་རིན་ཆེན་འོད་ཟེར།༽
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་འབྲུ་འགྲེལ་དོན་གསལ་རབ་ཏུ་སྣང་བའི་ཉིན་བྱེད། གསོ་བ་རིག་པའི་གཅེས་བསྡུས་ཕན་བདེའི་སྙིང་པོ་དང་འཆི་མེད་ནོར་ཕྲེང་གི་ཞལ་སྐོང་མན་ངག་བདུད་རྩིའི་རོལ་མཚོ། གསོ་རིག་རྒྱུད་བཞིའི་བསྡུས་དོན་བརྗེད་ངས་མུན་འཕྲོག་ཅེས་བྱ་བ་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་བསྡུས་དོན། རྩ་བའི་རྒྱུད་དོན་རྣམ་པར་འགྲེལ་པ་རབ་དྭངས་ཆུ་ཤེལ་མེ་ལོང་སོགས་བཞུགས།
༼འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།༽ རབ་བྱུང་བཅོ་ལྔ་པའི་ནང་དུ་བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་དབང་མཆོག་རྒྱལ་པོའི་དགོངས་བཞེད་དང་མཐུན་རྐྱེན་གནང་བ་ལྟར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་སྔོན་རྗེས་ཐེངས་གཉིས་ལ་དངུལ་ཆུ་བཙོ་ཐལ་དང་རིན་ཆེན་རིགས་སོགས་བསྡུ་སྒྲུབ་ཚད་ལྡན་གནང་།
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ རྒྱུད་བཞིའི་དཀའ་མཆན་གཅེས་བསྡུས་འདོད་འབྱུང་ནོར་བུའི་མེ་ལོང་། གསོ་བ་རིག་པའི་མན་ངག་གཅེས་བཏུས་དང་ལག་ལེན་དམར་ཁྲིད་སྐོར་ཕན་བདེའི་བང་མཛོད། ཤོག་དྲིལ་སྐོར་གསུམ་ལས་ངོས་འཛིན་མན་ངག་གསེར་གྱི་ལྡེའུ་མིག། གཡུ་ཐོག་ཤོག་དྲིལ་སྐོར་གསུམ་གྱི་མ་བུ་དོན་སྡེབ་ཏུ་བཀོལ་བ། བདུད་རྩི་སྙིང་པོའི་རྒྱུད་ཀྱི་འགྲེལ་པ་དྲང་སྲོང་ཞལ་ལུང་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་རྩ་མདོ་ཆུ་མདོའི་ཊཱིཀ། སྨན་སྦྱོར་བདུད་རྩིའི་ཐིག་ལེ། ལུས་ལ་ཉེར་མཁོ་སྐབས་བརྒྱད་པ། བྱང་ཁོག་ཡུལ་ཐིག་གི་ལུས་བཀྲ་སྔུན་རྒྱབ་བཞི། སྣ་ཚོགས་ཞི་བའི་སྔགས་བདུད་རྩིའི་ཆར་པ་སོགས་བཞུགས།
༼གནས་གསར་བཀྲ་ཤིས་ཆོས་འཕེལ།༽ མཁྱེན་ཀོང་ཟུང་གི་དངོས་སློབ་གནས་ལྔ་རིག་པའི་མཁས་དབང་ཞིག་དང་མཛོད་ཆེན་རྣམ་ལྔའི་བཀའ་ཡི་བསྡུ་བ་པོ་ཡིན་ལ་དཀར་ཆག་ཀྱང་རྗེ་འདི་པས་མཛད། ཀོང་སྤྲུལ་གྱི་སློབ་མ་རྣམས་ལས་གསོ་དཔྱད་ཀྱི་འགྲོ་དོན་ཆེ་བར་དམ་པ་འདི་དང་སྐུ་ཚེ་གསེར་ལྗོངས་ཞབས་དྲུང་སྤྲུལ་སྐུ་གཉིས་འདྲ་བྱུང་མ་མྱོང་གསུངས།
