རྫོགས་ཆེན་མཁན་པོ་གཞན་དགའི་མཛད་རྣམ་མདོར་བསྡུས།
རྫོགས་ཆེན་མཁན་པོ་གཞན་དགའ་རིན་པོ་ཆེའི་མཛད་བསྡུས།
གང་དུ་སྐུ་འཁྲུངས་པའི་ཡུལ།
རྫོགས་ཆེན་མཁན་པོ་གཞན་དགའ་རིན་པོ་ཆེན་ནི། བོད་ཤར་ཕྱོགས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ནང་ཚན་འབྲི་ཟླ་ཟལ་མོ་སྒང་གི་གཡས་ཟུར། སྡེ་དགེ་རྫོགས་ཆེན་ཁ་ནར་རྒྱ་ཀོང་འབྲོག་སྡེ་རྒྱལ་ཀོང་དཔོན་ཚང་གི་ཁྱིམ་དུ། ཡབ་རྒྱ་ཀོང་དཀོན་མཆོག་རྣམ་རྒྱལ་གྱི་སྲས་སུ་བོད་རབ་བྱུང་༡༥ ལྕགས་ལུག་ཕྱི་ལོ་༡༨༧༡ ལོར་སྐུ་འཁྲུངས། དགུང་གྲངས་བཅུ་བདུན་དུ་སོན་སྐབས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་འཁོར་བ་འདི་ཉིད་སྡུག་བསྔལ་གྱི་རྒྱ་མཚོ་ལྟ་བུ་ཡིན་པའི་ངེས་འབྱུང་བཅོས་མིན་ཐུགས་རྒྱུད་དུ་འཁྲུངས། ཕྱི་ལོ་༡༨༨༨ ལོར་རྫོགས་ཆེན་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་མཇལ་པས་སྔོན་སྨོན་གྱི་ལས་འཕྲོ་སད་དེ་ཐུགས་བརྩེ་གཅིག་ཏུ་འདྲེས་པར་གྱུར་ནས་གཙུག་ཕུད་ཕུལ་ཞིང་གྲྭ་ཆས་བྱས།
ཐོས་བསམ་སློབ་གཉེར་མཛད་ཚུལ།
མཁན་ཆེན་གཞན་དགའ་རིན་པོ་ཆེ་ཐོག་མར་དགེ་མང་རི་ཁྲོད་དུ་ཕེབས་ནས་ཡི་གེ་འབྲི་ཀློག་ནས་དབུ་བཙུགས་ཏེ་ཐོས་བསམ་ལ་བརྩོན་པ་ལྷོད་མེད་གནང། སློབ་གཉེར་གནང་བའི་སྐབས་མཚན་མོ་ཟླ་བའི་རྗེས་སུ་བསྙེགས་ཤིང་དཔེ་ཆར་གཟིགས་ཏེ་ཞོགས་པ་རི་ལས་བབས་ཡོང་པ་ཀུན་གྱིས་མཐོང་བ་དང། དགེ་མང་དབོན་པོ་ཨོ་རྒྱན་བསྟན་འཛིན་ཐུན་མིན་གྱི་རྩ་བའི་བླ་མར་བསྟེན་ནས། རིམ་བཞིན་སོར་བྱང་སྔགས་གསུམ་གྱི་སྡོམ་པ་མནོས་ནས་མཚན་ལ་གཞན་ཕན་ཆོས་ཀྱི་སྣང་བ་ཞེས་གསོལ། དབོན་པོ་བསྟན་འཛིན་ནོར་བུས་ཁོང་གི་ཁུ་བོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཡང་སྲིད་དུ་ངོས་འཛིན་མཛད། གཞན་དགའ་ཁོང་ངའི་རྩར་ཡོང་དུས་རྒྱལ་སྲས་གཞན་ཕན་མཐའ་ཡས་སླེབས་སོང་སྙམ་པའི་ཚོར་སྣང་བྱུང་ཞེས་གསུངས་པ་དང། དབྱངས་ཅན་མའི་མཚམས་ལ་བཞུགས་ནས་ཞལ་དངོས་སུ་གཟིགས། རོང་ཟོམ་མ་ཧཱ་པཎྚི་ཏའི་གསུང་འབུམ། ཀུན་མཁྱེན་ཀློང་ཆེན་པའི་གསུང། ཇོ་འབྲོམ་ཡབ་སྲས། ས་པཎ་དང་རྗེ་ཙོང་ཁ་བའི་གསུང། མངའ་པཎ་དང་ལོ་ཆེན་དྷརྨ་ཤྲཱིའི་གསུང་འབུམ། རྒྱལ་བའི་བཀའ་དང་བསྟན་འགྱུར། དེ་མཚུངས་ཐུན་མོང་སྒྲ་ཚད་མ། བཟོ་གསོ་བ། རྩིས་དཀར་ནག