ལྡེམ་ཆེན་གྱི་གནས་ཡིག
༄༅། །ལྡེམ་ཆེན་གྱི་གནས་ཀྱི་ཡོན་ཏན་ཅུང་ཟད་ཙམ་བརྗོད་པ་བཞུགས་སོ། །
ན་མོ་གུ་རུ་དེ་བ་ཌཱ་ཀི་དྷརྨཱ་ཡ། ཟླ་བའི་དཀྱིལ་འཁོར་ལྟ་བུས་སྲིད་པ་ཡི། །ཚ་གདུང་ཞི་ཞིང་འཁོར་བའི་རྒྱ་མཚོ་ཆེའི། །མཉན་པ་རིན་ཆེན་བླ་མའི་འཁོར་ལོ་ལ། །འདི་བཟུང་བྱང་ཆུབ་བར་དུ་སྤྱི་བོས་མཆོད། །དེ་ཡང་གནས་བདག་ལྡེམ་ཆེན་གཡུ་ཟེ་འདི་ཉིད་ཀྱི་ཡོན་ཏན་ཅུང་ཟད་ཙམ་བརྗོད་ན། འཛི་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་གི་ས་ཆ་ཡུལ་རིས་ལ། ལར་གནས་ཆུང་འབྲིང་ཆེ་གསུམ་ཡོད་དེ། དེའང་གནས་ཆེ་བ་ཙཱ་རི་གཉིས་པ་༧འགོར་རྒྱལ་དཔལ་འཛང་རྒོད་ཚང་དབང་གི་སྒྲུབ་ཕུག་ཅེས་བྱ་བ་གནས་ཁྱད་འཕགས་བླ་ན་མེད་པའོ། གནས་འབྲིང་པོ་༧ལྡེམ་ཆེན་གཡུ་ཟེ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་བཞུགས་པ་འདི་ཉིད་དོ། གནས་ཆུང་བ་བླ་རང་མཁའ་འགྲོའི་ཚོགས་ཁང་ཞེས་དཔའ་བོ་མཁའ་འགྲོའི་ཡར་ངོའི་ཚེས་བཅུ་དང་མར་ངོའི་ཉེར་ལྔ་ལ་ཚོགས་ཀྱི་འཁོར་ལོ་བསྐོར་བའི་གནས་སོ། ད་ལམ་གྱི་སྐབས་སུ་བབས་པ་ལ། གནས་འབྲིང་པོ་ལྡེམ་ཆེན་གཡུ་ཟེའི་ཡོན་ཏན་བརྗོད་པ་ལ། གནས་ཀྱི་ཡོན་ཏན་དང༌། གནས་ཀྱི་ངོས་ལ་སྒྲུབ་གནས་ཡོད་པ་རྣམས་སྐུ་གསུམ་གྱི་སྒྲུབ་གནས་ཡིན་ཚུལ་དང༌། གནས་ལ་སྐོར་བ་བྱས་པའི་ཕན་ཡོན་བསྟན་པ་དང་གསུམ་ལས། དང་པོ་གནས་ཀྱི་ཡོན་ཏན་བསྟན་པ་ལ། རི་འདི་ཡི་རྩེ་མོ་བྲག་རི་གཡུ་ཡི་ཟེ་བ་ནགས་གསེབ་དང་སྤང་ལྗོངས་སོགས་ཤིན་ཏུ་མཛེས་ལ་མེ་ཏོག་སྣ་ཚོགས་ཀྱི་ཚོམ་བུ་བཀྲ་བར་ཡོད་པ་འདི་ནི། སྟེང་བཀའ་བརྒྱུད་ཀྱི་བླ་མའི་ལྷ་ཚོགས་ཀྱིས་བྱིན་གྱིས་བརླབས་ཤིང་པདྨ་བཛྲ་དང་མནྡཱ་ར་བ་སོགས་ཀྱི་ཞབས་ཀྱིས་བཅགས་ཤིང་སྒྲུབ་གནས་སུ་བྱིན་གྱིས་བརླབས་ནས། མ་འོངས་པ་ན་ཉིད་ཀྱི་ཐུགས་སྤྲུལ་གྱིས་ཟབ་གཏེར་གྱི་ཆོས་དར་རྒྱས་སུ་སྤེལ་ཞིང་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