༼ཨོ་རྒྱན་ཐེག་མཆོག།༽
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད། རྩི་སྨན་རྣམས་ཀྱི་ཚབ་ཡིག་དཔལ་གྱི་དུམ་བུའི་ཕྲེང་བ་སོགས་བཞུགས།
༼བན་ཆེན་ཀརྨ་རྒྱལ་མཚན།༽
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ ཡང་ཏིག་སྨན་གྱི་སྦྱོར་སྡེ་འཆི་མེད་བདུད་རྩིའི་བཅུད་ལེན་སོགས་བཞུགས།
༼འཛི་ཞང་ཀརྨ་དགའ་བའི་དབང་པོ།༽ མཚན་གཞན་ཁ་དཀྲིས་ཀར་དགའ་ཞུ།
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ དྲང་སྲོང་ཀར་དགའི་ཉམས་ཡིག་ཞེས་པ་ཞིག་བཞུགས།
༼མགོ་ལོག་སྟག་བླ་ནོར་བུ།༽
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ སྨན་པའི་བསླབ་བྱ་སྦྲང་རྩིའི་སྙིང་པོ། བདུད་རྩི་སྙིང་པོ་ཐུགས་རྗེ་བསིལ་བའི་ཆུ་རྒྱུན། རྡོ་ཐོད་ལེ་ཀོར་གྱི་སྨན་མོའི་སྒྲུབས་ཐབས་དངོས་གྲུབ་ཆར་འབེབས་སོགས་དཔེ་ཚན་མང་ཙམ་བཞུགས། མགོ་ལོག་བོད་སྨན་ཞིབ་འཇུག་ལྟེ་གནས་ཁང་གིས་རྗེ་འདི་ཡི་སྨན་སྐོར་གསུང་ཚོགས་འགའ་ཞིག་ཕྱོགས་བསྒྲིགས་བྱས་ཏེ་(གསོ་དཔྱད་མན་ངག་གཅེས་བསྒྲིགས་གཞན་ཕན་ཟླ་ཤེལ་ནོར་བུའི་སྒྲོན་མེ་)ཞེས་ལེ་ཚན་ཉེར་བརྒྱད་ཅན་ཞིག་དཔར་དུ་བསྐྲུན་ཡོད།
༼ཀེ་སྲིབ་བླ་མ་ཨ་ཚང་།༽ རབ་བྱུང་བཅུ་དྲུག་པའི་ཆུ་བྱ་༡༩༣༣ལོར་རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱིས་མཐུན་རྐྱེན་གནང་བ་ལྟར་རྫོང་གསར་བཀྲ་ཤིས་ལྷ་རྩེ་རུ་དངུལ་ཆུ་བཙོ་ཐལ་དང་རིན་ཆེན་རིགས་སོགས་བསྡུ་སྒྲུབ་ཚད་ལྡན་གནང་།
༼ཁྲོ་རུ་ཚེ་རྣམ།༽ རབ་བྱུང་བཅུ་དྲུག་པའི་ས་ལུག་༡༩༧༩ལོར་བོད་ལྗོངས་སྤོ་བོ་བཙོན་ཁང་གི་ཡན་ལག་སྨན་ཁང་གིས་ཡོན་བདག་ཞུས་དོན་ལྟར་དངུལ་ཆུ་བཙོ་ཐལ་དང་རིན་ཆེན་སྦྱོར་བའི་རིགས་རྣམས་ཕྱག་ལེན་ཞིབ་ཚགས་གནང་། ཡང་རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་༡༩༨༠ལོར་སྡེ་དགེ་བོད་སྨན་ཁང་གིས་ཡོན་བདག་ཞུས་པ་ལྟར་ཁྲོ་སྟོད་མཎྜལ་ཕུན་ཚོགས་བཀྲ་ཤིས་ཆོས་གླིང་དུ་དངུལ་ཆུ་བཙོ་ཐལ་དང་རིན་ཆེན་རིགས་སོགས་བསྡུ་སྒྲུབ་རྒྱ་ཆེར་གནང་།