བརྡ་དག་སྙན་གསུམ་སོགས་སྦྱངས་བརྩོན་ལེགས་པར་མཛད་ནས་མདོ་སྔགས་དཀའ་གནད་གང་ནས་དྲིས་ཀྱང། ཕྱག་དཔེ་བསྐྱར་གཟིགས་སོགས་མི་དགོས་པར་ཤོག་ལྡེབ་ཐིག་འཕྲེང་ཚུན་ཆད་མ་ནོར་བར་ཐུགས་ཐོག་ནས་ཤར་མར་གསུངས་པས་གཞུང་ལུགས་རབ་འབྱམས་ལ་མཁས་པར་གྱུར། ཁྱད་པར་དུ་དབོན་བསྟན་འཛིན་ནོར་བུ་རིན་པོ་ཆེས་རྒྱུད་གསང་བ་སྙིང་པོའི་དབང་ལུང་ཁྲིད་གསུམ་ཆ་ཚང་དང། ཡེ་ཤེས་བླ་མའི་སྙན་བརྒྱུད་མྱོང་ཁྲིད་ཟབ་མོ། ཆོས་དབྱིངས་མཛོད་ཀྱི་སྒོམ་ཁྲིད་མན་ངག་གནད་ཀྱི་སྙིང་པོ། རྫོགས་སྤྲུལ་བཞི་པའི་དག་སྣང་ཉེ་བརྒྱུད་དུ་བྱོན་པ་བླ་མ་ཡང་ཏིག་གི་གྲོལ་ཁྲིད་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་བ་སོགས་གདམ་ངག་མ་ལུས་པ་བུམ་པ་གང་བྱོའི་ཚུལ་དུ་གནང། དེ་བཞིན་གཞན་དགའ་རིན་པོ་ཆེ་འོད་གསལ་སྙིང་ཐིག་བསྟན་པའི་བདག་པོར་མངའ་གསོལ་ཞིང། ཐེག་དགུའི་ཆོས་ཚུལ་མཐའ་དག་ཐོས་པ་ཙམ་མ་ཡིན་པར། ཉམས་ལེན་གྱིས་སྒྲོ་འདོགས་ནང་ནས་བཅད། རིམ་གཉིས་གྱི་གདེང་དང་ལྡན་ཞིང་རྩ་གསུམ་གྱི་བསྙེན་སྒྲུབ་ལ་གཞོལ་ནས་ཞལ་གཟིགས་ལུང་བསྟན་སོགས་ལྷ་སྔགས་ཏིང་འཛིན་གྱི་རོལ་བ་གཅིག་འདྲེས་སུ་མཛད། མདོར་ན་དམ་པ་ཁོང་གིས་རིས་མེད་སྐྱེས་ཆེན་རྣམས་ཀྱི་མདུན་ནས། བཀའ་བརྒྱུད་པའི་ཕྱག་ཆེན། ས་སྐྱ་པའི་ལམ་འབྲས། བཀའ་གདམ་པའི་བློ་སྦྱོང་སོགས་གཞུང་སྣ་ཚོགས་ཀུན་ལ་ཐོས་བསམ་ཕྱོགས་མེད་གནང་ནས། ཉིད་ཀྱིས་ཞལ་ནས་ཀུན་མཁྱེན་ཀློང་ཆེན་དང་ས་སྐྱ་པཎ་ཆེེན་རྣམ་གཉིས་ཀྱིས་སྤྱིར་གདམ་ངག་གི་གསུང་ཚུལ་མི་འདྲ་ཡང། མདོ་འགག་རེེར་སླེབས་དུས་གནད་གཅིག་ཏུ་བབས་འདུག་གསུངས་པ་སོགས་གྲུབ་མཐའ་ཀུན་འགལ་མེད་ལྟ་བའི་བབས་སོ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཐུབ་པའི་ཁྱད་ཆོས་བླ་མེད་ཅིག་ཁོང་ལ་མངའ། གཞན་གྲུབ་མཐའ་རིས་གཅོད་སོགས་རྩ་བ་ནས་མི་མཛད་པར། དམ་པ་ཁོང་གིས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་དབོན་པོ་ཨོ་རྒྱན་བསྟན་འཛིན། གཞན་ཡང་ལྷ་རམས་དགེ་ལེགས་དར་རྒྱས། མུ་ར་པདྨ་བདེ་ཆེན་བཟང་པོ། འཇམ་དབྱངས་བློ་གཏེར་དབང་པོ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། སྒ་སྟོན་ངག་དབང་ལེགས་པ་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན།
རྗེས་འཇུག་གདུལ་བྱའི་ཆེད་དུ་མཛད་པའི་གསུང་རྩོམ་གྱི་སྐོར།
མཁན་ཆེན་གཞན་དགའ་རིན་པོ་ཆེས་མཛད་པའི། འཆོས་སྐྱོབ་གཉིས་ལྡན་གྱི་བསྟན་བཅོས་གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ། གཞུང་ཆེན་ཁག་གི་རྒྱ་འགྲེལ་རྣམས་ཀྱི་ཚིག་སྣ་བསྟུང་ཞིང་དཀའ་གནད་ཚིག་གི་བཤད་ཡམས་སུ་མ་སྦས་པར་ཚིག་ཉུང་དོན་འདུས་མཆན་འགྲེལ་གྱི་ལམ་དུ་ཚུར་བསྡུས་ཡོད་པས་གཞན་ལས་ཁྱད་དུ་འཕགས་ཤིང། བསྟན་བཅོས་ཁག་གི་མཚན་བྱང་ནི། ཟུར་མང་པདྨ་རྣམ་རྒྱལ་གྱིས་བརྩམས་པའི་གཞུང་ཆེན་བཅུ་གསུམ་གྱི་འཆད་ཐབས་བློ་གསལ་ངག་གི་མགུལ་རྒྱན་ལས། མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད་དང།། མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད་ཡིན།། རྩ་འཇུག་བཞི་སྤྱོད་ཟབ་མོ་ལྟ་བའི་གཞུང།། བྱམས་ཆོས་སྡེ་ལྔ་རྒྱ་ཆེན་མདོ་སྡེའི་གཞུང།། ཆ་ལག་དང་བཅས་རྒྱ་གཞུང་བཅུ་གསུམ་མོ།། གཞན་རྒྱུད་གསང་བ་སྙིང་པོའི་མཆན་འགྲེལ་དང། རྩ་བའི་བླ་མ་དབོན་བསྟན་འཛིན་ནོར་བུའི་རྣམ་ཐར། བསྟོད་ཚོགས་དང་ཉམས་མགུར། ཞལ་གདམ་སོགས་པོད་བཅུ་གསུམ་ཙམ་བཞུགས་ཡོད་པ་བཅས་སོ།།
གསུང་ལས་སྐྱེས་པའི་རྒྱུན་འཛིན་ཞལ་སློབ་ཀྱི་སྐོར།
ཁོང་གི་ཞལ་སློབ་ནམ་མཁའི་སྐར་ཚོགས་ལྟར་བྱོན་པའི་ནང་ནས། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང། རྫོང་གསར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། རྨེ་བ་མཁན་པོ་ཚེ་དབང་རིག་འཛིན། མུ་ར་སྤྲུལ་སྐུ་པདྨ་ནོར་བུ། མཁན་ཐུབ་བསྟན་སྙན་གྲགས། གངས་དཀར་སྤྲུལ་