་འགྲོ་དོན་ཕྱོགས་མེད་དུ་རྒྱས་པའི་སྨོན་ལམ་ཡང་ཡང་དུ་མཛད་དོ། གཏེར་ལུང་རྣམས་སུ་ཡང༌། བསྟན་པའི་མེ་རོ་ལྷོ་ཡི་ཕྱོགས་ནས་བསླང༌། ཅེས་དང༌། འདི་འདྲའི་གནས་སུ་སྤྲུལ་པའི་སྐྱེས་བུ་ཁྱད་འཕགས་འཁྲུལ་མེད་པུཎྱའི་མིང་ཅན་འབྱུང་སོགས་གསུངས་སོ། དེ་འོག་གཡུ་ཡི་མཎྜལ་ལ་རིན་ཆེན་སྣ་ཚོགས་ཀྱི་ཕྲ་ཚོམ་བཀོད་པ་ལྟ་བུའི་སྤང་ལྗོངས་ཡིད་དུ་འོང་བ་ལ་མེ་ཏོག་སྣ་ཚོགས་བཀྲ་བའི་ནང་དེར། ༧དཔལ་འཁོར་ལོ་སྡོམ་པའི་ལྷ་བཅུ་གསུམ་མའི་དཀྱིལ་འཁོར་འདོད་སྣམ་རྩིག་པ་ཕ་གུ་མུན་པ་དྲྭ་བ་དྲྭ་ཕྱེད་རྒྱ་ཕིབས་ཤར་བུ་མདའ་ཡབ་དབུས་འཕྱུར་བུ་རྡོ་རྗེ་རིན་པོ་ཆེའི་ཏོག་དང་བཅས་པ་སྒོ་བཞི་སྒོ་ཁྱུད་རྟ་བབས་པདྨ་གསེར་གྱི་འཁོར་ལོ་གདུགས་དང་རི་དྭགས་ཕོ་མོ་སོགས་དཀྱིལ་འཁོར་གྱི་ཆ་ལུགས་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཉི་གདན་ལ་འཇིགས་དུས་བསྣོལ་བའི་སྟེང་དུ་དཔལ་འཁོར་ལོ་སྡོམ་པ་ཡབ་ཡུམ། གནས་སྐབས་བཞི་དང༌། འབྱུང་བ་ལྔ། རྟེན་འབྲེལ་བཅུ་གཉིས། སེམས་བྱུང་ལྔ་བཅུ་རྩ་གཅིག སེར་སྣ་ཁོང་ཁྲོ་ཚུལ་འཆལ་ལེ་ལོ་རྣམ་གཡེང་ཤེས་འཆལ་སོགས་རྣམ་པར་དག་ཅིང༌། རྡོ་རྗེ་བཞི། ཡེ་ཤེས་ལྔ། ས་བཅུ་གཉིས། ཕར་ཕྱིན་དྲུག་སོགས་མངོན་པར་རྫོགས་ཤིང༌། བདུད་བཞིའི་དཔུང་ལས་རྣམ་པར་རྒྱལ་བའི་གར་གྱི་ཉམས་དགུ་དང་ལྡན་ཞིང༌། འཁོར་དུ་ཡང་མཁའ་འགྲོ་མ། ལཱ་མ། དུམ་སྐྱེས་མ། གཟུགས་ཅན་མ། བུམ་ཐོད་བཞི་དང༌། ཁྭ་གདོང་མ། འུག་གདོང་མ། ཁྱི་གདོང་མ། ཕག་གདོང་མ། གཤིན་རྗེ་བརྟན་མ། གཤིན་རྗེ་ཕོ་ཉ་མོ། གཤིན་རྗེ་མཆེ་བ་མ། གཤིན་རྗེ་འཇོམས་མ་བཅས་དང༌། གདོང་ཅན་བཞིའི་དབུ་ནི་ཡབ་ལ་ལུས་ནི་ཡུམ་ཡིན་པ་དང༌། གཤིན་རྗེ་བརྟན་མ་སོགས་ཀྱི་ལུས་ཕྱེད་ཡབ་ལ་ལུས་ཕྱེད་ཡུམ་ཡིན་པས་དེ་དག་ནི་འདིར་མང་བའི་སྐྱོན་གྱིས་མ་སྤྲོས་པས་གཞན་དུ་ཤེས་པར་བྱའོ། དེ་འོག་