༼གསོ་རིག་སྐོར་གྱི་གསུང་རྩོམ།༽ གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང་། (དེབ་བཞི) དེའི་ཡན་ལག་དཔེ་རིས་ཕྱོགས་སྒྲིག་དེབ་གཅིག། སྨན་སྦྱོར་ལག་ལེན་ཕྱོགས་སྒྲིག་དེབ་གཅིག་ཏེ་ཁྱོན་དེབ་དྲུག། གཞན་དངུལ་ཆུ་བཙོ་བཀྲུ་ཆེན་མོ་དང་རིན་ཆེན་རིལ་བུ་ཁག་གི་ལག་ལེན་ཟིན་བྲིས་ཟླ་བའི་འོད་ཟེར་སོགས་གསེར་ཞུན་ཐིགས་པ་ལྟ་བུའི་རྩོམ་ཆོས་ཐོར་བུ་བཅོ་ལྔ་ཙམ་བཞུགས། ཕྲ་མན་མང་སྦྱོར་ཆེན་མོ་སོགས་སྨན་གྱི་སྦྱོར་སྡེ་ཆེ་ཕྲ་དུ་མ་གསར་སྤེལ་གནང་།
༼མགོ་ལོག་ཁམས་གཙང་འབྲུག་རྒྱལ།༽
༼གསོ་རིག་སྐོར་གྱི་གསུང་རྩོམ།༽
གསོ་རིག་མན་ངག་མྱོང་བྱང་ཕྱོགས་བསྒྲིགས་ཕན་བདེ་ནོར་བུའི་སྙེ་མ། (མཚོ་སྔོན་དཔེ་སྐྲུན་ཁང་གིས་རྗེ་འདིའི་གསུང་ཚོགས་སྐོར་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་ཏེ་རྩ་བའི་ཐོག་ལ་གསོ་རིག་མན་ངག་གཅེས་བསྒྲིགས་ཕན་བདེའི་འོད་སྣང་གསར་པ་ཞེས་ལེའུ་གོ་གཉིས་ཀྱི་བདག་ཉིད་ཅན་དེ་དང་གཞན་ཡང་ལེ་ཚན་ཕྲན་ཚེགས་སྐོར་སུམ་ཅུ་ཙམ་འདུས་ཡོད།)
གཞན་ཡང་དུས་རབས་བཅུ་དགུ་པའི་སྨད་དང་ཉི་ཤུ་པའི་ལོ་སྟོད་ཙམ་དུ་སྡེ་དགེའི་ས་གནས་རང་ཉིད་དུ་སྨན་དཔྱད་ཀྱི་འགྲོ་དོན་ཤིན་ཏུ་ཆེ་བའི་མཁས་དབང་ཆོས་འབྱོར་རྒྱ་མཚོ་དང་། བྱང་འདྲེན་པ་བསྟན་འཛིན་རྡོ་རྗེ། གྲྭ་མང་ལྷ་རྗེ་འཇམ་དབྱངས་བཟང་པོ། དིལ་ཆུང་བློ་ཆོས། ཡོན་ཏན་ཕུན་ཚོགས། སྒོ་ཐར་རྡོ་རྗེ་ཚེ་རིང་། ཐམ་ཁ་ངག་དབང་རྒྱ་མཚོ་སོགས་མཁས་གྲུབ་དུ་མ་བྱོན་ནོ།།
ལར་སྔོན་གྱི་མེས་པོ་ཚོས་གསོ་རིག་གཅིག་པུའི་ཐད་དུ་མཛད་རྗེས་འདི་དང་འདི་ལྟ་བུ་ཞིག་བཞག་མྱོང་བ་དང་ངེད་ཅག་ཕྱི་རབས་པའི་བུ་ཚ་རྣམས་ཀྱིས་ཀྱང་འཛིང་རྩོད་ཤོ་ཆང་རྐྱང་རྐྱང་ལ་མི་གཡེང་པར་ཕ་ཤུལ་བུ་ཡིས་ཟིན་པ་ཞིག་ཅིས་ཀྱང་དགོས་ངེས་སུ་འདུག་སྙམ་སྟེ་ཡུལ་ཕྱོགས་དེ་ཡི་གསར་སྐྱེས་གཞོན་ནུ་རྣམས་ལ་དྲན་སྐུལ་ཙམ་ཞིག་དམིགས་ཏེ་འཇམ་མགོན་སི་ཏུ་པཎ་ཆེན་སྐུ་འཁྲུངས་ནས་ལོ་འཁོར་༣༡༧ལོན་པའི་དུས་བཟང་གི་ཆར་བྲིས་པ་ལགས་པས་ནོར་འཁྲུལ་གང་མཆིས་མཁས་དབང་རྣམས་ཀྱི་སྤྱན་སྔར་བཤགས་པ་དང་དགེ་བས་ཁམས་ཀྱི་གཞོན་ནུ་ཚོ་རྨོངས་གཉིད་ལས་གྲོལ་བའི་རྒྱུར་གྱུར་ཅིག། །།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- ༈ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་