སྐུ་བཤད་སྒྲུབ་ཆོས་ཀྱི་སེང་གེ། མཁན་པོ་པདྨ་ཚེ་དབང། དབོན་སྟོན་མཁན་པོ་མཁྱེན་རབ་ཆོས་ཀྱི་འོད་ཟེར། གཞན་ར་ཧོར་མཁན་པོ་ཆོས་གྲགས། གསེར་ཁ་ཆོས་གྲགས། ཨ་གྲོལ་མཁན་པོ་ཡེ་ཤེས་རྒྱལ་མཚན། མཁན་པོ་བློ་ལྡན། མཁན་པོ་འཆི་མེད་ཡེ་ཤེས། རྨེ་བ་མཁན་པོ་ནོར་བུ་བསྟན་འཛིན། རྫོགས་ཆེན་མཁན་པོ་ནོར་དབྱངས། མཁན་པོ་ཨ་པཎ་ཆོས་དཔལ། རྫ་སྟོད་ལྕང་མའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་པོ་ཐུབ་དགའ། ཉག་རོང་གུ་རུ་སྤྲུལ་སྐུ། གྲུབ་དབང་ངག་དབང་ནོར་བུ། ཀཿཐོག་མཁན་ཆེན་ངག་དགའ་རིན་པོ་ཆེ། ངོར་ཁང་གསར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་ཆོས་ཀྱི་སྙིང་པོ། ལི་ཐང་སྡེ་གཞུང་སྤྲུལ་སྐུ་ཨ་འཇམ་རིན་པོ་ཆེ། ཟུར་མང་པདྨ་རྣམ་རྒྱལ། མཁན་སྤྲུལ་བདེ་མཆོག་རྡོ་རྗེ། ས་སྐྱའི་བླ་མ་འཇམ་དབྱངས་རྒྱལ་མཚན། ལྷོ་འབྲུག་མཁན་ཆེན་བསྟན་པ་རིན་ཆེན། ཁུ་ནུ་བླ་མ་བསྟན་འཛིན་རྒྱ་མཚོ། དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེ། གཟན་དཀར་བྱ་བྲལ་ཆོས་ཀྱི་སེང་གེ། དཀར་མཛེས་བྲག་དཀར་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས། ས་སྐྱའི་མཁན་ཆེན་ཐུབ་བསྟན་བྱང་ཆུབ། དཀར་མཛེས་སྤང་རི་སྣ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་སོགས་དམ་པ་འདིའི་གསུང་གི་བདུད་རྩི་མནོས་པའི་ཞལ་སློབ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང། དེའི་རྒྱུད་འཛིན་གྱི་སློབ་ཚོགས་མང་པོ་ད་ལྟའི་ཆར་ཡང་བཞུགས་ཡོད།
ཐུན་མོང་མ་ཡིན་པ་གཞན་ལས་ཁྱད་འཕགས་པའི་ཚུལ།
མཁན་ཆེན་གཞན་དགའ་རིན་པོ་ཆེ་ལ་གཞན་གྱིས་ཕུལ་བའི་དངོས་པོ་རྣམས་ནི་སློབ་མ་འཚོ་རྟེན་ཞན་པ་ཅན་རྣམས་གནང་ཞིང། རྒྱུན་གྱི་སྤྱོད་ལམ་མི་ཆེན་བླ་དྲག་རིགས་ཀྱི་ལད་མོ་རྩ་བ་ནས་མི་མཛད་པར་དགེ་སློང་གི་འཚོ་བའི་ཡོ་སྤྱད་བཅུ་གསུམ་དང་ཕྱག་དཔེ་ཙམ་མ་གཏོགས་རྒྱུ་ནོར་ལོངས་སྤྱོད་ལ་མི་དགྱེས་པར་གྲྭ་རྐྱང་དཀྱུས་མའི་འཚོ་བ་ལྟར་མཛད། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