བྲག་དང་དེ་ཡི་ངོས་ལ་ཚེར་མ་སོགས་ཤིང་སྣ་ཚོགས་སྐྱེས་ཤིང་ཡོད་པ་ནི། ཆོས་སྐྱོང་དང་བཀའ་སྲུང་ལས་བྱེད་ཐམས་ཅད་རླུང་ལྟར་འཚུབ་ཅིང༌། བསྟན་པ་བསྲུང་བའི་ལས་ལ་བརྩོན་ནས་དམ་ཚིག་ཅན་གྱི་མཐུན་རྐྱེན་བྱེད་ཅིང༌། དམ་མེད་ཀུན་གྱི་སྲོག་དབུགས་ལེན་ཅིང་ཤ་ཁྲག་ཧབ་ཐོབ་ཏུ་གསོལ་བའི་གནས་སོ། དེར་གནས་པའི་ཆོས་སྐྱོང་ནི་བགྲང་གིས་མི་ལང་ཡང་གཙོ་བོ་གནས་པ་འགའི་མཚན་སྨོས་ན་འདི་ལྟ་སྟེ། ༧དཔལ་མ་ཧཱ་ཀ་ལ་ཕྱག་བཞི་པ་ཡུམ་བཻ་ཏཱ་ལི་དང་བཅས་པ་འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་གྱི་དམག་ཚོགས་བསམ་གྱིས་མི་ཁྱབ་བོ། མོ་རྒྱུད་སྲུང་མ་ཡོངས་ཀྱི་གཙོ་མོ་མཁའ་འགྲོ་མ་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེའི་ཚོགས་ཀྱིས་སྐོར་བ། ནོར་ལྷ་ལྷ་ཆེན་སྤོམ་ར། རྒྱལ་འགོང་གདུག་འདྲེའི་གཉེན་པོ་གཉན་ཆེན་ཐང་ལྷ། རྣལ་འབྱོར་སྒྲུབ་པའི་སྡོང་གྲོགས་འབྲོག་སྲས་སྤྲག་གི་བཙན་རྒོད། སྡང་དགྲའི་སྟེང་ལ་ཇག་ཏུ་ཆས་ཤིང་སྲོག་དབུགས་མེ་ལྟར་དུ་ལེན་པ་དགེ་བསྙེན་ཇག་པ་མེ་ལེན། དྲག་རྩལ་ཆེ་བའི་མཆོག་གྱུར་འབྲུག་ར་ལུང་ནས་བྱུང་བའི་བསྟན་སྲུང་རག་མའི་ཀླུ་བཙན། བཙན་རྒོད་ཡོངས་ཀྱི་གཙོ་བོ་སྒང་བཙན་རྡོ་རྗེ་འབར་བ། དེ་རྣམས་ལ་ཡང་རང་རིགས་སྡེ་ཚན་ཀླད་ལྡིང་ཤུལ་འབྲང་སོགས་དཔག་ཏུ་མེད་པ་དང་བཅས་ཤིང་གནས་ཏེ། དེ་དག་ཀྱང་འཇིགས་རུང་ཁྲོ་རྔམ་བཟོད་པ་དཀའ་བ་སྲིད་པ་གསུམ་པོ་ཟ་བར་ཆས་པ། མགོ་དང་སྙིང་རྒྱུ་མ་སོགས་ནང་ཁྲོལ་རྣམས་མཛེས་པའི་རྒྱན་དུ་བཤམས་པ། ཀླད་ཞག་རྒྱ་མཚོ་འཇིགས་རུང་སྐྱི་གཡའ་བའི་ནང་དུ་གནས་ཤིང༌། ཤཱ་རིའི་བུ་ཡི་ཆོས་གོས་ལྷུང་བཟེད་སོགས་ཆོས་ནོར་རྫས་ཀྱི་གཏེར་ཁ་རྣམས་བསྲུང་ཞིང་སྐྱོང་བ། གནས་བདག་ལྡེམ་ཆེན་གཡུ་ཟེ། ཡུམ་ལྡེམ་འབྲིང་ཕྱུག་མོ། སྲས་ཀླུ་རྒྱལ་ཐོད་དཀར་རྣམས་སྐུ་སྟོད་ལྷ་ཡི་བུ་དང་བུ་མོའི་ཚུལ་ན་ཆུང་གཞོན་ནུ་མཛེས་ཤིང་ཡིད་དུ་འོང་བ་སྦྲུལ་མགོ་ལྔ་ཡི་གདེངས་ཀ་གཡོ་བ་ནོར་བུའི་བརྒྱན་ཅིང་སྐུ་སྨད་སྦྲུལ་མཇུག་རྒྱ་མཚོའི་ནང་དུ་འཁྱིལ་བ་གནས་འདི་ཉིད་བསྲུང་ཞིང༌། འདིར་གནས་ཀྱི་སྒྲུབ་པོ་རྣམས་བུ་བཞིན་སྐྱོང་བའོ། ལར་གནས་འདི་ཉིད་ནི་རྩ་བ་གསུམ་གྱི་སྒྲུབ་གནས་ངེས་པར་ཡིན་ཞིང་འདིར་རྩ་གསུམ་གང་བསྒྲུབས་ཀྱང་འགྲུབ་ཐག་ཉེ་བའོ།། །། ༈ གཉིས་པ་གནས་འདི་ཉིད་ཀྱི་ངོས་ལ་སྒྲུབ་གནས་ཡོད་པ་རྣམས་སྐུ་གསུམ་གྱི་སྒྲུབ་གནས་ཡིན་ཚུལ་ནི། དེ་ཡང་ཆོས་སྐུའི་སྒྲུབ་གནས་བཀའ་འདུས་གསང་སྔགས་དར་རྒྱས་གླིང༌། ལོངས་སྐུའི་སྒྲུབ་གནས་བསམ་གཏན་བདེ་ཆེན་གླིང༌། སྤྲུལ་སྐུའི་སྒྲུབ་གནས་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་བཅས་གླིང་གསུམ་པོ་དེ་སྐུ་གསུམ་གྱི་སྒྲུབ་གནས་སོ། དེ་ཡང་དང་པོ་ཆོས་སྐུའི་སྒྲུབ་གནས་བཀའ་འདུས་གསང་སྔགས་དར་རྒྱས་གླིང་ནི། དུས་སྙིགས་ཀྱི་འགྲོ་འདུལ་རིག་པ་འཛིན་པ་༧བྱང་ཆུབ་རྡོ་རྗེའི་ཟབ་དགོངས་གསང་བའི་མཛོད་ནས་བྱུང་བའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་གྱི་ཞལ་ཕྱེ་བའི་གནས་སོ། དེར་སེམས་ཉིད་གདོད་ནས་དག་པ་ཆོས་སྐུའི་དགོངས་པ་གཤིས་རིག་རྗེན་པ་འདི་ཡི་རང་ཞལ་མཇལ་ནས་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་བའི་གནས་སོ། ལོངས་སྐུའི་སྒྲུབ་གནས་བསམ་གཏན་བདེ་ཆེན་གླིང་ནི། པད་སྤྲུལ་ཕྲིན་ལས་འགྱུར་མེད་ཀྱི་ཐུགས་བསྐྱེད་ཀྱི་སྟོབས་ལས་གྲུབ་པ་སྟེ་ཕག་བདེ་ཟུང་དང༌། དམ་པ་བདུད་ཀྱི་གཅོད་ཡུལ་ཟབ་མོ་དང༌། འབྲུག་ཀུན་མཁྱེན་པདྨ་དཀར་པོའི་དག་སྣང་བཀའ་བབ་ཀཱི་ལ་ཡ། རིག་འཛིན་རྡོ་རྗེ་དྲག་པོའི་དགོངས་གཏེར་གུ་རུ་དྲག་པོ་སོགས་དཀྱིལ་འཁོར་གང་ཟབ་ཀྱི་ཞལ་ཕྱེ་བའི་གནས་སོ། ཁྱད་པར་དུ་དཔལ་འབྲུག་པའི་ཁྱད་ཆོས་ཟབ་ལམ་ནཱ་རོ་ཆོས་དྲུག་ཞེས་སྐལ་ལྡན་དབང་རབ་ཚེ་གཅིག་ལུས་གཅིག་