་དཔལ་ལྡན་ཟླ་བའི་སྐྱེ་སྤྲུལ་དུ་ངོས་འཛིན་མཛད། མི་ཕམ་རིན་པོ་ཆེས་གཞན་དགའི་གསུང་རྩོམ་རྣམས་ལ་དཔལ་ལྡན་ཟླ་བ་གྲགས་པ་དང་ཀུན་མཁྱེན་ཀློང་ཆེན་པ་རྣམ་གཉིས་ཀྱི་དགོངས་པ་སྲོག་ཏུ་བཟུང་ནས་བཤད་སྒྲུབ་ཀྱི་ཕྲིན་ལས་སྤེལ་བའི་བཀའ་བབས་ཡིན་པར་བཞེད། ཡང་མཁན་ཆེན་ཁོང་ལ་ཀུན་མཁྱེན་ཀློང་ཆེན་པས་ཡེ་ཤེས་སྒྱུ་མའི་སྐུས་རྗེས་སུ་བཟུང་ནས་དོན་བརྒྱུད་ཀྱི་དགོངས་པའི་རྟོགས་པ་ཁོང་གི་ཐུགས་རྒྱུད་ལ་མངའ་བ་སོགས་མཚུངས་པའི་ཟླ་ཐམས་ཅད་དང་བྲལ་བའི་སྐྱེས་ཆེན་དམ་པ་ཞིག་ཡིན་ནོ།།
སངས་རྒྱས་ཀྱི་བསྟན་པ་ལ་མཛད་རྗེས་ཇི་ལྟར་བཞག་པའི་སྐོར།
སངས་རྒྱས་བསྟན་པ་ལ་སྲི་ཞུ་ཇི་ལྟར་མཛད་པའི་ཚུལ་ནི། ཁོང་གི་རྩ་བའི་བླ་མའི་གདན་ས་དགེ་མང་རི་ཁྲོད་དུ་ཕྱི་ལོ་༡༩༠༠ ལོ་ནས་ལོ་གསུམ་ལ་གཞུང་བཀའ་པོད་ལྔ་དང་རྒྱུད་གསང་བ་སྙིང་པོ་སོགས་སྔགས་རྫོགས་ཀྱི་སྐོར་དང། ཐུན་མོང་རིག་གནས་བཅས་ཞལ་ཁྲིད་མཛད་དེ་རྩ་བའི་བླ་མའི་གདན་ས་བསྐྱངས་ནས་སློབ་ཚོགས་རྣམས་ལ་ཆོས་ཀྱིས་ཚིམ་པར་མཛད། ༡༩༠༢ ལོར་མདོ་ཁམས་རྫོགས་ཆེན་ཤྲཱི་སེངྷའི་བཤད་གྲྭར་རྫོགས་ཆེན་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་བཀས་སྐུལ་བ་བཞིན་དབོན་ཨོ་རྒྱན་བསྟན་འཛིན་དང་རྫ་དཔལ་སྤྲུལ་སོགས་ཀྱི་ཐུན་མོང་མ་ཡིན་པའི་གདམ་ངག་གི་འཆད་ཐབས་ལ་བརྟེན་ནས། སྤྱོད་འཇུག་ཆེན་མོ་འཕགས་བོད་མཁས་གྲུབ་རྣམས་ཀྱི་བརྩམས་པའི་གཞུང་འགྲེལ་གསུམ་སྦྲགས་དང་བཞི་སྦྲགས་མཛད་ནས་ཡང་ནས་ཡང་དུ་འཆད་སྤེལ་མཛད། རྒྱ་གཞུང་བཅུ་གསུམ་ཆ་ལག་དང་བཅས་པ་མཁན་ཉིད་ཀྱིས་ཕྱག་མཆན་གནང་བ་གཙོར་བཟུང་ཐོག རྒྱ་གཞུང་བཅུ་གསུམ་རྩ་འགྲེལ་བཅས་པའི་གཞུང་བསྲངས། ཀུན་མཁྱེན་རོང་ཀློང་རྣམ་གཉིས་སོགས་མཁས་གྲུབ་གོང་མ་རྣམས་ཀྱིས་གསུང་གིས་ཟུར་བརྒྱན། གཞན་ཀུན་མཁྱེན་མཚོ་སྣ་བ། རོང་སྟོན་ཤེས་བྱ་ཀུན་གཟིགས། འཇམ་མགོན་ཙོང་ཁ་པ། མཆིམས་བློ་བཟང་དཔལ་ལྡན། ཀུན་མཁྱེན་གོ་རམས་པ། རྒྱལ་དབང་ཀརྨ་པ་ཆོས་གྲགས་རྒྱ་མཚོ། ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ཀྱི་གཞུང་བཀའ་པོད་ལྔའི་འགྲེལ་བཤད་ཀྱི་སྐོར་སོགས་མདོ་ཕྱོགས་ཀྱི་འཆད་ཁྲིད་གནང།
དེ་བཞིན་སྔགས་ཕྱོགས་ནས་མན་ངག་ལྟ་ཕྲེང་། ས་ར་ཧའི་ཕྱག་ཆེན་དོ་ཧ་རྣམས། ཐེག་ཆེན་ཚུལ་འཇུག་དང་གསང་སྙིང་དཀོན་མཆོག་འགྲེལ། དམ་ཚིག་མདོ་རྒྱས། གསང་འགྲེལ་ཕྱོགས་བཅུའི་མུན་སེལ། ཡོན་ཏན་མཛོད། གསང་སྙིང་འགྲེལ་པ་དགོངས་རྒྱན་དང་ཞལ་ལུང་སོགས་དང། འཇིགས་གླིང་གི་ཁྲིད་ཡིག་ཡེ་ཤེས་བླ་མ། ཀུན་མཁྱེན་ཆེན་པོའི་ངལ་གསོ་སྐོར་གསུམ་དང། རོང་ཟོམ་པའི་སྣང་བ་ལྷར་སྒྲུབ། རྫོགས་ཆེན་པདྨ་རིག་འཛིན་གྱི་སྔོན་འགྲོ་ཐར་ལམ་དཀར་པོ། དཔལ་སྤྲུལ་གྱི་ཀུན་བཟང་བླ་མའི་ཞལ་ལུང། བློ་སྦྱོང་དོན་བདུན་མ་སོགས་ཇོ་འབྲོམ་ཡབ་སྲས་ཀྱི་བློ་སྦྱོང་ཁག། ས་སྐྱའི་ཞེན་པ་བཞི་བྲལ། རྗེ་སྒམ་པོ་པའི་ཐར་རྒྱན། དྭགས་བཀྲ་ཤིས་རྣམ་རྒྱལ་གྱི་ཕྱག་ཆེན་ཁྲིད་ཡིག་གཉུག་མའི་དེ་ཉིད་སོགས་སྐལ་ལྡན་གྱི་བུ་སློབ་རྣམས་ལ་གནང། ཁོང་གིས་ཤྲཱི་སིངྷར་བཤད་གྲྭའི་མཁན་པོ་ལོ་བཞི་དང་མཁན་ཟུར་ལྟ་བུ་ལོ་བཞི་བཅས་ཁྱོན་ལོ་བརྒྱད་བཞུགས། གཞན་དཔལ་ས་སྐྱའི་རིང་ལུགས་འཛིན་པ་སྡེ་དགེ་དགོན་ཆེན། རྫོང་གསར་ཁམས་བྱེའི་བཤད་གྲྭ། སྐྱེ་དགུ་དོན་འགྲུབ་གླིང། ཁྲི་འདུ་སྐལ་བཟང་དགོན་པ། འགྲོ་མགོན་བཀའ་བརྒྱུད་པའི་དགོན་པ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་སོགས་སུ་ཕེབས་ནས་གཙོ་བོ་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འདི་ཉིད་གཙིགས་སུ་མཛད་ནས་བཤད་གྲྭ་ཁག་ལ་དཔེ་ཁྲིད་དང་བཤད་གྲྭ་གསར་འཛུགས་སོགས་མཛད་ཡོད།
མཛད་པ་མཐའ་མ་སྐུ་གཤེགས་པའི་སྐོར།
མཁན་ཆེན་གཞན་དགའ་རིན་པོ་ཆེ་སྐུ་ཚེའི་སྨད་ལ་རྒྱ་བོ་ཕུའི་རི་ཁྲོད་དུ་ཡང་གསང་ཨ་ཏི་ཡོ་གའི་ཉམས་ལེན་ལ་གཞོལ་ནས་ཐུན་མཚམས་རྣམས་སུ། ལས་ལྡན་གྱི་བུ་སློབ་མང་པོར་མན་ངག་རྫོགས་པ་ཆེན་པོའི་ཟབ་ཁྲིད་མང་དུ་གནང། ༡༩༢༦ ལོ་དམ་པ་དེ་ཉིད་དགུང་ལོ་ང་དྲུག་པར་སྐུའི་བསྙུན་གཞི་ལྕི་རུ་ཕྱིན་པས། སློབ་ཚོགས་རྣམས་ཀྱིས་བརྟན་བཞུགས་རྒྱས་པ་ཞིག་ཕུལ་ནས་ཅུང་དྲག་སྐྱེད་བྱུང་ཡང། ཀཿཐོག་ཕྱོགས་ཀྱི་བླ་མ་ཞིག་ལ་ཉིན་མང་པོ་ཞིང་ཁམས་ཀྱི་སྣང་བ་ཁོ་ན་ཤར་ནས་སྐུ་གཤེགས་པའི་ཚུལ་སློབ་མ་རྣམས་ཀྱིས་ཞུས་པས། ང་ཡང་དེ་འདྲའི་སྣང་བ་ཞིག་བར་མེད་ཉིན་འགའ་ཐལ་གསུངས་པ་དང། སློབ་མ་རྣམས་ཀྱིས་བླ་མ་རིན་པོ་ཆེ་ཡུན་རིང་མི་བཞུགས་པ་ཤེས། རབ་བྱུང་༡༦ མེ་ཡོས་ཕྱི་ལོ་༡༩༢༧ ལོར་རི་ཁྲོད་དེར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད། བུ་སློབ་གཙོ་བོ་དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་རྒྱལ་པོ། མཁན་ཆེན་ཡོན་ཏན་མགོན་པོ་སོགས་ཐུགས་སྲས་རྣམས་སྐུ་གདུང་ཞུགས་འབུལ་མཛད། རྒྱུད་ནས་གསུངས་པའི་གྲོལ་རྟགས་ནམ་མཁའ་གཡའ་དག་པ་འཇའ་འོད་འཕྲོ་བ་སོགས་བྱུང་ཞིང། རིགས་ལྔའི་ཞིང་ཁམས་སུ་མངོན་སངས་རྒྱས་པའི་རྟགས་གདུང་ཤ་རི་རཾ་སོགས་གདུང་ཆེན་སྣ་ལྔ་སོགས་བྱུང་བ་བཅས་རྫོགས་ཆེན་གཞན་དགའ་རིན་པོ་ཆེའི་རྣམ་ཐར་སྙིང་བསྡུས་སོ།།
རྫོགས་ཆེན་མཁན་པོ་ཆོས་དགས་བྲིས་པའི་རྣམ་ཐར་དང་རྫོགས་ཆེན་ཆོས་འབྱུང་ཆེན་མོ་བཅས་ནས་སྔ་འགྱུར་རིག་འཛིན་རྩོམ་སྒྲིག་ཁང་ནས་བསྡུ་སྒྲིག་ཞུས།། སྔ་འགྱུར་རིག་འཛིན་དུས་དེབ་འདོན་ཐེངས་ལྔ་པ་ལས་དྲངས།
2 Responses
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ༧སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
- ༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་མཛད་རྣམ།
- འཛི་སྒར་བླ་མ་དབང་རྡོར་རིན་པོ་ཆེའི་རྣམ་ཐར།
- མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་མཆོག་གི་མཛད་རྣམ།
- མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་མཛད་རྣམ།
ཐུགས་རྗེ་ཆེ།
ཁྱོད་ཚོའི་དྲ་ཚིགས་འདི་ཕན་ཐོགས་ཤིན་ཏུ་ཆེན་པོ་འདུག
བོད་གངས་རིའི་ལྔོངས་ཀྱི་གལ་ཆེའི་ལོ་རྒྱུས་ལ་བལྟ་དགོས་ན།
ཁམས་སྡེ་དགེའི་གནའ་ཤུལ་དང་དེང་གི་འཕེལ་རྒྱས་མ་གླེང་བར་འགྲོ་ས་མེད་པ་ལྟ་བུ་རེད།
ད་དུང་ཡིག་ཚགས་འདི་རིགས་དར་སྤེལ་གང་ལེགས་གནང་རོགས།