ལ་མངོན་པར་རྫོགས་པར་སངས་རྒྱ་བའི་ཆོས་སོ། བླ་མེད་ཀྱི་ཆོས་དེ་ཉིད་སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལེན་པའི་གནས་སོ། ཁོ་བོ་ཕྲིན་ལས་ཤིང་རྟས་ཀྱང་ཐོག་མར་སྔགས་བླ་མེད་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་བྱས་པའི་གནས་སོ། སྤྲུལ་སྐུའི་སྒྲུབ་གནས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་ནི། འཕགས་པ་འཇམ་དཔལ་དབྱངས་མི་ཡི་ཤ་ཚུགས་སུ་བྱོན་པ་ཚོགས་བརྒྱའི་བསོད་ནམས་རྒྱ་མཚོ་ནས་ད་ལྟ་ཁོ་བོ་ཀརྨའི་མིང་ཅན་ཡན་བཀྲ་ཤིས་རྟགས་བརྒྱད་ཀྱི་གྲངས་ལྡན་དེ་དག་གིས་ཐོག་མར་ཞབས་ཀྱིས་བཅགས་པའི་གནས་སོ། དེར་ཡང་རྩ་གསུམ་གྱི་དལ་ཞལ་ཕྱེ་བའི་གནས་དང༌། ༧རྒྱལ་བ་ཀར་འབྲུག་ཡབ་སྲས་ཀྱིས་བྱིན་གྱིས་བརླབས་པའི་གནས། འདུ་ཁང་ཆེན་མོའི་སྦུགས་སུ་མཉམ་མེད་ཐུབ་པའི་དབང་པོའི་སྐུ་ཤིན་ཏུ་ཆེ་ཞིང་བྱིན་རླབས་ལྡན་པ་དང༌། འཁོར་ཉན་ཐོས་གཉིས་དང་འཕགས་པའི་གནས་བརྟན་བཅུ་དྲུག རྒྱལ་ཆེན་སྡེ་བཞི་དང་བཅས་པ། དེའི་གཡས་ལོགས་སུ་གུ་རུ་པདྨ་ལ་བོད་ཀྱི་རྗེས་འབངས་ཉི་ཤུ་རྩ་ལྔས་སྐོར་བ། གཡོན་ལོགས་སུ་འབྲུག་པདྨ་དཀར་པོས་ཆོག་བསྒྲིགས་ལྟར་མགོན་མང་ཡོངས་རྫོགས། མདུན་ངོས་སུ་ཆོས་སྐྱོང་གི་རྟེན་མང་ཚན་ཡོད་པ་དང༌། གཞན་ཡང་ཇོ་བོ་སྤྱན་རས་གཟིགས། ཕྱག་རྡོར་སོགས་དང༌། སྟོང་རྩ་ཁང༌། ཚེ་དཔག་ལྷ་ཁང༌། སྤོམ་ར་ཁང༌། གསེར་གདུང་ཁང༌། སྒྲོལ་མ་ལྷ་ཁང༌། བླ་མ་ལྷ་ཁང༌། གནས་མཆོག་འོད་ཕུང་འཁྱིལ་བ་སོགས་དེ་དག་རྣམས་ཀྱི་ནང་དུ་ཡང་རྟེན་གསུམ་ཟབ་ཁྱད་དང་ལྡན་པ་བགྲང་གིས་མི་ལང་ཞིང༌། དེ་དག་གི་གཙོ་བོ་ཐུབ་པ་བྱིས་དྲོད་མ་ཞེས་དང༌། གུ་རུ་གསུང་བྱོན་མ་དང༌། དགེ་ལེགས་མཆོག་གྲུབ་བསྟན་འཛིན་གྱི་སྐུ་དུས་ཚོད་ཚེས་བཟང་ལ་དབུ་ཞྭ་དངོས་སུ་ཕུད་པ་དང༌། འབྲུག་གཙང་པ་རྒྱ་རས་ཀྱི་གདུང་རུས་ལས་བྱོན་པའི་འཕགས་མཆོག་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཤིན་ཏུ་གསལ་བ་སོགས་ཤིན་ཏུ་རྟེན་གསུམ་གྱི་འཁོར་ལོའི་བསྒྱུར་བ་ཆེའོ།། །། ༈ གསུམ་པ་ཕྱག་དང་སྐོར་བ་བྱས་པའི་ཕན་ཡོན་བསྟན་པ་ནི། དེའང་གནས་འདི་ཉིད་ལ་ཕྱག་སྐོར་བྱེད་པ་ནི། རྩ་བ་གསུམ་གྱི་ལྷ་ཚོགས་ལ་ཕྱག་བསྐོར་བྱས་པ་དང་ཁྱད་པར་སྤུ་ཙམ་མེད། དེ་ཡང་དུས་འདི་ལྟ་བུ་ལ་ཕྱག་སྐོར་བྱ་བར་གལ་ཆེ་སྟེ། ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་བསྐོར་ན་སྐོར་བ་རེ་ལ་བཛྲ་དུང་གཅིག་བཏོན་པའི་ཕན་ཡོན་དང་མཉམ་མོ། ཧོར་ཟླ་དང་པོའི་ཚེས་གཅིག་ནས་སུམ་ཅུའི་བར་གནས་སྐོར་བཅུ་དང་གླིང་སྐོར་ཉི་ཤུ་རྩ་ལྔ་བཅས་འཁོར་ནས་ཕྱིན་ཆད་སྡིག་པ་མི་བྱེད་པའི་སྡོམ་སེམས་ཡང་དག་པ་ཞིག་བླངས་ཤིང་དགེ་རྩ་སེམས་ཅན་ལ་བསྔོས་ན། མི་དགེ་བའི་ལས་ཅི་བགྱིས་ཐམས་ཅད་བྱང་ནས་གནས་སྐབས་སུ་ཚེ་རིང་འབྱོར་རྒྱས་ནད་མེད་བསམ་འགྲུབ་སོགས་ལེགས་ཚོགས་འཕེལ་ཞིང༌། མཐར་ཐུག་ཏུ་ཡང་རྣམ་མཁྱེན་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། རྒྱུན་དུ་གནས་སྐོར་རེ་ལ་བཛྲ་བྱེ་བ་རེ་བཏོན་པ་དང་མཉམ་མོ། ཧོར་ཟླ་དང་པོའི་ཚེས་བཅུ་དང་བཅོ་ལྔ་ལ་བསྐོར་ན་ཕན་ཡོན་སུམ་ལོགས་སུ་ཡོད་དེ་སྐོར་བ་གཅིག་ལ་བཛྲ་དུང་གསུམ་དང་བྱེ་བ་ལྔ་བཏོན་པ་དང་མཉམ་སྟེ་ཕན་ཡོན་ཚད་ལས་འདས་སོ། དེའང་གཞན་དུས་ཆེན་རྣམས་ལ་སྐོར་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་དོ། སླར་སྨྲས་པ། རྩ་གསུམ་གནས་མཆོག་ལྡེམ་ཆེན་གཡུ་ཟེ་ཉིད། སྐལ་ལྡན་སྒྲུབ་ལ་འཇུག་རྣམས་དད་པའི་ཕྱིར། གནས་ཀྱི་ཡོན་ཏན་ཅུང་ཟད་བརྗོད་པ་འདི། ཁོ་བོ་ཕྲིན་ལས་ཤིང་རྟས་སྤེལ་བའོ། ཞེས་པའང་༧འཛི་སྒར་བརྒྱད་པ་སྣང་སྲིད་ཡེ་ཤེས་ཁྱབ་བརྡལ་ཆེན་པོས་རང་ལོ་བཅོ་ལྔའི་དུས་ཧོར་ཟླ་བཅུ་པའི་ཚེས་བརྒྱད་ལ་ཕྲིན་ལས་ཆོས་འཕེལ་ནས་བསྐུལ་བ་ལྟར་བྲིས་པ་དགེའོ།། །།